«གཡང་མདའ»ཡི་ཕྲན་དཔྱད་འགའ།

 


[པདྨ་རྣམ་རྒྱལ།]  གཡང་མདའ་ཞེས་པའི་གློག་བརྙན་འདི་ནི་བོད་རིགས་གློག་བརྙན་གྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་གྲུབ་ལ། གློག་བརྙན་འདི་ནི་བོད་རིགས་གློག་བརྙན་གྱི་རྣམ་པ་གསར་བ་ཞིག་བཏོད་པ་ནི་སྨོས་ཅི་དགོས།   ལྷག་པར་གློག་བརྙན་དར་ནས་ཡུན་རིང་མ་སོན་པའི་རང་རིགས་ལ་མཚོན་ན་དེ་ལས་ཀྱང་ངོ་།།  དེས་ན་ང་ཚོས་གློག་བརྙན་འདི་ལ་ཅིའི་ཕྱིར་འདི་འདྲའི་གོ་ཐོབ་ཞིག་དང་འདི་འདྲའི་གཟི་བརྗིད་ཅིག་མངའ་དོན་ཅི་ཡིན་ཞེ་ན།   འདི་ནི་གློག་བརྙན་ཁོ་རང་སྟེང་ནས་གྲུབ་པ་རྐྱང་མ་ཡིན་པར།    བོད་མི་རིགས་ཀྱིས་གློག་བརྙན་འདིར་མཚན་སྙན་དང་ཁ་དབང་སྤྲད་པ་དང་མི་སྤྲད་ཡང་ཐ་མེད་རེད།        རེད་དེ།  དེ་ནི་བོད་ཀྱི་གློག་བརྙན་གྱི་དུས་བབ་ཀྱིས་ཐག་གིས་བཅད་པ་ཤ་སྟག་རེད།    
    སྤྱིར་བཏང་ཐོག གློག་བརྙན་འདི་ནི་དེ་འདྲའི་ཧ་ལས་པ་དང་ཧང་སངས་དགོས་པ་ཞིག་མ་ཡིན།   ལྷག་པར་གློག་བརྙན་འདི་ནི་དུས་མཚམས་གང་ཞིག་གི་ཡིན་པ་གསལ་བོར་ཤེས་ཐུབ་ཀྱིན་མི་འདུག    ལན་རེར་དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་བེད་སྤྱོད་བཏང་བ་དང་།    ལན་རེར་སྡེ་མི་ཀུན་མཉམ་དུ་གློག་བརྙན་ལ་ལྟ་བ་འདི་ནི་དེང་དུས་ཀྱི་རྣམ་པ་ཞིག་མ་ཡིན་ཏེ།    དེར་མ་ཟད་གློག་བརྙན་འདིའི་ནང་དུ་གཉེན་སློང་བར་མཛུབ་དཀྲིས་སྟེར་བ་དང་ལྷག་པར་མི་མང་པོའི་གྲས་ནས་སྟེར་བ། འདི་ནི་བལྟས་ཚོད་ཀྱིས་རང་རིགས་ཀྱི་སྤྱོད་སྟངས་ཤིག་མིན་པར་སེམས།  དེར་མ་ཟད་གློག་བརྙན་འདིའི་ནང་གི་པར་མིག་ནི་འཁྲབ་སྟོན་པ་སོ་སོར་ཆ་སྙོམས་ཀྱིས་བགོས་པ་དང་མི་སྣ་གཙོ་བོ་ཡང་གང་ཡིན་པ་གསལ་པོ་ཞིག་ཤེས་དཀའ་བར་འདུག        གཞན་བྱིས་པའི་འཁྲབ་ཚན་དེ་མང་པར་འདུག་ལ་སྐལ་བཟང་རྡོ་རྗེ་ཟེར་བ་དེས་“བྱིས་པ་བསམ་ཤེས་”ལྟ་བུ་ཞིག་ཏུ་སོང་ལ།   བྱིས་པའི་རྣམ་དག་གི་སེམས་དེ་ཡང་གར་སོང་ཆ་མེད་དུ་སོང་།   ད་དུང་མདའ་འཕེན་སྐབས་ཀྱི་གསར་འགོད་པ་དེ་ནི་ཤིན་ཏུ་མི་འཚམ་པར་འདོད་དེ་སྤྱིར་བཏང་གསར་འགོད་པ་དག་ནི་ལོ་གཞོན་གཞོན་གྱི་ཕོ་གསར་མོ་གསར་ཡིན་པ་ལ་འོན་ཀྱང་གློག་བརྙན་འདིའི་ནང་དུ་ལྡོག་འདུག  
ད་དུང་གཞན་པའི་གནད་དོན་མང་དུ་སྣང་ཡང་།  དར་ལ་མ་བབས་པའི་བོད་རིགས་གློག་བརྙན་ལ་མཚོན་ན་འགའ་ཤས་ཤིག་གུ་ཡངས་སུ་བཞག་ཀྱང་འོས་མི་མཆིས་པ་མེད་དོ།། རེད་ཡ།   གློག་བརྙན་འདི་ནི་བོད་ཀྱི་གློག་བརྙན་ཡིན་ལ།   པདྨ་ཚེ་བརྟན་གྱི་གློག་བརྙན་ཡིན།      གློག་བརྙན་ཤིན་ཏུ་དར་བའི་དུས་སྐབས་འདིར་པདྨ་ཚེ་བརྟན་ལྟ་བུའི་འཁྲབ་ཁྲིད་པ་མང་པོ་ཞིག་འབྱུང་རྒྱུ་ནི་ཤིན་ཏུ་རེའོ།།

