པདྨ་ཚེ་བརྟན་གྱི་གློག་བརྙན«གཡང་མདའ»ཡི་སྐོར་སྣ་ཟིན་སྤུ་ཟིན།


        ཟླ་༡༠བའི་ཚེས་༡༠ཉིན། མིང་གྲགས་ལྡན་པའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཟེར་བ་དེའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་དངོས་སུ་བརྙན་ལེན་དབུ་བརྩམས་པ་རེད། ཟླ་བ་གཅིག་གི་ནང་ཕལ་ཆེར་བརྙན་ཕབ་ཚར་རྒྱུ་དང་། འཁྲབ་སྟོན་པ་གཙོ་བོ་སྟོབས་རྒྱལ་དང་། བདེ་སྐྱིད། རིན་ཆེན་དོན་གྲུབ། སྙན་གྲགས། ཀླུ་མོ་རྒྱལ་བཅས་ཡིན།   ཤེས་གསལ་ལྟར་ན། བརྙན་རིས་འདིར་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་བ་དང་། པེ་ཅིང་ཧི་མ་ལ་ཡ་བརྙན་རིས་རིག་གནས་རྒྱུད་སྒྲོགས་ཀུང་སིས་བཟོ་བཀོད་བྱས། སྤྱི་སྡོམ་མ་དངུལ་དམངས་སྒོར་ཁྲི་༩༦༠བཏང་བ་རེད།
     མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་ནི་བཀྲ་ཤིས་གཡང་མདའ་ཡི་ཕ་ཡུལ་ཡིན་ལ། ༢༠༠༧ལོར། རྒྱལ་ཁབ་ལུས་རྩལ་ཅུའུ་ཡིས་གཅན་ཚ་ནི་ཀྲུང་གོའི་མི་རིགས་མདའ་རྩེད་ཀྱི་ཕ་ཡུལ་ཞེས་པའི་མཚན་སྙན་དང། ཉེ་རབས་ལོ་ཤས་ནང་དུ་གཡང་མདའ་ཞེས་པའི་འགྲན་ཚོགས་ཞིང་ཆེན་རིམ་པ་ནས་རྒྱལ་ཁབ་རིམ་པ་དང་། རྒྱལ་སྤྱིའི་རིམ་པར་འཕེལ་རྒྱས་ཕྱིན་སྟེ་རྒྱལ་ཁབ་ཕྱི་ནང་ཀུན་དུ་སྙན་པ་འབར། གློག་བརྙན་གཡང་མདའ་ཞེས་པ་ནི་གཅན་ཚ་རྫོང་གི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་འགྲན་ཚོགས་བསུ་བའི་གཏམ་རྒྱུད་དང་། དེར་བསྟུན་བརྙན་རིས་ལག་རྩལ་གྱིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་ཕྱུག་པའི་སྲོལ་རྒྱུན་རིག་གནས་རྣམ་གྲངས་ཁྱབ་བསྒྲགས་དང་། འདི་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་རེད།
