མ་བལྟས་ཚད་མེད་ཀྱི་གློག་བརྙན་རྩེ་གྲ་འོས་སྦྱོར།

           ལོ་གསར་བ་གཞི་ནས་སླེབས་བྱུང་། ཕ་མ་སྤུན་མཆེད་དང་ཕུ་ནུ་མིང་སྲིང་གོ་ཁ་གཅིག་གཅིག་ཏུ་ལྷན་དུ་འཛོམས་ཏེ་ཇ་དང་ཆང་གི་བཅུད་ལ་རོལ་ཅིང་། ཤ་དང་ཐུད་ཀྱི་མངར་ལ་རོལ་ནས་གང་ཞིམ་གང་ཟས་ཀྱི་བྲོ་ཞིམ་གྱི་སྐྱིད་ལ་བདའ་བའི་དུས་མཚུངས་སུ། མིག་གི་ལོངས་སྤྱོད་དང་བསམ་པའི་རྒྱགས་ཕྱེ་ཡང་ཆད་པར་མི་བྱ་བར། ལོ་གསར་གྱི་གུང་གསེང་དེ་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པ་དང་བག་སྤྲོ་བ། སྣང་བ་དྭངས་ཤིང་ལུས་བདེ་སེམས་སྐྱིད་ཅིག་ཡོང་བའི་རྒྱུ་རུ། འདིར་གློག་བརྙན་ཡག་ཤོས་འགའ་འོས་སྦྱོར་བྱ་བ་དགེའོ།།

1612685205136303.jpg

༡.ཏ་ཟིག་གི་ཐོན་མི་སམ་བྷོ་ཊ། «波斯语课»

      ཡ་ཧུ་དཱ་པའི་མིང་ཐོག་ནས་སྐད་གསར་བ་ཞིག་བཟོས་ནས་འཇར་མན་གྱི་དམག་དཔོན་ཞིག་གི་མགོ་སྐོར་བའི་གཏམ་རྒྱུད་ཁྲོད། དམག་འཁྲུག་གི་སྡིག་རྩུབ་དང་མི་གཤིས་ཀྱི་ཉོག་འཛིང་། ཚེ་སྲོག་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བ་དང་བར་སྐབས་སུ་རྡོལ་བའི་མིའི་བློ་རིག་སོགས་སྐབས་རེར་དགོད་བྲོ་བ་དང་སྐབས་རེར་ངུ་སྐྱེན་པ། dark humorཡི་བྲོ་བ་ལྡན་པའི་གློག་བརྙན་ཧ་ཅང་ཡག་པོ་ཞིག

1612685659484968.jpg

༢. པདྨ་འབྱུང་གནས།  «姿三四郎»

            ཁ་ཉིན་སོ་མར་ཨཱ་ཁེ་རཱ་ཡི་བརྩམས་ཆོས་ཆེས་གཞུག་མར་བལྟས་ཚར་རྗེས། དེ་རིང་གཞི་ནས་ཁོང་གི་བརྩམས་ཆོས་ཐོག་མ་འདི་ལ་བལྟས་པ་ཡིན། ཁོང་གི་སྔ་དུས་ཀྱི་བརྩམས་ཆོས་ལ་གོམ་ལོབས་སུ་གྱུར་བའི་ང་རང་ཡུལ་དུས་བརྒལ་ཏེ་ཕྱིར་རྒྱུས་མངའ་ཡོད་པའི་འཇིག་རྟེན་དེ་ལ་ལོག་པའི་སྣང་བ་ཞིག་སྐྱེས། ཆེས་ཐོག་མའི་བརྩམས་ཆོས་ཤིག་གི་ཚད་ནས་གློག་བརྙན་གྱི་ལག་ཐབས་ཧ་ཅང་སྨིན་འདུག་ལ། གཏམ་རྒྱུད་གོ་བདེ་གཏིང་ཟབ་བརྗོད་འདུག མི་སྣ་གཙོ་བོ(三四郎)རྫིང་བུའི་ནང་ནས་ཞག་གཅིག་ལ་བསྡད་དེ་ཞོགས་པའི་ཉི་འོད་འོག་མེ་ཏོག་རིམ་གྱིས་བཞད་པའི་གོ་རིམ་མཐོང་བ་ལས་རྟོག་པ་སད་པའི་ཚུལ་ནི་ང་ཚོ་མི་རིགས་དང་ཐ་དད་ཀྱང་ཆོས་དད་གཅིག་པ་ཡི་ཐུན་མོང་གི་རིག་གནས་ལྟ་གྲུབ་ཅིག་ཏུ་མཐོང་། དེ་བས་ངས་ནི་གློག་བརྙན་འདིའི་མིང་ལ་བོད་སྐད་དུ(ཆུ་སྐྱེས)སམ་ཡང་ན(པདྨ་འབྱུང་གནས)སུ་འབོད་འདོད།