 

[སྐལ་བཟང་ཚེ་རིང་།]  པད་མ་ཚེ་བརྟན་གྱི་༼གཡང་མདའ་༽བྱ་བའི་བརྩམས་ཆོས་འདིར་སྤྱིའི་ཆ་ནས་བོད་རང་གི་གློག་བརྙན་གྱི་འཕེལ་རྒྱས་ལ་མཚོན་ན་དོན་སྙིང་ཤིན་ཏུ་ཆེ་ལ་བྱས་རྗེས་བསྙོན་དུ་མེད་པ་ཞིག་ཡིན་མོད་ཀྱི།    མི་སྒེར་གྱི་ངོས་ནས་བལྟས་ན་བརྗོད་བྱ་འབུར་དུ་ཐོན་མེད་པ་དང་།  བྱུང་རིམ་ལ་འཕེལ་འགྲིབ་ཉུང་བ།  དེ་བཞིན་དུ་མདའ་རྩེད་དེ་ཆེས་ཆེར་བཏང་ནས་འཚོ་བ་དངོས་དང་ཁ་ཐག་རིང་བ་སོགས་གནད་དོན་ཁ་ཤས་ཡོད་པར་སྙམ།
༡  བརྗོད་བྱ་འབུར་དུ་ཐོན་མེད་པ་དེ།  
   སྐར་མ་དགུ་ཅུ་དང་ལྡན་པའི་གློག་བརྙན་འདིའི་དུས་ཚོད་ཧྲིལ་པོའི་ནང་དུ་ལྷ་ལུང་སྡེ་བ་དང་མདའ་མོ་སྡེ་བ་གཉིས་ཀྱི་མདའ་རྩེད་ནས་མགོ་བརྩམས་དེ་མདའ་མོ་སྡེ་བའི་མདའ་པ་བཀྲ་རྡོ་ཕམ་ནས་རང་གི་སྲིང་མོ་དེ་ཁོ་རྒྱལ་བའི་སྡེ་བ་གཞན་པའི་མདའ་བ་དང་བརྩེ་བ་ཆགས་པར་མ་དགའ་བ་དང་དེ་དཀག་འགོག་དང་མཐའ་མར་ཡང་མོས་མཐུན་བྱུང་པའི་སྐོར་ཡིན་འདུག  འདིའི་གོ་རིམ་ཧྲིལ་བོའི་ནང་དུ་མི་སྣ་གཙོ་ཕལ་གྱི་དབྱེ་བ་མི་འདུག་ལ།  ལྷག་ཏུ་བཀྲ་རྡོ་བྱ་བའི་མི་སྣ་འདི་ཇུས་འགོད་བྱ་བ་དེ་ཡང་དོན་དངོས་དང་མི་མཐུན་ལ་མི་སྣའི་གཤིས་ཀ་གསལ་བོར་མེད་པ་ཞིག་ཏུ་འདོད་དེ།   དགའ་བ་དང་དུང་པའི་འགྱུར་པ་དེ་ཡང་གང་འདོད་ལྟར་འགྱུར་བ་དེ་འཇིག་རྟེན་སྤྱི་ལུགས་དང་མི་མཐུན་པ་ཞིག་ཏུ་ཆགས་འདུག
༢    སྤྱི་ཚོགས་ལ་ཐོན་དགོས་ངེས་ཀྱི་ནུས་པ་དེ་ཐོན་མི་འདུག
   སྤྱིར་བོད་རང་གིས་འཁྲབ་སྟོན་བྱས་ལ་བོད་རང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་འདི་ལྟ་བུ་ཞིག་ལ་མཚོན་ན།   སྤྱི་ཚོགས་སྟེང་ནས་དོ་སྣང་ཆེན་པོ་བྱ་སྲིད་པས།   གོ་སྐབས་དེ་བེད་སྤྱད་ནས་བོད་ཀྱི་ཐུན་མོང་གིས་གོ་བའི་སྐད་ཁྱབ་གདལ་གཏོང་བ་སོགས་སྤྱི་ཚོགས་དང་མི་རིགས་སོགས་ལ་ཕན་པའི་ནུས་པ་མི་དམན་པ་མི་ཉུང་བ་ཞིག་ཐོན་ཐུབ་མོད།   གློག་བརྙན་འདིའི་ནང་དུ་གཙན་ཚ་ས་གནས་ཀྱི་སྐད་ཡིན་པས།   ཁམས་དང་དབུས་པ་མ་ཟད་ཨ་མདོ་བའི་ནང་ན་ཡང་མི་གོ་མཁན་འདུག་པས་དེ་ནི་སྐྱོན་ཆེན་པོ་ཞིག་ཏུ་གྱུར་འདུག་སྙམ།   ཡིན་ན་ཡང་འདི་ཉིད་སྐྱོན་དུ་ལྟ་བ་ནི་པད་མ་ཚེ་བརྟན་ཁོ་རང་གི་སྐྱོན་མ་ཡིན་པར་མ་དངུལ་གྱི་སྦྱིན་བདག་གཙན་ཚ་ས་གནས་ཀྱི་རྫོང་མི་དམངས་སྲིད་གཞུང་གི་ནུས་པས་ཚོད་འཛིན་དང་བཀག་རྒྱ་བྱས་པ་རེད་བསམས་ཡོད།   ཡང་གཙན་ཚ་རྫོང་མི་དམངས་སྲིད་གཞུང་གིས་བོད་ཀྱི་ཚོང་ལས་གློག་བརྙན་ཐོག་མ་བྱ་བའི་མཚན་སྙན་འདི་གཡར་ནས་ཁོ་རང་ཚོའི་ས་གནས་ཀྱི་མདའ་རྩེད་བྱ་བ་དེ་སྒོ་ཀུན་ནས་ཁྱབ་བསྒྲགས་བྱ་ཐུབ་སོང་པ་དེ་ལ་རྟེན་འབྲེལ་ཞུ་གི་ཡིན།

