གློག་བརྙན་གྱི་བསླུ་བྲིད།

             ཉིན་དེརDVDའོད་སྡེར་འཚོང་ས་ཞིག་ནས༢༠༠༦ལོར་ཕབ་བསྐྲུན་བྱས་པའི་གློག་བརྙན༢༠ལྷག་ཉོས་ལ་ད་ལྟ་དེ་དག་ཕལ་ཆེ་བར་བལྟས་ནས་ཚར་གྱིན་ཡོད། མཚམས་ལན་རེར་མིག་གི་དགའ་སྟོན་དང་རྣ་བའི་དཔྱིད་དཔལ་ཙམ་ལས་སེམས་སུ་ལོངས་སྤྱོད་དུ་མི་འགྱུར་བའི་གློག་བརྙན་ཁ་ཤས་ལ་དཔེ་ཆ་ཀློག་པའམ་རྩོམ་འབྲི་བའི་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་རྒྱུ་མཚན་དུ་བྱས་ནས་ལེ་བདའ་གཏོང་དགོས་པའང་ཡོད། འོན་ཀྱང་གློག་བརྙན་རེ་འགས་ཁོ་བོ་བསམ་གཞིགས་ཟབ་མོའི་གཏིང་དུ་འབྱིང་བར་བྱེད་ལ་ཁོ་བོ་དང་སྒྱུ་འཕྲུལ་གྱི་འཇིག་རྟེན་དེ་གཉིས་ཀྱི་བར་ཐག་བཏུངས་པར་བྱས་ཏེ་འཁྲབ་སྟོན་པ་དག་ལ་དངོས་སུ་མཇལ་གྱིན་པ་ལྟ་བུའི་ཚོར་བའང་འབྱུང་གིན་ཡོད། སྤྱིར་ན་གློག་བརྙན་ཞིག་ལེགས་པོར་ལོངས་སུ་སྤྱད་དགོས་ཚེ་གློག་བརྙན་ཁང་དུ་འགྲོ་དགོས་ཀྱང་ཁོ་བོས་གཞིས་བཅའ་སའི་ཡུལ་འདིར་གློག་བརྙན་ཁང་ལྟ་ཅི་ཟློས་གར་ཁང་ཆུང་ཆུང་ཞིག་ཀྱང་མེད་པསDVDའོད་སྡེར་ཉོ་རྒྱུ་མ་གཏོགས་ཐབས་གཞན་ཡོད་པ་མ་རེད། ཕ་རན་སིའི་དབང་གྲགས་ཅན་གྱི་འཁྲབ་ཁྲིད་པ་ཟོར་པེ་ལུའུ་ཡིས༼ གལ་ཏེ་གློག་བརྙན་ཁང་ལས་གློག་བརྙན་ལ་ལྟ་བ་ནི་བུ་མོ་ཞིག་ལ་འོ་བྱེད་པའི་དཔེ་རུ་བཞག་ན་འོད་སྡེར་ཉོས་ཏེ་ཁྱིམ་ནས་ལྟ་བ་ནི་བུ་མོ་དེའི་འདྲ་པར་ལ་འོ་བྱེད་པ་དང་གཉིས་སུ་མ་མཆིས་སོ ༽ཞེས་གླེང་མྱོང་བས་ང་ཚོ་གྲོང་རྡལ་གྱི་མི་འོད་སྡེར་ལས་གློག་བརྙན་ལ་ལྟ་མཁན་ཚོས་གློག་བཪྙན་སྒྱུ་རྩལ་གྱི་ཆ་ཅི་ཙམ་ཞིག་རོལ་མྱོང་བྱེད་ཐུབ་པ་ཞར་དུ་རྟོགས་ཐུབ། གང་ལྟར་ཁོ་བོར་མཚོན་ན་གློག་བརྙན་ནི་སྒྱུ་རྩལ་གྱི་རྣམ་པ་གཞན་དག་དང་འདྲ་བར་བསླུ་བྲིད་རིགས་ཤིག་ཡིན་པས་དུས་རྒྱུན་པར༼ བུ་མོ་དེའི་འདྲ་པར ༽ལ་ཅི་ནུས་ཀྱིས་འོ་བྱེད་ཀྱིན་ཡོད།