1612685713128299.jpg

༣. རུམ་ལག་ཅན་གྱི་དྲག་རྩལ་བ། «用心棒»

           རུམ་ལག་ཅན་གྱི་དྲག་རྩལ་པ།། རལ་གྲི་གཡུགས་ཚེ་ཐོག་བཞིན་མྱུར།། ངན་པ་གཉའ་རེངས་འཇོམས་པའི་དགྲ།། ཉམ་ཐག་སྲོག་ལས་སྐྱོབ་པའི་གྲོགས།། འདོད་སྲེད་རྒྱུ་ནོར་རིང་དུ་བསྐྱུར།། བདེན་འཛིན་དཔའ་བོའི་སྙིང་སྟོབས་སྲུང་།། འདི་ནི་ཁུ་རུ་སཱ་ཝ་ཡི།། བརྙན་གྱི་སྒྱུ་རྩལ་ལས་བཞེངས་པའི།། ནག་ཉེས་གྲོང་གི་མགོན་སྐྱབས་ཏེ།། འཁྱམ་པོའི་གཟུགས་ལ་སྤྲུལ་བའི་སྐུ།། འཇིག་རྟེན་སྐྱེ་བོ་སུ་ཞིག་གིས།། ཞབས་ལ་འདུད་ཅིང་གུས་པའི་གནས།། ཅི་ལ་མིན་ཏེ་ཕྱག་འཚལ་ལོ།།

1612686008388146.jpg

༤. མི་འདྲེ་གོས་ལྷ། «冒牌上尉»

          ངོ་མ་སྐྲག་ཐག་ཆོད་སོང་།  ཐ་ཤལ་བའི་ལག་ལ་དབང་ཆ་ཤོར་དུས། སྨྱོན་པའི་ལག་ལ་རལ་གྲི་ཟེར་ནོ་རེད། ཡིན་ཡང་དེ་ལས་ཀྱང་འཇིགས་སུ་རུང་བ་ནི་ལྭ་བ་ཞིག་ལ་དེ་འདྲའི་སྒྱུ་འཕྲུལ་ལྡན་པ་སྟེ། ལོ་ན་བཅུ་དགུ་ལས་མེད་པའི་ན་ཆུང་ཞིག་གིས་ལྭ་བ་ཞིག་ལ་བརྟེན་ནས་དབང་ཆ་རག་ཅིང་ལོ་རྒྱུས་ཐོག་མིང་གྲགས་ཆོད་པའི་དམར་གསོད་དང་ལོག་སྤྱོད་སྤེལ། འདི་ནི་མི་གཤིས་ཀྱི་སྐྱོ་གར་ཞིག་སྟེ། མི་འདྲེ་དང་གོས་ལྷ་ཟེར་བ་ལྟར། མི་ཞིག་གི་ནང་རྫོང་མི་གཙོ་བར་ཕྱི་ལུས་ཀྱི་རྒྱན་གོས་གཙོ་ཞིང་། དབང་ཐང་དང་རིན་ཐང་གི་རྟགས་མཚན་དུ་འཛིན་པའོ།།