 

[བདྨ་འབུམ།]  གློག་བརྙན་འདིའི་རང་སྟེང་གི་ལོ་རྒྱུས་འཕེལ་འགྱུར་ངོས་ཐད་ནས་བལྟས་ན།  སྔོན་ལས་ལྷག་པའི་འཐུས་ཚང་གི་ཆ་འགའ་ཡོད་དེ།  དང་པོ།  འཁྲབ་སྟོན་མི་སྣ་དག་ཆེད་ལས་ཡིན་པ།  གཉིས། ལྗོངས་ཀྱི་རིགས་ཡང་སྔོན་གྱི་ལྗོངས་ཧྲིལ་བོ་དང་ལྗོངས་ཕྱེད་ཀ་ལས་ཉེ་ལྗོངས་མང་ཙམ་ཡོད་པ།  གསུམ།  འཁྲབ་ཁྲིད་པའི་ཕབ་སྟངས་ཀྱི་གོ་རྟོགས་ཀྱང་སྔོན་ལས་ཚང་འཛོམས་སུ་གྱུར་ཡོད།  གློག་བརྙན་གྱི་ནང་དོན་ཆ་ནས་བོད་ཀྱི་མདའ་རྩེད་རིག་གནས་དང་ཆོས་ལུགས་དད་མོས། འཚོ་བའི་གོམས་སྲོལ་གསུམ་ཀ་གཙོ་བོར་བརྗོད་ཡོད་པ་ཞིག་རེད། དེ་མ་ཟད་གློག་བརྙན་ལས་ད་དུང་རང་མི་རིགས་ཀྱི་དངོས་ཡོད་འཚོ་བ་ཞིག་སྟེ། སྲོལ་རྒྱུན་དང་དེང་རབས་རིག་གནས་གཉིས་ཀྱི་འགལ་བའི་ཆ་ཡང་བརྗོད་ཡོད།  སྤྱིར་འདི་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནམ་ཕན་ཚུན་སྟོང་ཆ་བསྐང་ནས་འཕེལ་འགྱུར་བྱུང་བ་ཞིག་ཡིན་མོད།  ཡིན་ན་ཡང་རང་ཉིད་ཀྱི་བསམ་པར་འཁྲབ་ཁྲིད་པའི་ལངས་ཕྱོགས་ནི་སྲོལ་རྒྱུན་རིག་གནས་ལ་དེ་ལས་ལྷག་པའི་དགའ་བ་དང་དུངས་པ་བརྗོད་ཀྱིན་ཡོད་བསམ།   དེ་མ་ཟད།  རང་ཉིད་ལ་ད་དུང་ངེས་ཟིན་ཞིག་ཡོད་པ་ནི་གློག་བརྙན་འདི་ལས་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་འབྱུང་སྟེ།  རིག་གནས་ཅིག་གི་དར་རྒུད་ལས་རྒུད་པའི་ཆ་བརྗོད་ཀྱིན་ཡོད་བསམ།  

