སྐྱབས་ཆེན།
ཉིན་འདི་གར། བོད་ཀྱིDVགློག་བརྙན་ཐུང་ངུ་འགའ་ལ་བལྟས་པས་ངོ་མ་དགོད་ཁ་ཤོར་བར་བྱས་ཤིང་དེ་དག་བཟོ་མཁན་མང་ཤོས་སློབ་ཆེན་སློབ་མ་ཡིན་པའི་ཆ་ནས་རང་རེའི་སློབ་གྲྭའི་སློབ་གསོ་ལ་ཕམ་ཁ་ཆེན་པོ་བྱུང་ཚར་བ་ཤེས། དེ་དང་ཆབས་ཅིག་བོད་ཀྱི་མ་འོངས་པའི་གློག་བརྙན་ལ་རེ་བ་མེད་པ་ལྟ་བུར་ཡང་གོ་སོང་། དེའི་རྒྱུ་མཚན་ནི།
༡ ལྟ་བའི་ཆ་ནས་ད་དུང་ཡང་རྙིང་རྒོལ་གྱི་བསམ་བློ་སྒེར་གཅོད་ཤས་ཆེ་བ་ཅན་དེས་ལྟེ་ཐག་བྱས་འདུག་པས་གློག་བརྙན་བཟོ་བ་བོའི་ཨོང་ཤ་དང་གློ་མཆིན། ཀེང་རུས་སོགས་ཅི་འདྲ་ཡིན་པ་ཤར་མར་མཐོང་ཐུབ།
༢ པར་གྱི་རྩལ་ལ་བྱང་མེད་པས་པར་ཞེས་པ་དེ་མགོ་སྐོར་སྐོར་རྒྱུ་ལྟ་བུ་ཞིག་ཏུ་ངོས་བཟུང་འདུག་པས་ཤིན་ཏུ་ནོངས་པ་ཞིག་འདུག
༣ འཁྲབ་སྟོན་པ་ཕལ་ཆེ་བ་འཕྲུལ་ཆས་ཀྱི་མི་དང་མཚུངས་ལ་འཁྲབ་ཚིག་དག་ནི་རུས་པ་མུར་བ་བཞིན་འདུག
༤ རོལ་དབྱངས་ནི་གཞན་གྱི་སྐྱུག་པ་ཕྱིར་ཁ་ལ་ལེན་པ་ཙམ་སྟེ་པར་རིས་དང་ཤིན་ཏུ་མི་འཕྲོད་པས་ཞེ་མེར་བའམ་ངོ་ཚ་བ་ཞིག་འདུག
༥ ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་ནང་སྒྱུ་རྩལ་གྱི་ཆོས་ཉིད་གཉིས་ཀར་མི་མཐུན་པའི་ཆ་མང་བས་འོད་དང་གྲིབ་མ། དུས་ཚོད་དང་ཕྱི་ལྗོངས། སྨྲ་བརྗོད་དང་ཉམས་འགྱུར། སྒྲ་དང་སྒྲ་གཉེར་སོགས་ནི་ཐང་ལ་གང་འདོད་ཀྱིས་གཏོར་བའི་སྲན་མ་དཀར་ནག་དང་མཚུངས་པས་དེ་ཡིད་ཡར་སྒྲུག་འདོད་པ་ཕར་ཞོག མགོ་ཡོམ་འཁོར་བྱེད་དུ་འདུག
མདོར་ན་དཔེ་ཆ་ཀློག་མཁན་ཉུང་ཞིང་གློག་བརྙན་བཟོ་མཁན་མང་པ་འདིས་དེང་གི་མིའི་རུལ་སུངས་ཀྱི་ངོས་ཤིག་ཀྱང་མཚོན་པར་ནུས།
གློག་བརྙན་བཟོ་བ་བོ་ཚོའི་མཚང་བརྗོད་རྒྱུ་བདག་གི་དམིགས་འབེན་མིན་མོད། ཁོ་ཚོས་རང་གིས་མཚང་ཤེས་པ་བརྒྱུད་ནས་གློག་བརྙན་ཞིག་མ་བཟོས་པའི་སྔོན་དུ་སྒྱུ་རྩལ་གྱི་རྣམ་པ་གཞན་དག་སློབ་པ་དང་གློག་བརྙན་མང་པོར་བལྟ་རྒྱུ་ནི་བདག་གི་རེ་བ་ཡིན། ཞོར་དུ་བོད་ཀྱི་སྙན་ངག་པ་དང་གློག་བརྙན་བཟོ་བ་བོ། རྡུང་ལེན་པ་གསུམ་ཀ་དྲང་ཐིག་གཅིག་གི་སྟེང་ན་ཡོ་ཟུར་མེད་པར་འདུག་ཅེས་ཀྱང་སྨྲའོ།།
དཔྱད་མཆན་ཡོད།