1612686220921654.jpg

༥. ཇོ་མོ་གླང་མའི་གད་ཕྱག་པ། «珠峰清道夫»

              མིའི་ནུས་ཤུགས་ཀྱི་ཚད་མཐའ་བརྒལ་ཀྱང་རང་སྲོག་འབེན་དུ་འཇོག་ཐུབ་པའི་རི་འཛེག་མཁན་རྣམས་ཀྱི་སྙིང་རུས་དང་སྤོབས་པ་ལ་ཡི་རང་དང་བསྟོད་འོས་པའི་གནས་ཡིན་ཀྱང་། ལ་ཤས་ཀྱིས་ནི་མི་རང་སྒེར་གྱི་དགའ་ཕྱོགས་དང་མཚན་སྙན་གྱི་ཆེད་དང་། ལ་ཤས་ཀྱིས་མིའི་རིགས་ཀྱི་བདེ་སྡུག་དང་ཆགས་འཇིག་གི་ཆེད་དུ་ཡིན་པས། ཀུན་སློང་མི་འདྲ་བའི་དབང་གིས་དོན་སྙིང་ཡང་མི་འདྲ་བ་བསྐྲུན་དང་སྐྲུན་བཞིན་འདུག «ཇོ་མོ་གླང་མའི་གད་ཕྱག་པ»སྟེ། ཤར་བའི་ཕོ་རྒོད་འདི་ཚོ་ནི་ཕྱི་མ་ལ་གཏོགས་པས་ཁོང་ཅག་གི་བྱ་བཞག་བླ་ན་མ་མཆིས་པ་ལ་མིའི་རིགས་ཡོངས་ཀྱིས་མ་ཎི་བགྲང་འོས།

1612686365622583.jpg

༦. སྐྱེས་ཕོ་རབ། «黄昏的清卫兵»

         ངེས་པ་དོན་གྱི་ཕོ་རབ། འདོད་ཆུང་ཆོག་ཤེས་ནི་རང་གིས་མ་ནུས་པ་ཞིག་ལ་མི་ཟེར་ཏེ། ནུས་བཞིན་དུ་འདོད་རྔམ་དང་ཧབ་ཐོབ་ལ་ཚོད་འཛིན་ཐུབ་པ་ལ་ཟེར་བར་འདོད། འདི་ནི་ཉི་ཧོང་གི་དྲག་རྩལ་བའི་སྙིང་སྟོབས་ཤིག་ཡིན་ཡང་། དྲག་རྩལ་པ་དང་དྲག་རྩལ་པའི་སྙིང་སྟོབས་དེ་གློག་བརྙན་གྱི་མིང་དང་འདྲ་བར་སྲོད་ཁའི་ཉི་མ་བཞིན་ནུབ་ལ་ཉེ་བས། གློག་བརྙན་གང་དེ་བརྩེ་བས་ཁེངས་ཡོད་ནའང་སྐྱོ་གདུང་གི་ཁ་དོག་ཞིག་གིས་ཡོངས་སུ་གཡོགས་འདུག

353676978 (1).jpg

༧. ང་ཚོའི་འཇིག་རྟེན། «我们的世界»