[ཀརྨ་ནོར་འཛོམས།]  ད་ཐེངས་དགའ་འོས་པ་ཞིག་ནི་༢༠༡༤ལོའི་ཟླ་བ་༡༢པའི་ཚེས་༨ཉིན་གྱི་དགོང་མོ་རང་རེའི་བོད་ཀྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་གསར་པ་༼གཡང་མདའ༽ཞེས་པ་འདིར་ལྟ་རྒྱུ་བྱུང་བ་མ་ཟད་ད་དུང་ཁོང་རང་དངོས་སུ་མཇལ་ནས་གཏམ་བཤད་ལ་ཉན་རྒྱུ་བྱུང་བ་དེ་ལ་སེམས་ནང་ནས་དགའ་སྤྲོ་དཔག་མེད་སྐྱེས་བྱུང་ལ་ཁོང་རང་འདི་གར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
   ༼གཡང་མདའ།༽ཞེས་པའི་གློག་བརྙན་འདི་ནི་ང་རང་ཉིད་ཀྱིས་བསམ་པར་དེ་སྔ་འཁྲབ་ཁྲིད་བྱས་པའི་གློག་བརྙན་༼ལྷིང་འཇགས་ཀྱི་མི་ཎི་རྡོ་འབུམ།༽དང༼ཁྱི་རྒན་༽སོགས་ཀྱི་བརྗོད་བྱ་དང་མི་འདྲ་བར་གློག་བརྙན་འདིའི་ནང་གི་གཙོ་བོའི་བརྗོད་སྙིང་ནི་མཚོ་སྔོན་ཞིང་ཆེན་གཅན་ཚྭ་རྫོང་གི་གནའ་བོའི་མདའ་རྩེད་ཀྱི་སྲོལ་རྒྱུན་རིག་གནས་འདི་བརྗོད་གཞིར་བྱས་ནས་གཙོ་འཁྲབ་མི་སྣ་བཀྲ་རྡོར་དང་འདྲ་བར་མདའ་རྩལ་ལ་ཧ་ཅང་དགའ་བའི་གཅན་ཚའི་ཕོ་གཞོན་རྣམས་ཀྱིས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་མ་ཉམས་གོང་འཕེལ་ཡོང་ཕྱིར་སྡེ་བ་ཕན་ཚུན་བར་མདའ་རྩལ་འགྲན་པ་ལ་སོགས་པའི་བྱེད་སྒོ་སྤེལ་གྱིན་ཡོད་པ་བརྗོད་འདུག་ལ་གནའ་བོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་དཔལ་ཡོན་གཉིས་ལོ་རྒྱུས་ཀྱི་འཕེལ་གྲིབ་ཁྲོད་དུ་ངོ་མཚར་ཡིད་དུ་འོང་བའི་རིག་གནས་ཀྱི་གར་སྟེགས་ཞིག་སྐྲུན་འདུག གློག་བརྙན་འདིར་བལྟས་རྗེས་ང་རང་ལ་ཆ་མཚོན་ན་མྱོང་ཚོར་ཆེས་ཟབ་ཤོས་ནི་མི་རིགས་གཅིག་ལ་ཆ་མཚོན་ན་སྲོལ་རྒྱུན་རིག་གནས་ནི་མི་རིགས་འདིའི་བླ་སྲོག་དང་འདྲ་བས་རང་རེའི་སྲོལ་རྒྱུན་རིག་གནས་འདི་མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་རེད་སྙམ་བྱུང་།

                                                                                                               
[རིན་ཆེན་དཔལ་སྒྲོན།]  ༼གཡང་མདའ་༽ཞེས་པའི་གློག་བརྙན་འདི་ནི་གཅན་ཚའི་ཡུལ་གྱི་གཡང་མདའ་བཤད་པ་བརྒྱུད་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིགས་གནས་དང་དེང་རབས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ། བོད་ཀྱི་རྒན་རྒོན་དང་གཞོན་ནུའི་འགལ་ཟླ་དང་ཕོ་མོའི་བརྩེ་དུང་སོགས་མཚོན་བཞིན་འདུག་ལ། དེ་ཡང་གློག་བརྙན་ནང་གི་འཁྲབ་སྟོན་པ་བོད་མི་རང་དང་འཁྲབ་སའི་ཡུལ་བོད་རང་གི་ས་ཆ་ཡིན་པས། གློག་བརྙན་འདི་ནི་བོད་མིའི་ཕྱིའི་འཚོ་བ་དང་ནང་སེམས་ཀྱི་འགྱུར་ལྡོག་སོགས་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། དེ་ནི་ཁ་གསལ་ཞིང་གོ་བདེ་ལ། སྒྱུ་རྩལ་དང་ལྡན་པ། ཡིད་དབང་འཕྲོག་པའི་གློག་བརྙན་ཞིག་རེད་འདུག དེ་སྔོན་རང་ཉིད་ཀྱིས་བལྟས་མྱོང་བའི་༼དྲི་མེད་ཀུན་ལྡན་༽དང༼འགྲོ་བ་བཟང་མོ་༽སོགས་དང་བསྡུར་ན། ༼གཡང་མདའ་༽ནི་བོད་མའི་འཚོ་བ་དངོས་མཚོན་པ་དང་བོད་མིའི་གཤིས་ལུགས་རང་ཡིན་པ་ལས།མི འི་བསམ་བློ་ཙམ་ལ་བརྟེན་ནས་རྟོག་བཟོ་བྱེད་པ་ཙམ་མ་ཡིན་ནོ།།
    སྒྱུ་རྩལ་གྱི་ངོས་ཐད་ནས་བཤད་ན་དེ་སྔོན་བོད་མི་རང་གིས་འཁྲབ་པའི་གློག་བརྙན་མང་པོ་ཞིག་ན། མི་སྣ་ཕན་ཚུན་བར་ཁ་བརྡ་མེད་ལ། གླུ་ཚིག་སྒོ་ནས་གློག་བརྙན་འཇུག་རྫོགས་པ་སོགས་དཔེར་ན་༼རྒན་གྱའི་སྐར་མ་༽ལྟ་བུ། ༼གཡང་མདའ་༽ཡི་ནང་མི་སྣ་དང་མི་སྣའི་སེམས་ཁམས་མཚོན་པ་སོགས་གཙོ་བོར་བཞག་འདུག་པས་དེ་ནི་བོད་མི་རིགས་ཀྱི་གློག་བརྙན་འདི་རྒྱ་རིགས་དང་ཆེས་འཕེལ་རྒྱས་ཆེ་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གློག་བརྙན་འཁྲབ་ལམ་ཞིག་རྙེད་འདུག་ལ། གློག་བརྙན་འདིར་བལྟས་རྗེས། ང་དང་ང་འདྲ་བའི་སློབ་མ་མང་པོ་ཞིག་ལ། བསམ་བློ་གསར་བ་ཞིག་དང། འཚོ་བ་གསར་བ་ཞིག་དང་འདུན་ལམ་གསར་བ་ཞིག རེ་བ་གསར་བ་ཞིག་སྤྲད་བྱུང་།