            ཆུང་ངུའི་དུས་ཏེ་ལོ་དྲུག་བདུན་གྱི་སྐབས་དེར་ངེད་ཚང་གི་རུ་རྨ་ཆུའི་འགྲམ་དུ་ཡོད་ལ་སྐབས་དེར་སྲིད་གཞུང་གིས་རྨ་ཆུར་དཔྱངས་ཟམ་ཞིག་བཟོ་བཞིན་ཡོད་ཅིང་མཚན་མོར་བཟོ་བ་ཚོར་གློག་བཪྙན་སྟོན་བཞིན་ཡོད།ཉིན་རེ་རེའི་སྲོད་ཁར་སླེབས་པའི་སྐབས་སུ་དུས་ལས་མི་ཡོལ་བར་གློག་བཪྙན་སྟོན་སའི་རས་དཀར་བོ་དེ་ཡར་བསྒྲེངས་མ་ཐག་ཁོ་བོ་ནུབ་འཚལ་ཡང་འཐུང་མོས་མེད་པར་གློག་བཪྙན་ལ་ལྟ་འདོད་ཀྱི་ཟུག་རྔུས་མནར་བར་བྱེད་པས་པཱ་ལགས་ལ་མྱུར་ཏུ་འགྲོ་བའི་རེ་བ་འདོན་སྲིད། ནང་དུ་སོད་སོད་རྒྱོབས་རྒྱོབས་ཀྱི་སྒྲས་ཁེངས་པའི་གསར་བརྗེའི་གློག་བཪྙན་ནམ་དྲག་རྩལ་གློག་བཪྙན་དེ་དག་བལྟས་ཚར་རྗེས་སླར་ཡང་རྨི་ལམ་དུ་འཁོར་ཡོང་ལ་ནམ་སད་རྗེས་ལད་མོ་བྱ་སར་འགྱུར་སྲིད། ལོ་གཉིས་གསུམ་ཙམ་གྱི་རྗེས་ནས་ང་དང་གྲོགས་པོ་ཚོས་ག་ས་ག་ནས་རིགས་མི་འདྲ་བའི༼འཁྲབ་སྟོན༽བྱས་ལ་ཉིན་ཞིག་ཕུ་བོ་ལྷ་བཟོ་དེས་ཤོག་སྒམ་ཆེན་པོ་ཞིག་བཪྙན་འཕྲིན་གྱི་དབྱིབས་སུ་བཟོས་རྗེས་ང་རང་དེའི་ནང་དུ་བཅུག་ནས༼གསར་འགྱུར༽བཤད་དུ་བཅུག ལྟད་མོ་བ་ཉུང་ཤས་ཤིག་ལས་མེད་ཀྱང་མི་རེའི་ལག་ནས་སྐར་མ་ལྔའི་རིན་གྱི་སྤ་སེའི་རིན་བསྡུས་པ་ད་ལྟའང་ཡིད་ལ་ཝ་ལེར་དྲན།

                       200472124736.8469791.jpg

              ནར་སོན་པའི་གོ་རིམ་ནང་དུ་ཧང་གང་གི་ནག་ཚོགས་གློག་བཪྙན་དང་། རྒྱ་གར་གྱི་བརྩེ་དུང་གི་གློག་བཪྙན། ཧོ་ལེ་ཝོ་ཡི་དཔའ་བོའི་གློག་བཪྙན་མང་དག་ཅིག་ལ་འཕྲོ་རིམ་འཕྲོར་བལྟས་ཤིང་རིམ་གྱིས་ཚོས་ཁ་དང་། རོལ་དབྱངས། པར་གཞི། མི་སྣ། ཁ་བརྡ། འགྱུར་ཁུག་སོགས་ལའང་དོ་སྣང་བྱེད་མགོ་ཚུགས་པ་དང་། མཇུག་འབྲས་ཅི་ཞིག་ཡིན་པ་སྔ་མོ་ནས་ཤེས་ཐུབ་ཅིང་། བྱུང་རིམ་བཀོད་སྒྲིག་ལ་ངོ་མཚར་བའི་ཆ་ཅི་ཡང་མེད་པའི་གློག་བཪྙན་དག་ལ་ལྟ་སྟངས་