          བྱིས་པའི་འཇིག་རྟེན། བྱིས་པའི་མཐོང་སྣང་ལས་ཕབ་པའི་གློག་བརྙན་འདི་ཡི་བརྩེ་དུང་ཞིབ་ཚགས་ཆེ་ལ། ཐུགས་ཁུར་གྱི་ཟུར་ལས་བུད་མེད་ཀྱི་བརྗོད་བྱ་རླབས་ཆེ་བར་སྙམ། བུད་མེད་ཀྱི་ནང་སེམས་ནི་ཆུང་དུས་ནས་ཚོར་སྐྱེན་ཟབ་ལ་ཉོག་འཛིང་ཆེ་བ་ཞིག་ཨང་། ང་ཚོ་ཚང་མ་ལ་འདི་དང་འདི་འདྲའི་གཏམ་རྒྱུད་དེ། མཛའ་གཅུགས་ལས་དང་ཐོག་གི་ཨ་གསར་དང་དེ་རྗེས་ཀྱི་རྒྱབ་འགལ། ཐ་ན་འཁོན་འཛིང་སོགས་ཡོད་སྲིད། གློག་བརྙན་དུ་ང་རང་ལ་བག་ཆགས་ཆེས་ཟབ་པ་ནི་མི་སྣ་གཙོ་བོའི་ནུ་བོ་ཆུང་ཆུང་དེའི་ཁ་ལས་ཅི་མི་སྙམ་པར་ཐོན་པའི་སྐད་ཆ་སྙིང་རྗེ་བོ་ཞིག་སྟེ། ཨ་ཅེས་ཁོ་ལ་ཁྱོད་ཀྱི་རྩེད་གྲོགས་དེས་ནམ་རྒྱུན་ཁྱོད་ལ་གཅར་ནའང་ཁྱོད་ད་དུང་ཁོ་དང་མཉམ་དུ་རྩེ་དོན་ཅི་ཡིན་ཞེས་དྲིས་པར། ཁོས་ལན་དུ། ངས་ཀྱང་ཕྱིར་ཁོར་གཅར་ཡོད། ཡིན་ཡང་ཁོས་ཡང་སྐྱིན་པར་ང་ལ་གཅར་བྱུང་། དེ་ནས་ངེད་གཉིས་མཉམ་དུ་རྩེ་བ་ཡིན་ཞེས་ཟེར། ཨ་ཅེས་ཁོ་ལ་དེ་ན་ཁྱོད་ཀྱིས་ཕྱིར་ཁོར་མི་གཅར་དོན་ཅི་ཡིན་ཟེར་བར། ཁོས་ལན་དུ། དེ་ན་ངེད་གཉིས་ནམ་ཞིག་ལ་རྩེ་ཐུབ་ཨང་། ང་རྩེ་ན་འདོད་ཟེར། སྐད་ཆ་འདི་ནི་ཅི་འདྲའི་ཡིད་དུ་འོང་ཞིང་གནས་ལུགས་ཀྱིས་ཕྱུག་པ་ཞིག་རེད་ཨང་། ལེགས་བཤད་བྱིས་པའི་ཁ་ན་ཟེར་བ་ཅི་མ་བདེན། སྐད་ཆ་འདི་ནི་གློག་བརྙན་འདི་ཡི་ཆེས་གནད་འགག་གམ་མཐོ་རླབས་མཚོན་བྱེད་ཅིག་ཏུའང་མཐོང་།

1612686878127128.jpg

༨. བུད་མེད་དང་རྔོན་ཁྱི། «美女与猎犬»