[ཚེ་རིང་སྒྲོལ་དཀར།]   གློག་བརྙན་《གཡང་མདའ》ཡི་ནང་དུ་གཙོ་བོ་མདོ་སྨད་གཅན་ཚའི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་རྒྱབ་ལྗོངས་བྱས་ཏེ། སྡེ་བ་གཉིས་ཀྱི་ལོ་རེ་རེའི་མདའ་འཕེན་འགྲན་བསྡུར་ལས་སྡེ་བའི་ཕྱོགས་ཀྱི་སྐད་གྲགས་ཆེ་བའི་མདའ་བ་གཉིས་དང་བུ་མོ་ཞིག(མདའ་བ་གཅིག་གི་ནུ་མོ་དང་གཅིག་གི་དགའ་རོགས་ཡིན)བཅས་ཀྱི་བར་དུ་བྱུང་བའི་འགལ་བ་དང་བརྩེ་དུང་། འགྲིག་མཐུན་སོགས་བརྗོད་ཡོད།
    ང་རང་ཉིད་ཀྱིས་འདིའི་ནང་ནས་མཐོང་བའི་སྐྱོན་ཆ་ནི། འཚོ་བའི་བདེན་ཁ་ཅུང་ཙམ་ཤོར་བའི་ཆ་སྟེ། གཅིག ཉི་མས་མི་མང་འཚོགས་སའི་ནང་ནས་བདེ་སྐྱིད་ལ་མཛུབ་དཀྲིས་བྱིན་པ། གཉིས། བཀྲ་དོན་གྱི་ལག་རོགས་པ་དེའི་སྡེ་མི་ཚང་མའི་མཉམ་དུ་ཟ་མ་ཟ་སྐབས་བདེ་སྐྱིད་ཀྱི་གླུ་ལ་དབྱེ་ཞིབ་བྱེད་ཚུལ་དང་ལག་རོགས་པ་གཞན་རྣམས་ཀྱིས་དེའི་རྗེས་ཀུ་རེ་རྩེ་ཚུལ། གསུམ། བཀྲ་དོན་གྱི་སྤུན་ཆུང་སྟེ་བྱིས་པ་ཆུང་ཆུང་དེའི་སྐད་ཆ་བཤད་སྟངས་དང་བཤད་རྒྱུ་མང་པ། གཞན་སྐད་ཆའི་ཆ་ནས་ལུང་སྐད་ཀྱི་ཤན་ཤུགས་ཆེ་དྲགས་པས་ལྟ་མཁན་མང་པོ་ཞིག་གི་འདོད་བློ་སྐོང་མི་ཐུབ་པ་བཅས་ཀྱི་སྐྱོན་ཆ་འདུག  


[བདེ་སྐྱིད་གཡང་ལགས།] གློག་བརྙན་འདི་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན། དེས་མི་རིགས་འདིའི་རིག་གནས་དང་གོམས་སྲོལ་སོགས་མངོན།
༡ འཁྲབ་སྟོན་མི་སྣ་དག་ཁོ་རང་གི་སྔོན་གྱི་གློག་བརྙན་དག་དང་མི་འདྲ་བར་ཆེད་ལས་མི་སྣས་འཁྲབ་སྟོན་བྱས་པས་ཆེད་ལས་ཀྱི་སྣང་བ་ཞིག་སྟེར།
༢ གློག་བརྙན་པར་མིག་དེ་ལས་བོད་ཀྱི་རིག་གནས་བར་ཀྱི་འགལ་བ་སྟེ་སྲོལ་རྒྱུན་དང་གསར་དར་བར་གྱི་འགལ་བའི་ངོ་བོ་ཞིག་ཀྱང་མངོན།
༣ བྱིས་པ་རྣམས་ཀྱི་པར་མིག་དེ་ནི་ང་རང་ཆེས་དགའ་བའམ་ཡིད་འགུལ་ཐེབས་པའི་པར་མིག་ཅིག་ཡིན།
༤ གཅན་ཚའི་བག་ལེག་བཟོ་བ་བརྗོད་པའི་པར་མིག་དེ་འདྲ་མང་ཙམ་བཀོལ་ན་གཞན་གྱིས་རིག་གནས་དེ་ག་རྒྱུས་མངའ་ཡོང་བར་ཕན་པ་ཆེན་པོ་ཡོད།།