མི་ལེགས་པ་བཟུང་། ལྷག་པར་དུ་ལོ་བཅོ་བརྒྱད་དང་བཅུ་དགུའི་དུས་སུ་ཧང་གང་གི་ནག་ཚོགས་གློག་བཪྙན་ནི་ཉི་མ་སྐྱེལ་བྱེད་དང་། ལོ་ཆུང་བྱིས་པར་མགོ་གཡོག་བྱེད། རོལ་མྱོང་གི་ཆུ་ཚད་ཧ་ཅང་དམའ་བའི་རིགས་ངན་ཚོའི་ལྟ་བྱ་ཉག་གཅིག་ཏུ་ངོས་བཟུང་བར་མ་ཟད་འཁྲབ་སྟོན་པ་དེ་ཚོའི་ཁྲོད་ནས་ལོའུ་ཏི་ཧ(刘德华)ནི་དགྲ་ཡ་ལྟ་བུར་བརྩིས་ཏེ་ང་དང་གྲོགས་པོས་ཁོར༼ ལོའུ་ཁྱི ༽མ་གཏོགས་མིང་གིས་འབོད་པར་མི་བྱེད། ཕྱོགས་རེས་ཀྱི་ལྟ་བ་དེའི་མཇུག་འབྲས་ནི་ཕྱི་གླིང་གི་གློག་བཪྙན་ལ་བླ་ལྷག་གིས་བཀུར་བ་དེ་རེད། མཚམས་ལན་རེར་ཧ་ཅི་ཡང་གོ་ཡི་མེད་ནའང་ཕྱི་གླིང་གི་གློག་བཪྙན་དག་ལ་བཙན་ཚུགས་ཀྱིས་བལྟས་ཤིང་དེ་ནི་གཞན་ལས་ཆུ་ཚད་མཐོ་བའི་རྟགས་ཤིག་ཏུ་ངོམ་སོ་བྱེད་ཀྱི་ཡོད།

             དུས་ཀྱི་འཁོར་ལོ་རིམ་གྱིས་མགྱོགས་པོར་འཁོར་བ་འདྲ་ལ་གློག་བཪྙན་གྲངས་མེད་པ་ཞིག་ལ་བལྟས་པ་ལས་ཕལ་ཆེར་ཞིག་བརྗེད་ངེས་ཀྱི་དབང་དུ་གྱུར། གློག་བཪྙན་ལ་ལའི་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་ལྟ་ཅི་ཐ་ན་མིང་ཡང་མི་དྲན། ཕལ་ཆེར༢༠༠༣ལོའི་དབྱར་ཁ་ཡིན་པ་འདྲ། པེ་ཅིང་གློག་བཪྙན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་གྲོགས་པད་མ་ཚེ་བརྟན་དང་། རི་མོ་བ་ཟོན་ཐར་རྒྱལ་གཉིས་ཀྱིས་ང་རང་པད་མ་ཚེ་བརྟན་གྱི་ཟི་ལིང་གི་ཁྱིམ་དུ་མགྲོན་པོར་བོས་ཤིང་ང་ཚོས་རྟ་ཐོག་བ་མ(火锅)ཟ་ཞོར་དུ་གསར་དུ་བཟོས་པའི་པད་མ་ཚེ་བརྟན་གྱི་གློག་བཪྙན་དང་པོ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ཐུང་ངུ་མ་ལ་བལྟས། པད་མ་ཚེ་བརྟན་གྱིས་ཁོ་བོར་ལྟ་ཚུལ་ཅི་ཞིག་འདུག་ཅེས་དྲིས་ནའང་ཁོ་བོས༼ ཧྲ་གི ༽ཟེར་བ་ལས་ལན་ཅི་ཡང་འདེབས་རྒྱུ་མ་ཪྙེད། འོན་ཀྱང་ཁོང་གཉིས་ཀྱིས་ལྟ་ཞོར་དུ་ཆེད་ལས་ཀྱི་སྐད་ཆ་འདྲ་མིན་གླེང་ཞིང་གློག་བཪྙན་ཁྲོད་ཀྱི་དངོས་པོ་ཡན་གར་བ་རེ་ལས་བརྗོད་བྱ་སྤྱི་མཚན་པ་རེ་སྟོན་ཐུབ་པའི་ནུས་པ་གསལ་བཤད་བྱས། ཁོང་གཉིས་ཀྱིས་ངའི་བློ་སྒོ་ཕྱེ་སོང་ཟེར་ན་བཤད་དཀའ་ནའང་ཁ་བརྡའི་ཁྲོད་ནས་བདག་ལ་ཚོར་བ་གསར་བ་ཞིག་བྱུང་ཞིང་དེ་ནི་རང་གིས་བལྟས་པའི་གློག་བཪྙན་ནི་ད་དུང་ཡང་ཉུང་དྲགས་པ་དང་རོལ་མྱོང་བྱ་སྟངས་ཕུན་སུམ་ཚོགས་པ་མ་ཡིན་པ་དེ་རེད། ཁ་བརྡའི་ཁྲོད་དུ་ངའི་རང་ཉིད་ཆེས་དགའ་སའི་འཁྲབ་སྟོན་པ་པོ་ལ་ཐུ•ཕེ་ཁྲི་ཡི་སྐོར་གླེང་ཞིང་པད་མ་ཚེ་བརྟན་གྱིས་ང་ལ་ཕེ་ཁྲིས་འཁྲབ་སྟོན་བྱས་པའི་གློག་བཪྙན་གཞན་ཞིག་སྟེ༼ ནག་ཉེས་བདུན ༽ཞེས་པ་མཚམས་སྦྱོར་བྱས་ལ་དེའི་བྱུང་རིམ་ཡང་རྒྱས་པར་བཤད་པ་དང་། པེ་ཅིང་གློག་བཪྙན་སློབ་གླིང་གི་དགེ་རྒན་ཕལ་ཆེ་བ་ཕ་རན་སི་དང་དབྱི་ཏ་ལིའི་གློག་བཪྙན་ལས་ཧོ་ལེ་ཝོ་ཡི་གློག་བཪྙན་ལ་དགའ་བོ་མེད་ཚུལ་ལབ། གྲོགས་པོ་གཞན་ཞིག་སྟེ་གློག་བཪྙན་སློབ་གླིང་དུ་པར་གྱི་སྐོར་སློབ་སྦྱོང་བྱེད་བཞིན་པའི་འཇམ་དབང་གིས་ཀྱང་དེ་བཞིན་ལབ་མྱོང་།

             གང་ལྟར་གྲོགས་པོ་ཚོ་དང་འབྲེལ་འདྲིས་བྱས་པ་བརྒྱུད་ཁོ་བོས་གློག་བཪྙན་ཞེས་པ་དེ་སྒྱུ་རྩལ་རྐྱང་བའི་བཟོ་བཀོད་ཅིག་མ་ཡིན་པར་དེའི་རྒྱབ་ཏུ་ཚོང་ལས་ཞེས་པའི་འཕྲུལ་འཁོར་ཆེན་པོ་ཞིག་ཀྱང་འཁོར་དགོས་པ་གསལ་བོར་ཤེས་ལ་རྩ་བའི་ཆ་ནས་གློག་བཪྙན་ལ་སྒྱུ་རྩལ་གྱི་གློག་བཪྙན་དང་ཚོང་ལས་ཀྱི་གློག་བཪྙན་ཏེ་རིགས་གཉིས་ཡོད་པ་ལའང་ངོས་ཟིན་བྱུང་། མཚམས་ལན་རེར་ཁོ་བོས་གློག་བཪྙན་གྱིས་བརྩམས་སྒྲུང་གི་ཚབ་བྱ་ཐུབ་མིན་སོགས་ཀྱི་སྐོར་ལ་བསམ་གཞིགས་བཏང་ཞིང་ཡང་སྐབས་རེར་གློག་བཪྙན་ལེགས་པོ་མང་ཤོས་ཤིག་བརྩམས་སྒྲུང་ལས་བསྒྱུར་བ་ཤེས་ཚེ་དོགས་གཞི་དེའང་ངང་གིས་སེལ་བར་གྱུར།

