གློག་བརྙན་ཟིན་བྲིས།

1630386430529204.jpg

           «འགྲུལ་བཞུད་པ»ཞེས་པའི་གློག་བརྙན་འདི་ནི། ཚན་རིག་རྟོག་བཏགས་རིགས་ཀྱི་གློག་བརྙན་ཞིག་ཡིན།  གློག་བརྙན་འདིའི་གྲས་ཀྱིས་ཚན་རིག་གི་དོན་དངོས་གཞིར་བཅོལ་ཏེ་མིའི་རིགས་ཀྱི་འབྱུང་འགྱུར་ལོ་རྒྱུས་ཁྲོད་ཡོང་སྲིད་པའི་གནད་དོན་རྣམས། འུ་ཅག་ལྟད་མོ་བའི་མིག་མདུན་དུ་གསོན་ཉམས་ལྡན་པའི་ངང་འབྲི་བཞེངས་བྱེད་པ་ཡིན།

         ད་ནི་བརྗོད་གཞི་དངོས་ལ་བབས་ཏེ་བཤད་ན། «འགྲུལ་བཞུད་པ»ཞེས་པའི་རྟོག་བཏགས་གློག་བརྙན་འདིས། འོད་ལོ་དྲུག་བཅུའི་ཕ་རོལ་ཏུ་ཡོད་པའི་གོ་ལ་ཞིག་སྟེ། ཁྱིམ་གཉིས་པ་ཞེས་འབོད་པའི་གོ་ལའི་སྟེང་གཞིས་ཆགས་པར་བསྐྱོད་པའི་འགྲུལ་བ་སྟོང་ཕྲག་མང་པོ་ཞིག་གི་འགྲུལ་བཞུད་ཁྲོད་བྱུང་བའི་དོན་རྐྱེན་ཞིག་བརྗོད་ཀྱི་ཡོད།

        ཚན་རིག་གི་དོན་དངོས་བཞིན་འོད་ལོའམ། ལོ་གཅིག་རིང་གི་འོད་ཀྱི་འགྲུལ་བཞུད་མྱུར་ཚད་ནི། ཀེ་ལོ་མེ་ཊིར་དཀྲིགས་ཆེན་པོ་4.6ཡིན་ལ། དེ་ལྟ་བུའི་ལོ་ངོ་དཀྲིགས་ཆེན་པོ་དྲུག་བཅུའི་ཕ་རོལ་དུ་མིས་འགྲུལ་བཞུད་བྱེད་དགོས་ན། མིའི་ཚེ་ཚད་ཀྱིས་མི་འདང་བའི་དཀའ་ངལ་ཡོད་པ་ནི་སྨོས་མེད་ཡིན།

       དེར་བརྟེན། གློག་བརྙན་འདིའི་ནང་གི་འགྲུལ་བཞུད་པ་རྣམས་ལ་ཚན་རིག་ལག་རྩལ་བརྒྱུད་གཉིད་འགུགས་ལྟ་བུའི་བྱེད་ཐབས་སྤྱད་དེ། དེ་དག་གི་ལུས་དང་རྣམ་ཤེས་འཕྲུལ་སྒམ་དུ་ལོ་ངོ་དཀྲིགས་ཆེན་པོ་མང་པོའི་རིང་གསོན་ཉར་བྱས་ནས། དམིགས་འབེན་རྒྱང་རིང་གི་གོ་ལ་དེར་འབྱོར་བར་ཉེ་སྐབས། འགྲུལ་བཞུད་པ་རྣམས་བར་སྣང་འཕུར་གྲུ་ཆེན་མོ་ནས་སླར་སད་དུ་འཇུག་པའི་འགྲུལ་བཞུད་ཅིག་བྱེད་ཀྱི་ཡོད།