[ནོར་བུ་རྡོ་རྗེ།]  སློབ་གླིང་གི་འགོ་ཁྲིད་དང་ཕྱོགས་གང་ཅིའི་བཀོད་སྒྲིག་འོག འཁྲབ་ཁྲིད་པ་པདྨ་ཚེ་ལགས་ཀྱིས་སྐྲུན་པའི་༼གཡང་མདའ༽་ཞེས་པའི་གློག་བརྙན་དེར་བལྟ་བའི་བསྐལ་བ་བྱུང། གློག་བརྙན་ལ་བལྟས་ནས་ཕྱིར་ལོག་རྗེས་རྒྱུན་ལྡན་དུ་མོས་པ་མི་མཐུན་པའི་མལ་ཁང་ཡོངས་ཟང་ཟིང་འུར་འུར་དུ་གྱུར་ཅིང་། གློག་བརྙན་དེའི་སྐོར་གྱི་བགྲོ་གླེང་གིས་ཁེངས། དེ་བས་སྣང་ཚུལ་འདི་ལྟ་བུ་བྱུང་བ་ནི་གློག་བརྙན་འདིས་ཤུགས་རྐྱེན་དང་པོར་བརྩིས་ན་ཆོག་བསམ། མ་མཐའ་ཡང་གཞོན་ནུ་ཚོར་མདུན་སྐྱོད་ཀྱི་ལམ་བུ་ཞིག་བསྟན་པ་ཡིན། འདི་ནི་གློག་བརྙན་རང་ངོས་ཀྱི་ལོ་རྒྱུས་ངོས་ཐད་ཀྱི་ཚོང་ལས་གློག་བརྙན་ཐོག་མ་ཡིན་པའི་དོན་དེ་བསྟན་པ་ཡིན། གློག་བརྙན་འདིའི་རྣམ་པ་ཐད་ནས་བཤད་ན། པར་རིས་ཇུས་འགོད་ནི་མི་སྣ་དང་དོན་དག་གི་ངོ་བོ་མཚོན་ཐབས་ཀྱི་ངོས་ནས་ཤིན་ཏུ་ལེགས་འགྲུབ་བྱུང་ཡོད་དེ། པར་མིག་སྣ་ཚོགས་པའི་སྒོ་ནས་བརྗོད་བྱ་རྗེན་པར་བཏོན་ཞིང་། ཆེད་ལས་ཞེས་པ་ནི་གློག་བརྙན་འདིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་ཞིང་། འཁྲབ་ཁྲིད་པ་དང་། འཁྲབ་སྟོན་པ། པར་ལེན་པ་སོགས་མང་ཆེ་ཤོས་ནི་གློག་བརྙན་གྱི་སྦྱོང་བ་ཟབ་པའི་མི་ཡིན་པས། སྔ་མའི་བོད་ཀྱི་གློག་བརྙན་གཞན་དང་བསྡུར་ན་འབུར་དུ་ཐོན་པའི་ཁྱད་ཆོས་ལྡན།
    གློག་བརྙན་འདིས་གཅན་ཚ་ས་ཁུལ་གྱི་མདའ་རྩེད་རིག་གནས་གཞིར་བཞག་ནས་ཕབ་སྐྲུན་བྱས་པ་ཡིན་མོད། དོན་འགའ་ཤས་རྟོག་བཟོ་བྱས་ནས་རྡོ་ཆག་བཙན་སྒྲིག་བྱས་པ་ལྟ་བུ་ཡིན་ཞིང་། འཁྲབ་ཁྲིད་པ་རང་གིས་བཤད་པ་ཇི་བཞིན། གློག་བརྙན་ནི་ཡིག་ཚགས་གསོན་པོ་ཞིག་ཡིན་ཞེས་པ་ལྟར། གཅན་ཚ་ས་ཁུལ་གྱི་མདའ་རྩལ་དང་འཆམ་བྲོ་ཆ་ཚང་ལྷ་ལུང་དཔལ་རྡོར་དང་སྦྲེལ་བ་འདིས་མི་རྣམས་ལ་ཆ་འཕྲིན་རྫུན་མ་ཞིག་བརྒྱུད་སྤྲོད་བྱས་པ་ཡིན་པས། དེ་ཅུང་ཟད་མི་འཚམ་པར་སེམས། ༼གཡང་མདའ་༽ནི་མི་རིགས་ཀྱི་གོམས་གཤིས་དང་རིག་གནས། ཡུལ་སྲོལ་མཚོན་བྱེད་ཀྱི་ཚོང་ལས་གློག་བརྙན་ཞིག་ཡིན་ཞིང་། དྲིལ་སྒྲོག་ཀྱང་ཅུང་ཟད་ལེགས་འགྲུབ་བྱུང་ཡོད་པས། རྡོ་རིང་ལྟ་བུ་ཞིག་ཏུ་ང་ཚོའི་གམ་དུ་ལྷིང་ངེར་བསྒྲེངས་ཡོད།