          མུ་སི་ལིམ་གྱི་ཆོས་དར་ས་ན་བུད་མེད་ཚོར་དངོས་ནས་མགོ་འགྱོག་ས་མི་འདུག འདིར་བརྙན་མིག་རིང་པོ་དགུ་ཡི་སྟེང་ནས་སློབ་ཆེན་བུ་མོ་ཞིག་གིས་ཞག་གཅིག་ལ་རྒྱལ་ཁབ་འཕྲུལ་ཆས་ཀྱི་སོ་ཁ་ནས་བུད་མེད་ཅིག་གིས་ཐེག་དཀའ་བའི་བརྙས་བཅོས་དང་འཇིགས་སྐྲག ཡི་ཆད་བསམ་ཡུལ་ལས་འདས་པ་མྱངས་པ་བརྒྱུད། རྒྱལ་ཁབ་གང་དེའི་དབང་སྒྱུར་གྲལ་རིམ་གྱི་རུལ་སུངས་དང་ཆོས་ལུགས་དང་སྤྱི་ཚོགས་ཀྱིས་བུད་མེད་ལ་བཟུང་བའི་མི་ཆོས་མ་ཡིན་པའི་བཀག་རྒྱ། ཐ་ན་ཁྱིམ་ཚང་དང་ཕ་མའང་གནད་འགག་གི་སྐབས་སུ་བུད་མེད་ཀྱི་འགེབས་སྲུང་མི་ཉན་པའི་གནས་བབས་ལ་ཐད་ཀར་ཚ་འདྲི་བྱས་འདུག གློག་བརྙན་ལ་རོལ་བའི་སྐབས་གློག་བརྙན་ཁྲོད་ཀྱི་མི་སྣ་དང་མཉམ་དུ་བལྟ་མཁན་ལའང་དེ་དང་དེ་བཞིན་གྱི་དངངས་སྐྲག་བསྐྱེད་ཐུབ། ཡིན་ཡང་། བསྟོད་འོས་པ་ཞིག་ལ་ཐུ་ནི་སི་རྒྱལ་ཁབ་དུ་འདི་འདྲའི་གློག་བརྙན་ཕུད་ཆོག་པ་ནི་རྒྱལ་ཁབ་དེ་ཉིད་ཀྱི་ཁོག་རྒྱ་དང་མ་འོངས་པར་ལམ་ཡངས་པོ་ཞིག་ཏུ་འགྲོ་ཐུབ་པ་དང་། བུད་མེད་ཚོ་ལའང་སྐྱིད་པའི་ཉི་མ་འཆར་ཐུབ་པའི་སྔ་ལྟས་སུ་མཐོང་ངོ་། །

1612686996730249.jpg

༩. དམར་པོ་སྙིང་གི་མཆོད་པ། «切腹»

         མི་སྣའི་ཞིབ་བརྗོད་དང་ཕྱིར་དྲན་གྱི་དོན་བརྗོད་ཐབས་ལམ་སྤྱད་པས«ར་ཤོ་མོན» «罗生门»དང་འདྲ་ལ། ཉི་ཧོང་དྲག་རྩལ་ལུགས་ཀྱི་སྙིང་སྟོབས་དང་གནས་སྟངས་ཞིབ་འབྲི་ཡི་བརྗོད་དོན་བཟུང་ཡོད་པས«དྲག་རྩལ་པ་བདུན» «七武士»གྱི་གྲིབ་མའང་འདུག  དེ་ནི་གཞུང་རྩོམ་མཁན(桥本忍)གྱི་འཁྲབ་གཞུང་གི་ནུས་ཤུགས་ཡིན་སྲིད།  གློག་བརྙན་ཁྲོད་དུ་དྲག་རྩལ་གྱི་རྣམ་པ་མང་བོ་མེད་མོད། རེ་གཉིས་ཡོད་པ་ལ་དམར་འཛིང་གི་གདུག་རྩུབ་མེད་པར་གར་གྱི་སྟངས་སྟབས་ལྟ་བུའི་མཛེས་ཉམས་ཀྱིས་ཕྱུག་ལ། གང་ལ་གང་དགོས་ཀྱི་གནད་ཀ་ཙམ་ལས་མི་དགོས་པའི་ཞིབ་འབྲི་དང་འུད་བརྗོད་མེད་པར། བརྙན་མིག་ཧ་ཅང་གཙང་ལ་འཕྲལ་ཐག་ཆོད་པ་ཞིག་རེད། མཐའ་མཇུག་དྲག་རྩལ་བ་རྒན་པོས་གཅིག་གིས་བརྒྱ་ལ་འགྲན་པའི་དཔའ་ཉམས་ངོམ་རྗེས་ཤི་གསོན་སྲོག་ཏུ་འཛིན་པའི་དྲག་རྩལ་པའི་ལུགས་ལ་གསུས་ཁོག་གཤག་སྟེ་དམར་བོ་སྙིང་གི་མཆོད་པ་འབུལ་བའི་རྣམ་པ་དེ་ཡིས་ལྟད་མོ་བའི་ཡིད་སེམས་དྲག་ཏུ་གཡོ་བར་བྱེད་ཀྱང་གློག་བརྙན་གང་དེ་སྒྱུ་རྩལ་གྱི་མཐོ་ས་རུ་བསྐྱལ་ཏེ། ཉི་ཧོང་དྲག་རྩལ་ལུགས་ཀྱི་བླ་ན་མཐོ་བའི་སྙིང་སྟོབས་དང་གསུས་པ་གཤག་པའི་ཆོ་ག་ལ་དྲང་བདེན་སྤྲད་པ་དང་། མི་རྣམས་ཀྱི་རང་སྣང་གི་བདེན་ལུགས་ལ་ཚ་འདྲི་ནན་མོ་བགྱིས་འདུག

