<ཕེན་ཀོ> བཀག་པ་ལས་འཕྲོས་པ་གཏམ།

                                                                    220px-苹果.jpg  

           ཉིན་འགའི་སྔོན་དུ་ཁོ་བོས་རང་གི་པོད་ཁུག་ཏུ་མཚམས་སྦྱོར་བྱས་པའི་གློག་བརྙན༼ ཕེན་ཀོ ༽ཞེས་པའི་ནང་དུ་འདོད་སྲེད་ཤེ་སྦྱོར་གྱི་ནང་དོན་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཀྲུང་གོའི་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་དེ་ཉིད་གློག་བརྙན་ཁང་ནས་སྟོན་མི་ཆོག་པ་དང༌། ཕབ་སྐྲུན་པ་དང་ཕབ་སྐྲུན་ཀུང་ཟིས་ལོ་གཉིས་ཀྱི་ནང་གློག་བརྙན་བཟོ་མི་ཆོག་པ། གཞུང་ཕྱོགས་ཀྱིས་དག་ཐེར་བྱས་མེད་པའི་འོག་བཟོས་པའི་སྤྱིན་ཐག་ཚང་མ་གཞུང་བཞེས་བྱེད་པ། དྲ་བའི་ནང་དུ་སྤེལ་མི་ཆོག་པ། དེ་འབྲེལ་གྱི་རོལ་མོའི་འོད་སྡེར་བཟོ་མི་ཆོག་པ། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོ་སོས་རང་སྐྱོན་ལ་དག་ཐེར་བྱེད་པའི་སློབ་གསོ་མྱང་དགོས་པ་མ་ཟད་ཁོ་ཚོར་ལྟ་རྟོག་ནན་པོ་བྱེད་རྒྱུ་བཅས་ཐག་བཅད་འདུག
             དེའང་གློག་བརྙན་དར་ཡུན་ལ་ལོ༡༠༠ཡི་ལོ་རྒྱུས་ཡོད་པའི་ཀྲུང་གོའི་གློག་བརྙན་ལ་མཚོན་ན་བརྒྱ་ཆའི་བརྒྱད་ཅུ་ནི་གཞུང་ཕྱོགས་ཀྱི་ལྟ་བ་མཚོན་བྱེད་ཡིན་པས་མིའི་རིགས་ཀྱི་འཚོ་བའི་གནས་བབས་དང༌། མི་དང་མིའི་བར་གྱི་འབྲེལ་བ། སྐྱེས་བུ་སྒེར་གྱི་ནང་སེམས་ཀྱི་འཇིག་རྟེན་སོགས་བརྗོད་བྱར་བྱས་པ་ཧ་ཅང་ཉུང་བ་མ་ཟད་སྒྱུ་རྩལ་མཚོན་ཐབས་ཀྱི་ཕྱོགས་ནས་ལད་ཟློས་ཀྱི་ཤན་ཆེ་བ་དང༌། པར་རིས་ལ་གསོན་ཉམས་མེད་པ། རོལ་མོ་ཕུན་སུམ་མི་ཚོགས་པ་སོགས་ཀྱི་སྐྱོན་ཆེ་བས་འཛམ་གླིང་གི་གློག་བརྙན་སྟེགས་བུ་ན་རང་མཚན་པའི་ཁྱད་ཆོས་ངོམ་པའི་སྐལ་བ་ཧ་ཅང་ཕྲ་བར་གྱུར་ཡོད། ལྷག་དོན་སྒྱུ་རྩལ་མཚོན་ཐབས་ཀྱི་ཕྱོགས་ལ་སྙེག་པའི་གློག་བརྙན་དེ་རིགས་སྲིད་གཞུང་གི་འདོད་པ་དང་མི་མཐུན་པས༼ ས་འོག་གི་གློག་བརྙན༽འབའ་ཞིག་ལ་གྱུར་ཅིང་གློག་བརྙན་འཁྲབ་ཁྲིད་པ་དག་ལས་སྒྱུ་རྩལ་ཞེས་པའི་ཐ་སྙད་དེ་གཙིགས་སུ་འཛིན་མཁན་དག་ལ༼ དབུལ་བོ ༽འི་ཆོ་ལོ་ལས་ཅི་ཡང་མི་ཐོབ་པ་རེད། ཇི་ལྟ་བུའི་སྒྱུ་རྩལ་གྱིས་མི་སེམས་ལ་སྐུལ་མ་གཏོང་ཐུབ་པ་བཅས་ཚང་མ་གཞུང་ཕྱོགས་ཀྱིས་ཐག་གཅོད་པའི་རང་རེའི་ཡུལ་འདིར་སྐྱེ་བོ་ཕལ་ཆེ་བས་བརྩམས་ཆོས་གང་རུང་གི༼བརྗོད་དོན་རིལ་བུ་མ༽དེ་གང་ཡིན་པའི་ཕྱོགས་ལ་བསམ་བློ་གཏོང་བ་ལས་དེར་སྒྱུ་རྩལ་གྱི་རིན་ཐང་ཇི་འདྲ་ཡོད་པར་བསམ་བློ་མི་གཏོང་བ་དང༌། ཁྱོད་ཤི་ང་གསོན་གྱི་དྲག་རྩལ་དང་ནམ་མཁའི་དབྱིངས་ཀྱི་ཀི་ཅོ་དེར་མགོ་མཐོམས་པའི་རང་རེའི་ལྟད་མོ་བ་ཚོས་གློག་བརྙན་གང་ལས་མིའི་རིན་ཐང་གི་སྐོར་ལ་དྲི་བ་ཅི་འདྲ་བཏོན་ཡོད་པའི་སྐོར་ལ་འདང་གཏན་ནས་མི་རྒྱག་པ་རེད། དེའི་ཕྱིར་རང་རེའི་མཐའ་འཁོར་ན་ཁེབས་གཅིག་གི་ནང་དུ་བླུགས་འདྲའི་མི་དུང་ཕྱུར་དུ་མས་འཚང་ཁ་རྒྱག་གིན་ཡོད་ལ་ཁོ་ཚོས་གཞུང་ཕྱོགས་ཀྱི་ཁེ་ཕན་སྲུང་བ་ཇི་བཞིན་འདི་བཟང་བོ་དང་འདི་ངན་པ་རེད་ཅེས་ཁ་ཁ་སོ་སོར་བརྩི་རྒྱུ་ཞིག་རྙེད་ཡོད་པ་མ་ཟད་ཁ་གཡོར་བྱེད་དུ་དེང་རབས་ཟེར་བའི་ལྐོག་གྱུར་གྱི་ཕུག་པ་རིང་མོ་ཞིག་ཀྱང་གླེང་གི་ཡོད་པ་རེད། དེའི་ཕྱིར་རང་རེའི་མཐའ་འཁོར་དུ་ཨམ་ཕྲག་དངུལ་ལོར་གྱིས་གང་ཡང༼འཇིགས་སུ་རུང་བའི་མི ༽གྲངས་མེད་པ་ཞིག་ཡོད་ལ་ཁོ་ཚོ་ནི་ཆེ་ཁོ་ཧྥུའི་སྨྱུག་འོག་གི་པེ་ལེ་ཁོ་ཧྥུ་ཏག་ཏག་ཡིན་པས་སྒྱུ་རྩལ་དང་བདེན་དོན་གྱི་དགྲ་བོ་ཉག་གཅིག་རེད་དེ་ཁོ་ཚོས་དམར་གསོད་གཏོང་བཞིན་པ་ནི་རང་གི་གཅེས་པའི་བུ་ལས་ཀྱང་གཅེས་པར་འོས་པའི་རང་དབང་གི་རྒྱལ་སྲས་དེ་ཡིན་པས་སོ། །