[འཕྲིན་ལས་བཟོད་པ།] ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ནང་གི་བན་དེ་ཆུང་ཆུང་དེ་དེང་རབས་དང་སྲོལ་རྒྱུན་བར་དུ་མགོ་འཁོར་ནས་ཡོད་ནའང་། ༼གཡང་མདའ༽ཡིས་དེང་རབས་དང་སྲོལ་རྒྱུན་བར་གྱི་སྒོ་ཟྭ་གཏོར་བས་བོད་ཀྱི་གཞོན་ནུ་རྣམས་དེ་གཉིས་ཀྱི་བར་དུ་རང་དབང་གིས་ཕར་འགྲོ་ཚུར་འོང་བྱེད་ཀྱིན་འདུག ༼གཡང་མདའ༽བརྒྱུད་ནས་འགྲན་རྩོད་དང་བརྩེ་དུང་གིས་ཟང་ཟིང་ཞིག་འཁྲབ་པ་དེར་པད་མ་ཚེ་བསྟན་གྱི་གློག་བརྙན་ལ་ལྡན་པའི་ཞི་ཞིང་དུལ་པའི་རང་གཤིས་རིམ་གྱིས་དོར་བའི་ལྟས་ཤིག་དང་མིང་གྲགས་ཅན་མང་པོས་འཁྲབ་སྟོན་བྱེད་པ་དེས་སྒྱུ་རྩལ་གློག་བརྙན་ལས་འདའ་བའི་ལྟས་ཀྱང་མངོན། དེ་གཉིས་གཞིར་བཅས་པད་མ་ཚེ་བརྟན་གྱི་གློག་བརྙན་ཡོངས་ཁྱབ་རང་བཞིན་དང་ཚོང་ལས་རང་བཞིན་ལ་ཁ་ཕྱོགས་པའི་སྣང་བ་ཞིག་ཞར་དང་ཞོར་དུ་མངོན་འདུག
    ལར་པད་མ་ཚེ་བརྟན་གྱི་གློག་བརྙན་སྒྱུ་རྩལ་གྱི༼གཡང་མདའ༽འཕེན་ཚད་འབེན་ལ་ཕོག་མོད་ཀྱང་རང་རིགས་ཨ་གསར་ལ་དགའ་བའི་རྗེས་འབྲང་བ་དག་ཁོང་ལ་ལད་མོ་བྱས་ནས་མདའ་འཕེན་སྐབས་མིག་གཉིས་ཀ་བཙུམས་པ་འདྲ།     ཕོག་ཚད་ཐལ་བར་རེད་འདུག


[རྡོ་རྗེ་རིག་འཛིན།]  དེ་ཡང་ཁོ་རང་གིས་ཕབ་བསྐྲུན་བྱས་པའི་གློག་བརྙན་དེ་ཚོ་ནི་བོད་མི་རིགས་ཀྱི་རིག་གནས་ཡང་ན་ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་དང་དེང་རབས་གཉིས་གདོང་ཐུག་པའི་མི་རིགས་ཀྱི་ད་ལྟའི་གནས་བབ་སོགས་གང་ནུས་ཅི་ཐུབ་ཀྱི་སྒོ་ནས་གློག་བརྙན་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཕྱིར་མཚོན་བཞིན་ཡོད་ལ། ཐེངས་འདིར་ཕབ་བསྐྲུན་བྱས་པའི་གཡང་མདའ་ནི་མ་གཞི་ནས་མདའ་རྫོང་གི་མདའ་རྩེད་བརྗོད་གཞིར་བྱས་པའི་གློག་བརྙན་ཞིག་ཡིན་ལ། དེའི་རྒྱུ་མཚན་གྱིས་འཁྲབ་ཁྲིད་པས་མདའ་རྩེད་ཅེས་པའི་དམངས་ཁྲོད་ཀྱི་རིག་གནས་འདི་ལྟ་བུ་ཞིག ས་གནས་གང་དེའི་ཡུལ་སྐད་ཀྱི་ལམ་ནས་ལྟད་མོ་བ་རྣམས་ཀྱི་གཟིགས་མོར་བཀྲམ་ཡོད། འདིའི་བརྗོད་དོན་ཐད་ནས་སྡེ་བ་གཉིས་ཀྱི་ཚབ་བྱས་ཏེ་མདའ་རྩལ་འགྲན་པའི་སྐྱེས་པ་གཉིས་ཀྱི་འགལ་འདུ་གཙོ་བོར་བྱས་ཏེ། དེའི་ཁྲོད་ད་དུང་ཕོ་མོའི་བརྩེ་དུང་གི་འགལ་འདུའི་ཆའང་འདྲེས་པའི་གློག་བརྙན་ཞིག་ཡིན། འདིར་བཤད་དགོས་པ་ཞིག་ནི་གཙོ་འཁྲབ་པ་ཉི་མ་དང་བདེ་སྐྱིད་གཉིས་ཀྱི་བརྩེ་དུང་ཞིབ་བརྗོད་བྱེད་པའི་སྐབས་སུ་བོད་མི་རིགས་ཀྱི་རིག་གནས་སེམས་ཁམས་དང་མཛེས་དཔྱོད་སེམས་ཁམས་དང་མི་མཐུན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར། དེ་ཡང་ཉི་མས་བདེ་སྐྱིད་ལ་ངས་ཁྱོད་དགའ་གི་ཟེར་བ་སོགས་དང་། དེ་ནས་རིམ་བཞིན་འཆམ་ལ་རོལ་བའི་མི་མང་གི་མདུན་ནས་ཉི་མས་བདེ་སྐྱིད་ལ་མཛུབ་དཀྲིས་སྤྲོད་པ་སོགས་ནི་ང་ཚོས་ཅུང་དང་ལེན་བྱེད་དཀའ་པའི་ཚད་དུ་འདུག དེ་བཞིན་དུ་འགྲན་སྡུར་ཐེངས་གཉིས་པའི་སྐབས་སུ་ཕྱོགས་གཞན་དེས་དེང་རབས་ཅན་ཀྱི་ལྕགས་མདའ་སོགས་བཀོལ་བྱུང་བ་དེས་དེང་གི་དུས་འདིར་གསར་བུ་རྣམས་ནི་སྲོལ་རྒྱུན་མཐའ་དག་མར་གཡུགས་ཏེ་ཚང་མ་ཨ་གསར་གྱི་རྗེས་སུ་འབྲང་གིན་ཡོད་པའི་རིག་གནས་ཀྱི་སེམས་ཁམས་དེ་མཚོན་ལ། ཡིན་ཡང་དེང་རབས་ཅན་ཀྱི་སྔོན་ཐོན་ནི་སྨྲོས་མ་དགོས་པ་ཞིག་ཡིན་པ་དེ་འགྲན་སྡུར་གྱི་མཐའ་མར་ལྕགས་མདའ་ཐོགས་པའི་ཕྱོགས་དེས་རྒྱལ་པས་མཚོན། དེ་ཡང་རྗེས་ཀྱི་འགྲན་སྡུར་ཁྲོད་དུ་གཉིས་ཀ་མཉམ་སྟེ་ཕྱོགས་གཉིས་ཀས་དགའ་དགའ་སྤྲོ་སྤྲོ་བྱེད་པའི་རྣམ་པ་ལས་སྲོལ་རྒྱུན་དང་དེང་རབས་གཉིས་ཕན་ཚུན་གདོང་གཏུག་པའི་ང་ཚོའི་ད་ལྟའི་གནས་བབ་ལ་བསམ་གཞིག་གི་སྟོང་ཆ་ཞིག་བསྐྲུན་ཏེ། གློག་བརྙན་གྱི་མཇུག་བསྡུ་ཁ་མར་ལྟད་མོ་བ་རྣམས་ལ་འདྲི་རྟགས་ཆེན་པོ་ཞིག་འཚམ་རྟགས་སུ་སྤྲད་ན་ཅུང་ལེགས་པར་སྙམ།