49442-676580098 (2).jpg

༡༠. སྒྲ་མེད་ཀྱི་འགད་གཏོར།«暴裂无声»

        སྣེ་མང་དོན་བརྗོད་ཀྱི་ཐབས་ལམ་དང་། གབ་དོན་དང་མཚོན་རྟགས་མང་པོ་སྤྱད་པ་དང་། གཏམ་རྒྱུད་ཀྱི་མགོ་མཇུག་བར་གསུམ་དུ་དོགས་སློང་གིས་ཁེངས་པས། ལྟད་མོ་བའི་རྣམ་རིག་གློག་བརྙན་ནང་དུ་ཁྲིད་པར་བྱེད་པ། གློག་བརྙན་མཇུག་རྫོགས་རྗེས་ལྟད་མོ་བའི་སེམས་ཀྱི་དོགས་གཞི་ལ་མངོན་གསལ་གྱི་གསལ་ཁ་བཏོན་མེད་པས་བསམ་གཞིགས་ཀྱི་ཀློང་ལ་གཡུགས་ཀྱང་། གྲལ་རིམ་སོ་སོའི་མི་ཡི་ངོ་གདོང་དམར་རྗེན་དུ་བཤུས་ནས་སྤྱི་ཚོགས་ཀྱི་དངོས་ཡོད་གནད་དོན་ལ་ཚ་འདྲ་ནན་མོ་བྱས་འདུག ཀྲུང་གོའི་གློག་བརྙན་ལས་བརྗོད་བྱ་རྣོ་ངར་ཅན་དང་གློག་བརྙན་སྐད་བརྡ་གནད་འཕིགས་ཅན། འཁྲབ་སྟོན་ཡང་ཧ་ཅང་ལེགས་པའི་གློག་བརྙན་ལེགས་ཤོས་ཤིག་ཏུ་འདོད།


  • ཟུར་བཀོད།

             རྫོང་སར་ཚང་གིས་ངོ་སྤྲད་པའི་གློག་བརྙན་བཞི། http://www.filmtbt.com/remark/introduction/2015-08-06/438.html

             འཛམ་གླིང་སྟེང་གྲགས་ཆེ་བའི་འགུལ་རིས་བརྙན་ཐུང་སྐོར་ཞིག http://www.filmtbt.com/remark/introduction/2015-04-12/414.html

            པད་མ་ཚེ་བརྟན། དགའ་སའི་གློག་བརྙན་བཅུ། http://www.filmtbt.com/active/activity/2015-01-22/390.htmlགསལ་བཤད། མང་པོ་ཞིག་ད་ལྟ་འཆར་གྱིན་མི་འདུག) 

             ཆོས་ཉིད་དབང་མོ། ང་རང་ཆེས་དགའ་ཤོས་ཀྱི་གློག་བརྙན་བཅུ། http://www.filmtbt.com/active/activity/2014-11-10/330.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།