     གཡང་མདའ་ཞེས་པའི་གློག་བརྙན་འདི་གཙན་ཚ་རྫོང་གནའ་བོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་དཔལ་ཡོན། ལོ་རྒྱུས་ཀྱི་འགྱུར་ལྡོག་རིམ་པས་འོད་ཟེར་སྟོང་ལྡན་གྱི་རིག་གནས་རྒྱུ་ཆ་ལྡན་པ་དང་། གཡང་མདའ་ཞེས་པ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་ཀྱི་གཏམ་རྒྱུད་དང་སྦྱར་སྟེ། གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཟུང་འབྲེལ། བརྙན་རིས་ལག་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་རྣམ་གྲངས་ལ་ཤུགས་རྐྱེན་དང་མཚན་སྙན་གཟེངས་སུ་ཐོན་པའི་རིན་ཐང་ལྡན། འདི་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་རེད།

§ པད་མ་ཚེ་བརྟན་གྱི་ཕབ་བསྐྲུན་ཉིན་ཐོ། § 

————————————————————————————————————————————————————————
ཟླ་༡༠བའི་ཚེས་༡༡ཉིན།
    གློག་བརྙན་ཕབ་བསྐྲུན་དབུ་ཚུགས་ནས་ཉིན་གཉིས་པ་དེ་རེད། གནམ་གཤིས་ཤིན་ཏུ་དྭངས། གཅན་ཚ་རྫོང་གི་ལོ་རྡོ་རྗེ་བྲག་ལ་ཕྱིན་ཏེ་སྡེ་བའི་བྱིས་པ་མང་པོས་མདའ་རྩལ་འགྲན་པ་དེ་རེད། ལོ་རྡོ་རྗེ་བྲག་ནི་སྤྱི་ལོ་དུས་རབས་དགུ་བའི་དུས་དཀྱིལ་དུ། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་བོད་ཀྱི་བཙན་པོ་གླང་དར་བཀྲོངས་སྟེ་ཨ་མདོ་ས་ཆར་བྲོས་བྱོལ་དུ་ཕེབས། ཁོང་གིས་གཅན་ཚའོ་ལོ་རྡོ་རྗེ་བྲག་ཏུ་མདའ་གཞུ་གཉིས་གཏེར་ཏུ་སྦས། ལོ་རྒྱུས་ཀྱི་མདའ་གཞུ་གནའ་ནས་མི་རྙེད་ནའང། སྔ་མོ་ནས་མདའ་རྩེད་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་པ་ཕྱི་དར་དང་སྡེབ་སྟེ་དར་སྤེལ་བྱུང་། དེང་སྐབས་ཡང་གཡང་མདའ་ཕབ་སྐྲུན་ལ་མཐུན་རྐྱེན་གྱ་ནོམ་པར་བསམ་བློ་རིག་གནས་མཚོན་པའི་གཡང་མདའི་རིག་གནས་ཀྱི་གཟི་འོད་འབར། བྱིས་པ་ཚོས་མདའ་རྩེད་འགྲན་པའི་རྣམ་པ་ཕབ་བསྐྲུན་ལ་དཀའ་ངག་མི་ཉུང་བ་འབྱུང་སྟེ། འཁྲབ་སྟོན་ར་བ་བཀོད་སྒྲིག་ཁེག་པོར་ཆགས། འོན་ཏེ་ཁོ་ཚོ་ཚང་མ་སེམས་ཤུགས་ཆེན་པོ་དང་། ས་གནས་ཐུན་མོང་མིན་པའི་མདའ་རྩེད་རིག་གནས་ནི་ཤ་ཞེན་རུས་འཐིམས་སུ་གྱུར་བ་མངོན།