             རྗེས་སུ་པད་མ་ཚེ་བརྟན་ལ་ཀྲུང་གོའི་གློག་བཪྙན་ལས་རིགས་ནས་སྙན་གྲགས་འབར། ན་ནིང་དབྱར་ཁར་སླར་ཡང་པད་མ་ཚེ་བརྟན་ལ་མཇལ་བའི་གོ་སྐབས་བྱུང་ཞིང་དེ་གར་ཡོད་པའི་བོད་མི་མང་པོ་ཞིག་གིས་ཁོང་གི༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ལ་དྲང་ལྡོག་གང་རུང་གི་གཏམ་བརྗོད་སྣ་ཚོགས་སྤེལ་བཞིན་འདུག་ལ་བསྟོད་མཁན་ཚོས་ཀྱང་བསྟོད་མི་ཤེས་པ་དང་། སྨད་མཁན་ཚོས་ཀྱང་སྨད་མི་ཤེས་པ་མཐོང་ཚེ་འཆད་དཀའ་བའི་ཚོར་བ་གཞན་ཞིག་བྱུང་། ལྷག་པར་དུ་དུས་རྒྱུན་པར་གློག་བཪྙན་ལ་ལྟ་བའི་གོམས་གཤིས་ཆགས་མེད་པའི་ཟི་ལིང་གི༼ མཁས་པ ༽ཁ་ཤས་ཀྱིས་གློག་བཪྙན་སྐོར་གྱི་དཔྱད་པ་རིང་མོ་རེ་སྤེལ་བ་ཐོས་ཚེ༼ཅི་ཡང་ཤེས་ལ་ཅི་ཡང་མི་ཤེས་པ༽འི་མི་དེ་ཚོར་ཞེ་མེར་རྒྱུ་ཞིག་ཀྱང་བྱུང་། ཁོ་ཚོས་གློག་བཪྙན་ལ་གློག་བཪྙན་སྒྱུ་རྩལ་རང་ངོས་ནས་འགྲེལ་བཤད་མི་བྱེད་པར་གནས་གཅིག་ནས་ཙོག་བུར་བསྡད་དེ༼ བསྟན་དོན་རིལ་བུ་མ ༽བཙན་གྱིས་ཕྱུང་བར་བྱས་རྗེས་ཡིད་ཚིམས་པའི་ངང་རང་གིས་རང་ལ་བདེན་ཁ་སྟེར་བ་རེད། དྲང་མོར་བཤད་ན། གལ་སྲིད་ཚོང་ལས་དང་དྲིལ་བསྒྲགས་ཀྱི་ཁེ་ཕན་ལ་དམིགས་དགོས་པ་མིན་ན་པད་མ་ཚེ་བརྟན་གྱི༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ཐོག་མར་སྟོན་ས་དེ་ཟི་ལིང་གི་ཟློས་གར་ཁང་དེ་མ་བདམས་པར་རྒྱ་ནག་གི་འཁྲབ་སྟོན་པ་གྲགས་ཅན་ཅཱ་ཀྲང་ཁི(贾樟可)བཞིན་གློག་བཪྙན་ལ་དགའ་བའི་གྲོགས་པོ་ཚོ་བདམས་ན་ལེགས་པ་རེད། ཉིན་དེར་པད་མ་ཚེ་བརྟན་གྱིས་ཟི་ལིང་ནས་ཁོ་རང་གི་གློག་བཪྙན་དེར་དཔྱད་པའི་ཚོགས་འདུ་ཆུང་ཆུང་ཞིག་བསྡུ་རྒྱུ་བཀོད་སྒྲིག་བྱས། འོན་ཀྱང་རྒྱུ་རྐྱེན་མང་པོའི་རྐྱེན་གྱིས་ཚོགས་འདུ་དེ་བསྡུ་མ་ཐུབ། ཉིན་འགའི་རྗེས་སུ་གྲོགས་ཟོན་ཐར་རྒྱལ་གྱིས་ལྟད་མོ་བོ་ཚོས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ལ་ཕྱོགས་རིས་ཀྱི་ལྟ་བ་འཆང་ཡོད་པ་དང་།དེ་ནི་སྒྱུ་རྩལ་གྱི་གློག་བཪྙན་ངོ་མ་ཞིག་ཡིན་ཚུལ་སོགས་ལབ་ལ་ཁོས་ང་ལ་གློག་བཪྙན་གཞན་མང་དག་ཅིག་ཀྱང་མཚམས་སྦྱོར་བྱས།