[སྟག་ལ་ཐར།]  གཡང་མདའ་ཞེས་པའི་གློག་བརྙན་འདི་ནི་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་བཏང་ནས་ཕབ་བསྐྲུན་བྱས་པ་ཡིན་པས་ཡུལ་སྐོར་ལྗོངས་རྒྱུའམ་གཅན་ཚ་ས་ཁུལ་ཁྱབ་བསྒྲགས་བྱེད་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་བྱིན་འོང་། སྡེ་བ་གཉིས་ཀྱི་མདའ་དཔོན་ཉི་མ་དང་བཀྲ་དོན་གཉིས་ཀྱི་འགལ་བ་དང་། ཉི་མ་དང་བཀྲ་དོན་གྱི་ནུ་མོ་གཉིས་ཀྱི་བརྩེ་དུང་སོགས་ཚུར་སྣང་བྱས་པ་བརྒྱུད། ཕུ་བོས་ནུ་མོ་ཡི་བརྩེ་དུང་ལ་བཀག་འགོག་དང་ཡང་ན་ནུ་མོ་དང་མཛའ་བོ་དུས་བཅད་གཏོང་དུས་ཕུ་བོས་བར་ཆད་གཏོང་བ་སོགས་ནི་བོད་ཀྱི་སྤྱི་ཚོགས་དངོས་ནང་མིང་སྲིང་བར་དེ་འདྲ་ཡོང་མི་སྲིད་པ་དང་། ལྷག་པར་དུ་བཀྲ་དོན་གྱིས་ཨ་ཕའི་སྐད་ཆར་ཉན་ཏེ་ལྡེབས་རིས་ངོས་ཀྱི་རི་མོ་ལ་བལྟས་རྗེས་མདའ་རྩལ་ཆེས་ཆེར་འཕེལ་བ་དེའང་དངོས་གནས་རྒྱ་ནག་གི་དྲག་རྩལ་གློག་བརྙན་དང་འདྲ་བར་སྣང་། གཞན་ཡང་རྒྱལ་སྤྱིའི་འགྲན་བསྡུར་དེ་ཡང་ཞིབ་མཚོན་བྱས་པ་མི་འདང་ཞིང་མཇུག་འབྲས་ཀྱང་འདྲ་འདྲ་ཡིན་པ་དེ་དངོས་གནས་བྱིས་པའི་རྩེད་མོ་ནང་བཞིན་དུ་མཐོང་ངོ་།།
    གཞན་པར་མིག་དང་སྒྲའི་སྡེབ་སྦྱོར་སོགས་ཀྱི་ཐད་ནས་སྔོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གློག་བརྙན་འདིར་ཁོང་གི་གློག་བརྙན་སྔོན་མ་དག་ལས་མིང་དུ་གྲགས་པ་ནི་ད་སྐབས་དྲ་རྒྱ་ཁྱབ་བརྡལ་བྱུང་བ་དང་ཡང་ན་ཁྱབ་བསྒྲགས་ཆེན་པོ་བྱས་པའི་རྐྱེན་ཡིན་བསམ།


གསལ་བཤད། གོང་གི་འདི་དག་ནི་ཟླ་འདིའི་ཚེས་བརྒྱད་ཉིད་པད་མ་ཚེ་བརྟན་གྱི་གློག་བརྙན་གསར་པ་གཡང་མདའ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བསྟན་པ་ལ། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གློག་བརྙན་རྩོམ་རིག་ཅེས་པའི་འདེམ་སྦྱོང་སློབ་ཚན་ལ་ཞུགས་མཁན་གྱི་༢༠༡༢ལོའི་རྩོམ་རིག་འཛིན་གྲྭའི་སློབ་མ་ཁ་ཤས་ཀྱིས་སྤེལ་བའི་ཕྲན་དཔྱད་ཡིན།

དཔྱད་མཆན་ཡོད།