ཟླ༡༠བའི་ཚེས་༡༢ཉིན།
     དེ་རིང་ནི་ཉིན་གསུམ་པ་དེ་རེད། གནམ་གཤིས་རུབ་པ་ནས་དྭངས་གསལ་དུ་གྱུར། འཆར་འགོད་ནི་རིན་ཆེན་དོན་གྲུབ་ལགས་ཀྱི་འདྲ་ལེན་བྱེད་ཡིན། གནམ་གཤིས་ཀྱི་རྐྱེན་པས་ཐག་ཉེ་དེ་རུ་བདེ་སྐྱིད་ལགས་ཀྱི་འཁྲབ་སྟོན་གཙོ་བོ་བྱས། བདེ་སྐྱིད་དང་ཕྲུ་གུ་ཚོས་གཏམ་བརྗོད་བྱེད་དགོས་ལ། ཕྲུ་གུ་ཚོར་ཅུང་ཟད་དཀའ་ངལ་ལྡན་པས་ཐེངས་མང་པོར་བསྐྱར་མར་འཁྲབ་དགོས་པ་རེད། རྗེས་ན་ཕྲུ་གུ་ཚོས་བརྙན་རིས་ཁ་ཤས་ཁ་གསབ་བྱེད་དགོས་ལ། མཐའ་མཇུག་གི་བརྙན་རིས་མ་འགྲུབ་པས་ཅུང་ཟད་བློ་འགྱོད་བྱུང་། བདེ་སྐྱིད་ནི་ཀྲུང་གོ་ཟློས་གར་གླིང་ནས་མཐར་ཕྱིན་པའི་འཁྲབ་སྟོན་པ་ཞིག་རེད། ཁོ་མོས་བོད་དོན་དང་འབྲེལ་བའི་གློག་བརྙན་གང་མང་ཞིག་འཁྲབ་མྱོང་ལ། ཆེས་ལེགས་པའི་འཁྲབ་སྟོན་པ་ཞིག་ཡིན། དངན་པ་ཤོར་བཞིན། གློག་བརྙན་ཡག་པོ་ཞིག་འབྱུང་བར་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་ཚོགས་དགོས་ལ། སྟབས་ལེགས་གྲ་མ་འགྲིག་པ་གཅིག་ཀྱང་བྱུང་མི་རུང་།
ཟླ་༡༣བའི་ཚེས་༡༣ཉིན།
     དེ་རིང་ནི་ཉིན་བཞི་བ་རེད། གནམ་གཤིས་རུབ་པ་ནས་དྭངས་གསལ་དུ་གྱུར། ཞོགས་པ་འཁྲབ་ཆས་སུ་ལུག་གཅིག་མཁོ་བར་མ་རྙེད་པར་དུས་ཚོད་གཉིས་འགོར་འགྱངས་བྱས། སེམས་ཁམས་ཀྱང་ནམ་ཟླ་བཞིན་སྡུག་པོ་ཆགས། རྗེས་ནས་བློ་བཟང་ཆོས་འཕེལ་དགེ་རྒན་གྱིས་འཁྲབ་སྟོན་བྱས། ཁོང་དང་ཡེ་ཡུས་མཉམ་དུ་འཁྲབ་པ་རེད། མི་ཚང་ཞིག་ལ་འགྱོད་བཤགས་ཞུ་བར་ཕེབས་པ་འཁྲབ་སྟེ་ཡེ་ཡུས་ལ་འཁྲབ་ཚིག་མ་ངེས་པས་ཐེངས་མང་པོར་འཁྲབ་དགོས་བྱུང་སོང་། མཐའ་མཇུག་ཏུའང་ཡིད་སེམས་མགུ་བ་ཞིག་བྱུང་མ་ཐུབ། འོན་ཏེ་ཁོང་གིས་ད་རུང་སྤོབས་སེམས་ཀྱི་འཁྲབ་ཚན་སྦྱོང་བཞིན་འདུག་ལ། འདིར་ཁོ་བོ་ཧ་ཅང་སེམས་མགུལ་ཐེབས། བློ་བཟང་དགེ་རྒན་ནི་འཁྲབ་སྟོན་པ་ལེགས་ཤོས་ཞིག་ཡིན་ལ་ང་རང་ཆེས་དགའ་སའི་མཉམ་འབྲེལ་བྱེད་ས་ཞིག་ཡིན། འཁྲབ་སྟོན་པ་ཞིག་ལ་མཚོན་ན་འཁྲབ་སྟོན་ནི་བདེ་སྐྱིད་ཀྱི་རོལ་མྱོང་ཞིག་རེད།