      སའི་གོ་ལ་ནས་འོད་ལོ་དཀྲིགས་ཆེན་པོ་དྲུག་ཅུའི་ཕ་རོལ་ཏེ། ཁྱིམ་གཉིས་པ་ཞེས་པའི་གོ་ལ་དེར་འབྱོར་རྒྱུར་ལོ་ངོ་དགུ་བཅུ་དང་། བདུན་ཕྲག་གསུམ། ཉིན་གཅིག་བཅས་ཡོད་པའི་སྐབས། སྟབས་མ་ལེགས་པར་འགྲུལ་བཞུད་པ་དེ་དག་ལས་ཇེམ་སི་ཞེས་པའི་འགྲུལ་བཞུད་པ་ཕོ་གཞོན་ཞིག་གི་འཕྲུལ་སྒམ་ལ་སྐྱོན་ཤོར་ནས། རང་འགུལ་གྱིས་ཁོ་གཉིད་ལས་སད་དེ་ཕྱི་རོལ་དུ་ཐོན་དགོས་བྱུང་བ་དང་། སྐར་འགྲུལ་བར་སྣང་འཕུར་གྲུའི་ནང་ཇེམ་སི་འཚོ་གནས་བྱེད་པའི་ཆ་རྐྱེན་ཚང་མ་ཡོད་ཀྱང་། ད་དུང་ལོ་ངོ་དགུ་བཅུའི་རིང་སྟོང་སང་ངེར་འདུག་ངེས་པའི་བར་སྣང་འཕུར་གྲུ་ཆེན་པོ་དེའི་ནང་། ཕོ་གཞོན་ཁོང་ཅི་བྱ་གཏོལ་མེད་དུ་གྱུར། ཁོ་པ་བར་སྣང་འཕུར་གྲུའི་ནང་ནས་གང་སར་རྒྱུགས་ཀྱང་། འགྲུལ་བཞུད་པ་སྟོང་ཕྲག་མང་པོ་ཤོང་བའི་ཆང་ཁང་ཚོམས་ཆེན་གྱི་སྣེ་ལེན་པ་འཕྲུལ་ཆས་ཀྱི་མི་གཅིག་པུ་ལས་སུ་ལ་ཡང་ཐུག་རྒྱུ་མ་བྱུང་། སྐབས་འདིར་མི་ཞིག་ཐུག་རྒྱུ་ཅི་ལ་ཡོད་དེ། ད་དུང་འགྲུལ་བཞུད་པ་རྣམས་འཕྲུལ་སྒམ་ལས་ལོ་ངོ་དགུ་བཅུ་ལ་གཉིད་དགོས་པ་མ་ཡིན་ནམ།

        ཇེམ་སི་ནི་ཕོ་གཞོན་འཕྲུལ་ལས་ལག་རྩལ་ཅན་ཞིག་ཀྱང་ཡིན་པས། ཁོས་འགྲུལ་བཞུད་པ་དག་ལས་གཅིག་གི་འཕྲུལ་སྒམ་རྟོལ་ནས། རང་ཉིད་ལ་མཛའ་མོ་ཞིག་གཉིད་ལས་སློང་རྒྱུར་འདེམ་སྲིད་མོད། ཁོ་གཉིས་ཀྱི་མི་ཚེ་ཧྲིལ་པོ་བར་སྣང་འཕུར་གྲུ་ཆེན་པོ་འདིའི་ནང་། འཕྲུལ་ཆས་ཀྱི་མི་གཅིག་ལས་གཞན་སུ་ཡང་མེད་པར་སྐྱེལ་དགོས་པར་བསམ་བློ་བཏང་ནས། ཇེམ་སིས་ཧ་ཅང་སྒྲུབ་དཀའ་བའི་ལས་ཀ་དེ་བྱེད་ཕོད་དམ།

      ཀློག་པ་པོ་ལགས་ད་ནི་ཁྱེད་རང་གློག་བརྙན་དེ་དངོས་ལ་ཞུགས་ནས་རོལ་མྱོང་གནང་བར་བྱ། དབྱིན་ཡིག་ནང་passengersཞེས་པའི་གློག་བརྙན་འདི་དྲ་ཐོག་གློག་བརྙན་མཛོད་དམ། དབྱིན་ཡིག་ནང་Nitflixཞེས་པ་ལས་བལྟ་ཐུབ།

       གློག་བརྙན་བལྟས་རྗེས་ཀྱི་ཟིན་བྲིས་ཤིག་ལས་གློག་བརྙན་དེའི་ཡོད་ཚད་རྟོགས་དཀའ་བ་ཕྲན་གྱིས་གསལ་པོ་ཤེས་ཡོད་པས། སྐུ་ཉིད་ཀྱིས་གཟིགས་རྒྱུ་མ་བརྗེད་དང་། ཕྲན་གྱིས་ཆེད་དུ་དམིགས་ནས་ད་དུང་ཧ་ཅང་མང་པོ་ཞིག་བཤད་མེད།

     ཞོར་དུ་བཤད་རྒྱུ་ཞིག་ལ་དེབ་དང་གློག་བརྙན་བལྟས་ཟིན་ནང་དེ་དག་གི་སྐོར་ཡོད་ཚད་འབྲི་བ་ནི། རྗེས་སུ་དེ་དག་བལྟ་ཀློག་བྱེད་མཁན་གྱིས་རང་ངོས་ནས་རོལ་མྱོང་ཆ་ཚང་ཞིག་བྱེད་པའི་དབང་ཆ་འཕྲོག་པར་ཡང་ངེས་སོ། །

         གློག་བརྙན་འདི་ཁྱེད་ཀྱིས་ངེས་པར་གཟིགས་དང་བློ་འགྱོད་མི་སྐྱེ་བ་ངས་ཁག་ཐེག་བྱས་ཆོག ད་བདེ་མོ། །

དཔྱད་མཆན་ཡོད།