       200472124736.8469791.jpg   ཁོ་བོས་བོད་རང་གི་གློག་བཪྙན་ལས་རིགས་གོང་དུ་སྤེལ་པར་ད་དུང་ཡང་ལམ་བུ་མང་པོ་ཞིག་བརྒྱུད་དགོས་པར་འདོད་ལ་པད་མ་ཚེ་བརྟན་དང་། མཁྱེན་བརྩེ་ནོར་བུ(འབྲུག་ནས་བཟོས་པའི་གློག་བཪྙན༼ ཕོར་བ ༽ཞེས་པའི་འཁྲབ་སྟོན་པ)གཉིས་ནི་འདིའི་ཕྱོགས་ཀྱི་རྐང་འཛུགས་མཁན་ཡིན་པར་འདོད། འོན་ཀྱང་འཁྲབ་ཁྲིད་པ་ལེགས་པོ་ཞིག་ཡིན་ཚེ་དུས་ཀྱི་ཚོད་བགམ་ཐེག་དགོས་ཤིང་རང་གི་ཁྱད་ཆོས་དང་རྣམ་པ་ཆགས་དགོས་པར་མ་ཟད་གློག་བཪྙན་མཚོན་སྟངས་ཀྱི་ཕྱོགས་ནས་ངེས་པར་དུ་སྣ་གཅིག་ལ་མཁས་དགོས་པར་འདོད།
༢༠༠༦ལོའི་དགུན་གཞུང་གི་གྲང་ངར་ཁྲོད་ནས་ངེད་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ལ་བལྟས། མཚན་མོ་དེར་ང་ཚོ་འཁྱག་ནས་ཕྱིད་ལ་ཉེ་ནའང་སེམས་པ་ཧ་ཅང་དྲོ་བའི་ཚོར་བ་ཞིག་བྱུང་། གློག་བཪྙན་ལ་བལྟས་ཚར་རྗེས་ཁོ་བོས་གློག་བཪྙན་སྟོན་མཁན་དེ་གཉིས་ལ་ཟས་མགྲོན་བྱས་ཤིང་ཁོང་ཚོ་དང་མཉམ་དུ་དེའི་སྐོར་གྱི་ཁ་བརྡ་བྱེད་འདོད་ཆེན་པོ་སྐྱེས། ཡིན་ནའང་གྲོགས་བཟི་བོ་ཞིག་གིས་གཏོར་བརླག་བཏང་སྟེ་གོ་སྐབས་དེ་ཡོངས་སུ་འཕྲོག་སོང་།(གཅིག་བྱས་ན་ཁོང་གཉིས་ལ་བཤད་རྒྱུ་ཅི་ཡང་མེད་ཀྱང་སྲིད)

         ད་ལྟ་ཁོ་བོར་གསར་དུ་ཉར་ཚགས་བྱས་པའིDVDའོད་སྡེར་སུམ་བརྒྱར་ཉེ་བ་ཡོད་ནའང་དེའི་ནང་ནས་ཆེས་ལེགས་ཤོས་དེ་གང་རེད་ཅེས་ན་ལན་གསལ་བོ་ཞིག་གདབ་མི་ནུས། ཉིན་འདིར་ཁོ་བོས༼ སྤོས་ཆུ་དང་ལག་དམར ༽ཞེས་པའི་འཇར་མན་གྱི་གློག་བཪྙན་ཞིག་ལ་བལྟས་པ་ཡིན། སྤྱིར་གློག་བཪྙན་ནི་འདོད་ཡོན་ལྔ་ལས་གཟུགས་དང་སྒྲ་ཡི་སྒྱུ་རྩལ་ཡིན་ནའང་ཐེངས་འདིར་ལྟ་བྱ་དེ་ནི་དམིགས་བསལ་བ་ཞིག་སྟེ་དྲི་ཡི་སྒྱུ་རྩལ་རེད།  