ཟླ་༡༠བའི་ཚེས་༡༤ཉིན།
     དེ་རིང་ནི་ཉིན་ལྔ་བ་དེ་རེད། གནམ་གཤིས་དྭངས་ཤིང་གསལ། བརྙན་ཕབ་ས་ཆ་ནི་ཤིང་ནགས་རྭ་བ་ཞིག་དང་། འཁྲིས་སུ་ཆུ་ཕྲན་ཆུང་ཆུང་ཞིག་འབབ། དེ་དང་ཐག་མི་རིང་བར་རྨ་རླུང་རིང་མོ་དལ་གྱིས་འབབ། སྟོན་ལྗོངས་ཀྱི་རྣམ་པའི་ཁོར་ཡུག་ཤིན་ཏུ་མཛེས་ལ་སེམས་ཁམས་ཀྱང་ཤིན་ཏུ་སྐྱིད།
དེ་རིང་གཙོ་བོ་རིན་ཆེན་དོན་གྲུབ་ལགས་ཀྱི་འཁྲབ་སྟོན་བརྙན་ཕབ་ཡིན། ཁོང་ནི་གློག་བརྙན་འདིའི་སྐྱེས་པ་ཕོའི་མི་སྣ་གཙོ་དེ་ཡིན། ཁོང་གིས་བོད་དོན་དང་འབྲེལ་བའི་གློག་བརྙན་གང་མང་ཞིག་འཁྲབ་མྱོང་ལ། ཆེས་ལེགས་པའི་འཁྲབ་སྟོན་པ་ཞིག་སྟེ། ཁོང་ལྟ་བུའི་ཆེད་ལས་འཁྲབ་སྟོན་པར་མཉམ་འབྲེལ་བྱས་ན་ལས་ཀ་བདེ་ལེགས་ངང་འགྲུབ་ཅིང་། དཀའ་ལས་ཅུང་ཟད་མི་འདུག
ཟླ༡༠བའི་ཚེས་༡༥ཉིན།
     དེ་རིང་གློག་བརྙན་གཡང་མདའ་བརྙན་ཕབ་ཉིན་དྲུག་པ་རེད། ང་ཚོ་སྔ་མོ་ནས་ལངས་སྟེ་ལམ་ལ་ཆས། སྤྱི་ལེ་ལྔ་བཅུ་ལྷག་གི་ཁམས་རྭར་སོང་བ་ཡིན། ང་ཚོའི་སྡོད་གནས་དང་ཐག་ཆེས་རིང་ས་དེ་རེད། འདི་རུ་མིང་གྲགས་ལྡན་པའི་ཁམས་རྭ་རྒྱལ་གཅེས་ནགས་ཚལ་སྤྱི་གླིང་ཡོད་པ་དང་། ཁོར་ཤིན་ཏུ་མཛེས་ཤིང་གཅན་ཚའི་ཡུལ་ལྗོངས་མཚོན་པའི་མཛར་སྡུག་གི་རི་མོ་ཞིག་རེད། གནམ་གཤིས་རྒྱུན་ལྡན་དང་། བརྙན་ཕབ་ཀྱང་ལེགས་གྲུབ་བྱུང་། སྙན་གྲགས་ལགས་ཀྱི་དང་པོར་འཁྲབ་སྟོན་བྱས་པ་དང་། ས་གནས་བརྗེས་སྟེ་ཐེངས་གསུམ་ལ་འཁྲབ་པ་རེད། མཐའ་མཇུག་མཁོ་ཆས་ཐམས་ཅད་འཁྱེར་སྟེ་འ་ཆུང་གནམ་རྫོང་གི་རྩེ་རུ་ཕྱིན་པ་དང་རིན་ཆེན་དོན་གྲུབ་ལགས་ཀྱི་འཁྲབ་སྟོན་བྱས། མི་མང་པོས་སྟོད་གོས་ཐམས་ཅད་རྔུལ་ཆུས་བརླན་ཞིང་། དགོང་མོའི་ཆུ་ཚོད་༡༡སྟེང་ད་བཟོད་མགྲོན་ཁང་དུ་སླེབས་ཤིང་། ཉིན་གང་པོར་དཀའ་ལས་བརྒྱབ་ཅིང་བརྙན་ཕབ་ཟིན་པ་ལ་བློ་ཡིད་ཚིམ་པ་བྱུང་།
ཟླ༡༠བའི་ཚེས་༡༦ཉིན།