          ཅི་ཞིག་ནི་སྒྱུ་རྩལ་ཡིན་པ་དང་ཅི་ཞིག་ནི༼ སྔོན་ཐོན་གྱི་སྒྱུ་རྩལ ༽ཡིན་པ། ཐེངས་འདིར་གཏན་དུ་བཀག་སྟེ༼ ས་སྟེང ༽དུ་འབུད་ས་མེད་པར་བཟོས་པའི་གློག་བརྙན༼ ཕེན་ཀོ ༽ཡིས་ཀྲུང་གོའི་སྤྱི་ཚོགས་ཀྱི་གདོང་འབག་ཡོངས་སུ་བཤུས་པ་རེད་ཟེར་ན་ཅུང་ཚད་ལས་བརྒལ་མོད་འོན་ཀྱང་དེའི་ནང་གི་མི་སྣ་ལས་ཕྱུག་པོའམ་དབུལ་བོ་གང་ཡིན་ཡང་ཁོ་ཚོའི་ཟུངས་ཁྲག་ནི་མཚམས་མེད་དུ་དངུལ་ལོར་གྱི་ཆེད་དུ་བཞུར་བཞིན་པ་དང༌། ཁོ་ཚོའི་ལུས་པོ་ནི་དངུལ་ལོར་གྱི་ཁྲོད་ནས་ཐང་ཆད་འདུག་པ་གསལ་བོར་མཚོན་འདུག  ཁོ་ཚོས་དངུལ་ལོར་གྱི་ཁྲོད་ནས་ངལ་བ་ཅུང་ཙམ་སོས་ཕྱིར་མཚམས་མེད་པར་འཁྲིག་པ་སྤྱོད་བཞིན་པ་སྟེ་མཐར་གཏུག་ན་དེང་གི་སྤྱི་ཚོགས་སུ་མི་དང་མིའི་བར་གྱི་འབྲེལ་བ་འཛིན་བྱེད་ལ་དངུལ་ལོར་དང་འཁྲིག་སྦྱོར་ལས་ལྷག་མེད་པས་མི་ནི་འཕྲུལ་ཆས་དང་རི་དྭགས་ལྟ་བུར་གྱུར་བའི་ཡ་ང་བའི་གནས་བབས་དེ་ཀུན་ལ་ངོ་གསལ་བོར་སྤྲད་འདུགདེ་ལྟ་བུའི་གནས་བབས་འོག་ཏུ་རྒྱུ་འབྲས་དང་བརྩེ་དུངས། སྙིང་རྗེ། དགེ་བ་སོགས་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་པས༼འོ་མ་སྟེར་མཁན་ཚང་མ་ཨ་མ་རེད ༽ཅེས་པའི་གཏམ་དཔེ་དེ་དེང་གི་མིའི་འཚོ་སྡོད་ཀྱི་བསྒྲགས་གཏམ་ལྟ་བུར་གྱུར་འདུག དེའི་ཕྱིར་ཁོ་བོས་བལྟས་ན་གཞུང་ཕྱོགས་ནས༼ཕེན་ཀོ ༽འགོག་དོན་ནི༼འདོད་སྲེད་ཤེ་སྦྱོར ༽ཁོ་ན་ཙམ་མ་ཡིན་པ་གསལ་བོར་ཤེས་ཐུབ།  རང་རེའི་བོད་དུའང་ཤེས་ཡོན་པར་བརྫུས་པའི་སྐྱེ་བོ་སྐོར་ཞིག་གིས་སྒྱུ་རྩལ་གྱི་ཉམས་རྟོགས་ཅི་ཡང་མེད་བཞིན་དུ་ཐ་སྙད་སྐམ་པོ་འགའ་ཚད་ཤིང་རིང་ཐུང་ཁ་ཤས་ཀྱི་དོད་དུ་ཁྱེར་ཡོང་སྟེ་སྙན་ངག་དང་བརྩམས་སྒྲུང༌། གློག་བརྙན་སོགས་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་གཏོགས་པ་དག་ལ་སྣང་བ་གང་ཤར་གྱིས༼དག་ཐེར ༽བྱེད་བཞིན་པ་དང༌། ངེད་ཅག་མི་རབས་གསུམ་པའི་སྙན་ངག་ཁ་ཤས་འདོད་པའི་སྐོར་གྱི་ཐ་སྙད་ཀྱིས་ཕྱུག་པ་རྒྱུ་མཚན་དུ་བྱས་ནས༼ཆགས་གཏམ༽དུ་རྩི་བཞིན་པ་སོགས་ལས་རང་རེར་ཡང་མ་འོངས་པར་རྒྱལ་ཁབ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་པ་ཚད་ལྡན་འགའ་འཁྲུངས་པའི་སྔ་ལྟས་ཚང་འདུག་ཅེས་ཞུ་བའོ། །

            མཇུག་ཏུ་བཤད་རྒྱུར། སྤྱིར་ན་བདག་ཧྥན་པེན་པེན་ལྟ་བུའི་གདོང་སྲབ་མོ་ལ་གཏུམ་ཞད་འདྲེས་པའི་འཁྲབ་སྟོན་པ་དེ་རིགས་ལ་དགའ་བོ་མེད་ནའང་ཐེངས་འདིར་མོས་སྤོབས་པ་ཆེན་པོས༼ཕེན་ཀོ༽འཁྲབ་པས་བདག་གི་ལྟ་ཚུལ་ལའང་འགྱུར་ལྡོག་བྱུང་སོང༌།

 

 

དཔྱད་མཆན་ཡོད།