ཁོ་བོས་བཪྙན་འཕྲིན་གྱི་པར་སྒོའི་མདུན་ནས་དྲི་མ་ཞིག་མྱོང་ཐུབ་པ་མ་ཡིན་མོད་འོན་ཀྱང་མགོ་མཇུག་ཐམས་ཅད་ཀྱི་བརྗོད་བྱ་དྲི་བྱས་པའི་གློག་བཪྙན་དེས་གཏམ་རྒྱུད་ཅིག་འཆད་བཞིན་པ་དང་མི་འདྲ་བར་སྙན་ངག་ཅིག་བཟོ་བཞིན་པ་དང་འདྲ།  གློག་བཪྙན་འདིའི་མི་སྣ་གཙོ་བོ་དེ་དྲི་བསུང་གིས་དབུལ་བའི་པགས་པའི་བཟོ་གྲྭ་ཞིག་ཏུ་སྐྱེས་ཤིང་ཁོའི་ཨ་མ་ལགས་ཀྱིས་ཁོ་བཙས་མ་ཐག་གད་སྙིགས་ཀྱི་ཁྲོད་དུ་དོར་བ་རེད། དེ་རྗེས་བུད་མེད་འགས་ཁོ་ཪྙེད་ཅིང་ཨ་མ་ལགས་ལ་སྲོག་ཆད་བཅད། ཁོས་ལོ་ལྔ་དྲུག་ལོན་པའི་བར་སྐད་ཆ་བཤད་མི་ཤེས་ནའང་དྲི་བསུང་ལ་སྣོམ་པའི་ལྷན་སྐྱེས་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་རེད། རྗེས་སུ་ཁོ་ཕ་རིའི་སི་སྤོས་ཆུ་སྡེབ་མཁན་ཞིག་གི་གཡོག་པོ་བྱས་ཏེ་སྤོས་ཆུ་སྡེབ་རོགས་བྱས་པས་མི་དེའི་རྡིབ་ལ་ཉེ་བའི་ཚོང་ཡང་བྲིན་པོ་བྱུང་། ཡིན་ནའང་མེ་ཏོག་དང་རྩི་ཤིང་གི་རིགས་ཁོ་ན་ལས་མ་གཏོགས་དྲི་བསུང་ཉར་མི་ཐུབ་པའི་ལག་རྩལ་དེར་ཁོ་རང་གཏན་ནས་མ་མགུ། རྒྱུ་མཚན་ནི་ཁོས་སྔོན་ཆད་བུ་མོ་གཞོན་ནུ་མ་ཞིག་གི་དྲི་མ་ཚོར་མྱོང་བས་སོ། ། དེ་ནས་མི་དེ་ལས་ཆོག་མཆན་ཐོབ་སྟེ་ཁོ་གྲོང་ཁྱེར་གཞན་ཞིག་ལ་ལག་རྩལ་སྦྱོང་དུ་སོང་ཞིང་སྦྱིན་བདག་ཀྱང་ཁོའི་འཇོན་ཐང་ལ་ཡིད་ཆེས་ཏེ་ལག་རྩལ་བ་གཙོ་བོར་བསྐོས། སྐབས་དེ་དང་བསྟུན་ནས་ཁོས་འཕྲོ་རིམ་འཕྲོར་གཞོན་ནུ་མ་མང་པོ་དམར་གསོད་བྱས་ཏེ་གཅན་གཟན་གྱི་ཚིལ་སོགས་བེད་སྤྱད་ནས་ཁོ་མོ་ཚོའི་ལུས་སྟེང་གི་དྲི་བསུང་དག་སྤོས་ཆུ་ཡི་རྣམ་པས་ཉར་བ་རེད། རིམ་གྱིས་གྲོང་ཁྱེར་དེའི་མི་དག་གིས་ལག་དམར་ནི་ཁོ་ཡིན་པ་རྩད་ཆོད་དེ་བཙོན་དུ་བཅུག་ཅིང་སྲོག་ཆད་གཅོད་རྒྱུ་གཏན་འཁེལ་བྱུང་། གནད་འགག་གི་ཉིན་དེར་གྲོང་ཁྱེར་དེའི་མི་ཡོངས་རྫོགས་འདུ་ར་ཆེན་པོར་འདུས་ཏེ་ཁོ་སྲོག་ཐོག་ཏུ་གཏོང་བར་དངོས་སུ་བལྟ་རུ་འོངས། ཡིན་ནའང་ཁོས་གཞོན་ནུ་མིའི་དྲི་བསུང་གིས་བསྡེབས་པའི་སྤོས་ཆུ་ཡི་བཙོན་སྲུང་བ་ཚོའི་བླ་བཀུགས་པར་མ་ཟད་གཟབ་མཆོར་ཆེ་བའི་ཆ་ལུགས་སྤྲས་ཏེ་གསོད་རར་འོངས། ཁོས་སྤོས་ཆུ་དེ་ལག་ཕྱིས་དཀར་བོ་ཞིག་གི་ནང་བྱུགས་ནས་རླུང་ལ་བསྐུར་བས་དེར་འདུས་པའི་མི་ཐམས་ཅད་ཀྱིས་ཁོ་ལ་ཕྱག་འཚལ་བ་དང་ཐ་ན་ཆོས་དཔོན་གྱིས་ཀྱང༼ ཁོ་ནི་ལྷའི་ཕོ་ཉ་རེད ༽ཅེས་སྨྲས། དྲི་བསུང་ཞིམ་པོའི་དབང་གིས་དྲན་པ་ཉམས་པའི་མི་དེ་ཚོ་གཅེར་བུར་བུད་དེ་གཉིས་སྦྱོར་གྱི་དགའ་སྟོན་གྱིས་མྱོས་པར་གྱུར། དྲན་པ་གསལ་བར་གྱུར་མ་ཐག་ཁོ་ཚོས་དོན་དེ་ཅི་ཡང་མ་བྱུང་བ་ལྟར་བྱས་ལ་ལག་དམར་བ་ནི་མི་གཞན་པ་ཁ་ཤས་ཡིན་པར་ཐག་གིས་བཅད་དེ་ཁོ་ཚོ་བསྒགས་གསོད་བྱས། དེ་ནས་ཁོ་དྲི་བསུང་ལ་བརྟེན་ནས་རང་ཉིད་སྐྱེས་སའི་ཡུལ་དེ་རུ་ལོག་ཅིང་སྤོས་ཆུ་ལྷག་མ་རང་གི་སྐྲ་གསེབ་ཏུ་བྱུགས་ནས་རང་ཉིད་ཀྱང་འདོད་པས་གདུང་བའི་མི་དག་གི་ཁ་ཟས་སུ་བསྩལ།

          ད་ནི་རྩོམ་འདིའི་མཇུག་བསྡུ་དགོས་པའི་དུས་ལ་བབས་ཀྱང་ཁོ་བོར་གློག་བཪྙན་དེས་བཞག་པའི་ཚོར་བ་ད་དུང་ཡལ་མེད། དྲི་བསུང་རིགས་ཤིག་གིས་རང་ཅག་མུ་མཐུད་དུ་མདུན་ནས་མདུན་ལ་འཁྲིད་ཀྱིན་ཡོད། འོད་དང་མུན་པ་གང་རུང་གི་གཏིང་དུ་འཛུལ་ནས་སོང་ཚེ་ང་ཚོས་རང་སེམས་ཀྱི་གློག་བཪྙན་ངོ་མ་དེ་མཐོང་ཡང་སྲིད།

                                                                                                                                                                                                                                                       2007-3-31

 

དཔྱད་མཆན་ཡོད།