     དེ་རིང་ནི་ཉིན་བདུན་པ་དེ་རེད། གནམ་གཤིས་གསལ་ཞིང་དྭངས། ཞོགས་པ་ལཱ་མོ་བདེ་ཆེན་གྱི་རི་རྩེར་སོང་སྟེ་བདེ་སྐྱིད་དང་ཉི་མའི་དུས་བཏབ་སྟེ་ཕན་ཚུན་ལ་གཉེན་རྟགས་ཀྱི་མཛུབ་དཀྲིས་བརྗེས་བའི་རྣམ་པ་འཁྲབ། དགོན་ནང་གི་འཆམ་རྭ་ཤིན་ཏུ་རྙིང་བར་ཆགས་སྟེ། རྩ་ལྡུམ་གྱིས་ཁེངས་པ་དང་ཞིག་རལ་དུ་གྱུར་བ། རྒྱ་ཕིབས་སྟེང་ལ་འང་རྩ་ཡན་གྱིས་ཁེངས་སྟེ་ལོ་མང་འཆམ་རྩེད་སོགས་འཁྲབ་སྟོན་མ་བྱས་པར་མངོན། ཕྱི་དྲོར་ཁམས་རྭའི་རྨ་འགྲམ་གྱི་མཚེའུ་ཞིག་གི་ངོགས་སུ་མཚན་ལྗོངས་ཀྱི་རྣམ་པ་ཕབ་ལེན་བྱས། འདི་ཆེས་གཙོ་བོར་གྱུར་བའི་འཁྲབ་ཚན་ཞིག་ཡིན། ཉི་མ་དང་བདེ་སྐྱིད་གཉིས་ཀྱིས་མཚེའུ་ངོགས་སུ་དུས་བཏབ་བྱས་ཤིང་། སྲིང་མོ་འཚོལ་བཞིན་པའི་བཀྲ་དོན་གྱིས་མཐོང་སྟེ། ཁོ་གཉིས་བར་གྱི་གསོམ་སྡོང་ལ་མདའ་འཕངས་པ་དང་། ཝུ་ཆང་གི་དམ་བུས་ཉི་མ་ལ་རྨས་ཤིང་། ཡོན་ཏན་ལགས་ཀྱིས་བར་བཤོལ་བྱས་པ་རེད། འཁྲབ་སྟོན་པ་དག་གི་ཡང་སྐོར་བསྐྱར་སྐོར་ཐེངས་མང་པོར་འཁྲབ་པ་དང་། ཐམས་ཅད་དཀའ་ལས་ཁེག་སྟེ་མགྲོན་ཁང་དུ་སླེབས་དུས་ཞོགས་པ་སྐྱ་རེངས་བསུས་འདུག
ཟླ་༡༠བའི་ཚེས་༡༧ཉིན།
     དེ་རིང་ནི་ཉིན་བརྒྱད་པ་དེ་རེད། གནམ་གཤིས་ནི་དྭངས་ཤིང་གསལ། མདང་དགོང་བརྙན་ཕབ་ཀྱི་རྐྱེན་པས་ཚང་མ་ཐང་ཆད་དེ་སྔ་དྲི་ངལ་གསོ་བྱས་པ་ཡིན། ཉིན་གུང་ཟ་མ་ཟོས་རྗེས་ཁམས་རྭའི་ཕྱོགས་སུ་བསྐྱོད། ཕྱི་དྲོར་རྒན་པ་ཞིག་གིས་མདའ་གཞུ་བཟོ་བའི་རྒྱུད་རིམ་ཡིན་པ་དང་། འཁྲབ་གཞུང་ལ་འཁྲབ་ཚིག་ཐིགས་ཕྲེང་གཉིས་ལས་མེད་ཀྱང་། ཕྱི་དྲོ་ཧྲིལ་བོའི་དུས་ཚོད་བཀོལ་དགོས་བྱུང་། དགོང་མོ་ནི་མདའ་རྩེད་འགྲན་བསྡུར་ཚར་རྗེས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་བལྟ་བཞིན་པའི་རྣམ་པ་དེ་ཡིན། བརྙན་ཕབ་འདི་ནི་རང་ཉིད་ཀྱི་གློག་བརྙན་གསར་བའི་ནང་དུ་གློག་བརྙན་རྙིང་བ་བཞག་ཅིང་། ཚང་མའི་དེ་ལ་བལྟ་བཞིན་པ་མཐོང་ཚེ། བག་ཆགས་ཟབ་མོ་ཞིག་ཐེབས་ཤིང་། མང་ཚོགས་ཀྱི་འཁྲབ་སྟོན་པ་ཤིན་ཏུ་མོད་ཅིང་། བཀོད་སྒྲིག་ཡག་པོ་བྱེད་པའང་ཁེག་པོ་ཡིན་ནའང་། བརྙན་ཕབ་བདེ་ལེགས་ཀྱི་ལེགས་གྲུབ་བྱུང་བས་ཆུ་ཚོད་༡༢སྟེང་ཕབ་མཚམས་བཞག་པ་ཡིན།
ཟླ་༡༠བའི་ཚེས་༡༨ཉིན།
     གློག་བརྙན་གཡང་མདའ་ཕབ་སྐྲུན་གྱི་ཉིན་༩པ་རེད། གནམ་གཤིས་དྭངས་ཤིང་གསལ། དུས་ཚོད་༡༠ཡས་མས་ནས་ལམ་དུ་ཆས། ཕྱི་དྲོ་བར་དུ་ཕ་རྒན་བློ་བཟང་ཆོས་འཕེལ་གྱིས་བུ་རིན་ཆེན་དོན་གྲུབ་ལ་མདའ་བསླབ་པ་རེད། ཁོ་གཉིས་ནི་ཆེད་ལས་འཁྲབ་སྟོན་པ་ལགས་པས་མཉམ་འབྲེལ་ཡག་པོ་དང་ང་ཚོས་ཀྱང་ཞིབ་ཚགས་པས་བརྙན་ཕབ་བྱས་པ་ཡིན། ཕྱི་དྲོ་དུས་ཚོད་བཞི་བ་ཡུལ་ལྗོངས་བརྗེས་སྟེ་གྲོང་སྡེ་རུ་སོང་ཞིང་། མདའ་རྩེད་འགྲན་བསྡུར་ཚར་སྟེ་ཕ་རྒན་གྱི་བུ་ཕྲུག་ལ་བསླབ་སྟོན་གནང་བ་དེ་ཡིན། བུ་ཆུང་ནི་ས་གནས་ཀྱི་སློབ་འབྲིང་སློབ་མ་ཡིན། ཆེས་ལེགས་པའི་འཁྲབ་སྟོན་གྱི་ཉམས་འགྱུར་རྫོགས་པས་ཐམས་ཅད་ལེགས་གྲུབ་བྱུང་། འཁྲབ་ཁྲིད་པ་གཞོན་པར་འོས་འཚམས་ཀྱི་འཁྲབ་སྟོན་པ་རྙེད་པར་བཀའ་དྲིན་ཞུས།
ཟླ་༡༠བའི་ཚེས་༡༩ཉིན།

     དེ་རིང་ནི་ཉིན༡༠པ་དེ་རེད། གནམ་གཤིས་དྭངས་ཤིང་གསལ། བུད་མེད་གསུམ་གྱིས་སྣང་རའི་གོར་མོ་ཆེ་བཟོས་པ་དང་། བློ་བཟང་དགེ་རྒན་གྱི་མདའ་བཤད་བྱས། སྣང་རའི་གོར་མོ་ཆེ་བཟོ་བར་གོ་རིམ་ངེས་ཅན་ཞིག་དགོས་པ་དང་། གོ་རེ་གཅིག་ལ་རྒྱ་མ་བརྒྱ་ལྷག་ཡོད་པ་རེད། གྲོ་ཕྱེ་དང་སྐྱུར། ཚྭ་དང་སྣུམ་འོ་མ་ལ་སོགས་པའི་རྒྱུ་ཆ་དགོས་པ་རེད། ས་དང་བོང་བ་སྲེག་ཐལ་གྱི་ནང་ལོགས་སུ་གོ་རེ་ཆེན་པོ་དེ་ཚོས་དགོས་པ་ཞིག་རེད། གོ་རེ་དེ་དྲི་ངད་དང་ལྡན་ལ་རོ་བཅུད་དང་ལྡན་པ་ཞིག་ཡིན། བཤད་ཚུལ་ལ་ཉི་མ་ལྷ་སའི་ཇོ་བོའི་མདུན་དུའང་སྣང་རའི་གོར་མོ་ཆེ་ཕུལ་ཡོད། ཕྱི་དྲོ་སྟོབས་རྒྱས་དགེ་རྒན་ཡིས་བློ་བཟང་ཆོས་འཕེལ་ཁྲིད་དེ་ཉི་མའི་ཁྱིམ་དུ་འགྱོད་འཚང་ཞུ་བར་ཕྱིན། སྟོབས་རྒྱས་ལགས་ནི་ཨ་ཆེན་གངས་རྒྱབ་ཞེས་པ་སོགས་གློག་བརྙན་ནང་དུ་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས། ཁོང་དང་མཉམ་འབྲེལ་བྱེད་པ་ནི་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད། དགོང་མོར་རིན་ཆེན་དོན་གྲུབ་ལགས་ཀྱི་འཁྲབ་སྟོན་ཡིན། འཁྲབ་ཚན་ཤིན་ཏུ་ཐུང་ངུ་ལས་མེད་ཀྱང་། གྲ་སྒྲིག་ཆུ་ཚོད་གཉིས་ལྷག་བྱེད་དགོས་བྱུང་། བརྙན་ཕབ་པས་དཀའ་ལས་ཁེག་སོང་།
ཟླ་བ་༡༠བའི་ཚེས་༢༠ཉིན།

     དེ་རིང་ནི་ཉིན་༡༡པ་རེད། གནམ་རུབ་པ་ནས་དྭངས་བར་གྱུར། ཉིན་གང་པོར་མདའ་རྭ་བཟོས་པ་ཡིན། ང་ཚོའི་མཛེས་བཟོ་རུ་ཁག་གིས་ཉིན་ཤས་རིང་མདའ་རྭ་བཟོས་པ་དང་ཤིན་ཏུ་མཐོ་བའི་རི་རྩེ་ཞིག་ཡིན། བརྗིད་ཉམས་ལྡན་པ་དང་གཡང་མདའ་སྣ་ཚོགས་ཞིག་ལེགས་གྲུབ་བྱུང་བ་དང་ཞོགས་པ་ཆུ་ཚོད་བདུན་པ་ནས་དེར་ཐོན། ཆེ་ཆུང་རྒན་གཞོན་ཐ་དག་གཡང་མདའ་རི་རྩེར་བསྐྱེལ་དུས་ཆུ་ཚོད་བཅུ་པ་ཙམ་རེད། ཚང་མ་མཐུན་སྒྲིལ། ཧུར་བརྩོན་དང་ལྡན། བརྙན་ཕབ་ལེགས་གྲུབ་བྱུང་ལ་འདོད་བློ་དང་ཚིམ་བྱུང་། སྤུན་ཟླ་དག་གིས་འོ་བརྒྱལ་མྱངས་སོང་།
ཟླ་༡༠བའི་ཚེས་༢༡ཉིན།

     དེ་རིང་ནི་ཉིན༡༢པ་རེད། གནམ་གཤིས་དྭངས། འཁྲབ་གཞུང་ལས་འཁྲབ་རྭ་ཆེས་ཆེ་བ་གཉིས་པ་དེ་རེད། བྲག་ཁུང་སྣ་ཁའི་རྨ་ཆུའི་འགྲམ་གྱི་སྡོང་གསེང་ཡིན་ལ། དེ་ལས་རྨ་རླུང་རིང་མོ་དལ་གྱིས་བཞུར་བ་མཐོང་། ཕན་འབྲས་ལེགས་པོ་བྱུང་། འཁྲབ་སྟོན་པ་མི་བཞི་བརྒྱ་ལྷག་འདུས་ཤིང་། འཁྲབ་སྟོན་མི་སྣ་ཆེས་མང་པོ་སྟེ་བོད་རིགས་ཡུམ་སྐད་ཀྱི་སྟེང་གློག་བརྙན་ལོ་རྒྱུས་སྟེང་དེ་རིང་ནི་མི་སྣ་ཆེས་མང་བ་ཞིག་རེད། ཉིན་གང་པོར་བརྙན་ཕབ་བྱས་པ་དང་། ཕྱོགས་གཉིས་ཀྱི་མདའ་བ་དག་གི་མཉམ་འབྲེལ་ཡག་པོ་དང་གུང་ཟས་མ་རེག་པར་མ་བྱན་དག་གིས་ཁ་གསབ་བྱེད་པ་བྱུང་། ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་། སང་ཉིན་ད་རུང་མུ་མཐུད་ཧུར་བརྩོན་བྱེད་དགོས་པ་རེད།
ཟླ་༡༠བའི་ཚེས་༢༢ཉིན།
     དེ་རིང་ནི་ཉིན་༡༣པ་རེད། གནམ་གཤིས་དྭངས། མུ་མཐུད་དེ་བྲག་ཁུང་སྣ་ཁའི་བརྙན་ཕབ་དང་། འཁྲབ་སྟོན་པ་ཉུང་ངུར་ཆགས་ཡོད། འོན་ཏེ་བརྙན་ཕབ་ལ་སྐྱོན་བྱུང་མེད། འཁྲབ་སྟོན་པའི་སྣང་ཚུལ་ཡག་པོ་དང་ཉམས་འགྱུར་ཁ་ཤས་ཤིན་ཏུ་ལེགས་པོ་བྱུང་། གྲོགས་པོ་ཉི་མ་ཐར་དང་རྩོམ་པ་པོ་རིན་བསྟན་རྒྱ་མཚོ་སོགས་བརྙན་འཕྲིན་ཁང་གི་འདྲ་ལེན་པ་སོགས་ལ་ཐུགས་རྗེ་ཞུ་བ་དང་འཁྲབ་ཚན་འདིར་ད་རུང་ཉིན་གཅིག་དགོས་པ་རེད།
དེ་རིང་ནི་ཉིན་༡༤པ་རེད། གནམ་གཤིས་དྭངས། མཐའ་མཇུག་རྨ་འགྲམ་དུ་བརྙན་ཕབ་རེད། གཙོ་བོ་ནང་ལོགས་ཀྱི་ལེ་ཚན་ཁ་ཤས་སྟེ། འཁྲབ་སྟོན་པ་མང་པོའི་དགོས་པ་མེད། ཡིན་ནའང་མི་མང་པོ་སླེབས་ཚར་བ་རེད། སྤྲོ་སེམས་འཁོལ་བའི་མི་མང་གི་འཁྲབ་སྟོན་ཁ་ཤས་ཀྱིས་ཕན་ཐོགས་ལེགས་པོ་བྱུང་། ཕྱི་དྲོ་ཆུ་ཚོད་བཞི་བར་བརྙན་ཕབ་ཚར་ཞིང་། དབུགས་མལ་ཅིག་གསོས་པ་ཡིན། རྗེས་ནས་རྨ་ཆུར་བརྒལ་བ་དེ་ཡིན་ཞིང་། སྦག་སྦག་གིས་མ་འདང་བ་བདེ་འཇགས་གནད་དོན་ལ་བསམ་གཞིགས་བྱེད་དགོས་བྱུང་། བརྙན་ཕབ་མ་ཚར་བར་བསྡུ་གསོག་རྒྱས་དགོས་བྱུང་། རུ་ཁག་སོ་སོས་སང་ཉིན་ལ་གྲ་སྒྲིག་བྱེད་དགོས་པ་རེད།
ཟླ་༡༠བའི་ཚེས་༢༤ཉིན།

     བརྙན་ཕབ་ཟླ་ཕྱེད་ཙམ་སོང་ལ་གློག་བརྙན་ཕྱེད་ཀ་ཙམ་འགྲུབ་པ་རེད། གནམ་གཤིས་དྭངས། དེ་རིང་གཅན་ཚ་རྫོང་གི་ལུས་རྩལ་རྭ་བར་འཁྲབ་སྟོན་གཙོ་བོ་ཞིག་ཡིན། རིན་ཆེན་དོན་གྲུབ་དང་བསོད་ནམས་ཉི་མ་གཉིས་སྟེ། ཁང་པའི་ནང་ལོགས་སུ་སྟབས་བདེ་མོ་ཡོད་པ་དང་དྲོན་མོ་ཆགས་འདུག ཚེས་༢༥་ནས་༢༧བར་བསོད་ནམས་ཉི་མར་ཁོམ་སྐབས་མེད་ལ། ཉིན་གཅིག་ལ་མགྱོགས་མྱུར་བྱས་སྟེ་བརྙན་ཕབ་ལེགས་གྲུབ་བྱུང་བ་དང་། བརྙན་ཕབ་འཆར་འགོད་ཀྱི་སྙིང་པོ་ཐམས་ཅད་འཁྲབ་སྟོན་ལེགས་གྲུབ་བྱུང་། ཕལ་ཆེར་བདེ་ལེགས་ཀྱི་ཉིན་ཞིག་རེད། (མུ་འགོད།)


 

དཔྱད་མཆན་ཡོད།