གློག་བརྙན་སྒྱུར་སྐྲུན་གྱི་སྐད་སྦྱོར་དང་དེའི་ཕན་ནུས་སྐོར་གྱི་བསམ་གཞིག་ཐོར་བུ།

  


གླེང་གཞི།

     ཉེ་བའི་ལོ་འགའི་རིང་ལ་བོད་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་སྟབས་རོང་འབྲོག་ཁྱིམ་ཚང་གང་ལའང་བརྙན་འཕྲིན་མེད་པ་ཧ་ཅང་ཉུང་བས་ཁོ་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། ཡང་གློག་བརྙན་དང་བརྙན་འཕྲིན་ནི་མིག་དབང་དང་རྣ་དབང་གཉིས་ཀྱི་སྤྱོལ་ཡུལ་ཡིན་པས་རོང་འབྲོག་ཁུལ་གྱི་གཟིགས་མོ་བ་ཚོས་རྒྱ་ཡིག་དང་རྒྱ་སྐད་ཙུང་ཙམ་མ་ཤེས་ཚེ། མིག་གིས་ལྟ་བ་ཙམ་ལས་དོན་གསལ་བོ་གོ་ནུས་ཀྱི་མི་འདུག ཡིན་ནའང་ང་ཚོ་བོད་རང་ཉིད་ལ་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཞན་པས་རང་མི་རིགས་ཀྱིས་བརྙན་ལེན་བྱས་པའི་བོད་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཧ་ཅང་ཉུང་། དེ་བས་ང་ཚོས་ངེས་པར་དུ་གློག་བརྙན་བསྒྱུར་སྐྲུན་གྱི་བྱ་བར་བརྟེན་ནས། ད་ལྟའི་སྲིད་ཇུས་གསར་བ་དྲིལ་བསྒྲགས་དང་ཕུལ་བྱུང་འཁྲབ་སྟོན་མི་སྣའི་ཁྱད་དུ་འཕགས་པའི་འཁྲབ་སྟོན་སོགས་བོད་མང་ཚོགས་ཀྱི་མིག་ལམ་དང་རྣ་ལམ་དུ་སྐྱེལ་དགོས། དུས་མཚུངས་སུ་བོད་མང་ཚོགས་ཀྱི་གཟིགས་མོ་བ་རྣམས་ལ་སློབ་གསོ་གསར་བ་དང་རིག་གནས་གསར་བ། ལག་རྩལ་གསར་བ། སྲིད་ཇུས་གསར་བ། ཚན་རིག་གསར་བ། འཚོ་བ་གསར་བ། མིང་བརྡ་གསར་བ་སོགས་རིན་ཐང་བྲལ་བའི་ཤེས་བྱ་གང་མང་ཞིག་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་འབྱོར་གྱིན་ཡོད་པ་དེ་ནི་གློག་བརྙན་སྒྱུར་སྐྲུན་གྱི་ནུས་པ་ཧ་ཅང་གཙོ་བོ་ཞིག་ཡིན་པའང་བརྗོད་མ་དགོས།

      དང་པོ། ཡིག་སྒྱུར་དང་སྐད་སྦྱོར།

1 སྐད་སྦྱོར་དང་ཡིག་སྒྱུར་གང་ཡིན་རུང་བོད་རིགས་མང་ཚོགས་ཚོས་གོ་སླ་བ་ཞིག་ཡིན་དགོས།

     གློག་བརྙན་འཕྲིན་ནི་མང་ཚོགས་རང་བཞིན་ཅན་གྱི་རྩོམ་རིག་སྒྱུ་རྩལ་དང་། ལྷག་པར་དུ་ཐེངས་གཅིག་རང་བཞིན་ཅན་གྱི་རྩོམ་རིག་སྒྱུ་རྩལ་ཞིག་ཡིན་པས་རྩོམ་རིག་གཞན་དང་མི་འདྲ། གློག་བརྙན་དང་བརྙན་འཕྲིན་གྱི་ལོ་ཙཱ་བྱེད་ཚུལ་ནི་རྩོམ་རིག་གཞན་གྱི་ལོ་ཙཱ་བྱེད་ཚུལ་དང་མི་འདྲ་བར་དེ་ཡི་གེ་ཡི་རྣམ་པས་གཟིགས་མོ་བ་རྣམས་ལ་སྟོན་མ་དགོས་ཏེ། ཡོལ་ངོས་ཀྱི་མི་སྣའི་ཁ་བརྡའི་རྣམ་པ་ལྟར་གཟིགས་མོ་བ་རྣམས་ལ་སྟོན་དགོས་པ་ཞིག་ཡིན། དེ་བས་གཟིགས་མོ་བས་གློག་བརྙན་དང་བརྙན་འཕྲིན་ལ་ལྟ་སྐབས་མི་སྣའི་བར་གྱི་ཁ་བརྡ་བྱེད་བཞིན་པའི་འཁྲབ་ཚིག་དེ་དག་ཐེངས་གཅིག་ལ་མ་གོ་ཚེ་ཡིག་སྒྱུར་དང་སྐད་ སྦྱོར་བྱས་པ་ལེགས་འགྲུབ་མ་བྱུང་པའི་རྟགས་ཤིག་གོ དཔེར་ན་རྒྱ་ཡིག་གི་འཁྲབ་ཚིག་ཏུ"རྨྨཱསྡོཧྟ"ཟེར་བ་འདི་སྒྱུར་ཚེ་དཔའ་དམ་ཁྱེར་ཤོག་ཅེས་མི་སྒྱུར་བར་རལ་གྲི་ཁྱེར་ཤོག་ཅེས་གོ་སླ་བར་སྒྱུར་ན་བཟང་སམ། རྒྱུ་མཚན་ནི་རང་རེའི་བོད་མི་རིགས་ཀྱི་ཁྲོད་དུ་ད་དུང་ཡིག་རྨོངས་སེལ་མེད་པའི་མི་མང་བས་ཐ་སྙད་འདིའི་རིགས་ཀྱི་ནང་དོན་གོ་དཀའ་བར་སྙམ། ཡང་དཔེར་ན། "ཥྭཱསྦུཥཀྐུདྱཽཎྭཾསྒུདྨཱ"ལྟ་བུ་ལ་མཚོན་ན་འདིའི་ནང་གི"ཥཀྐུ"ཟེར་བ་འདི་ནི་མིང་བརྡ་གསར་བའི་སྐོར་ཡིན་པས་འཕྲིན་ཐུང་ལྟར་སྒྱུར་ན་གཟིགས་མོ་བའི་བློ་ངོར་དེ་འདྲའི་བདེ་མོ་ཞིག་མིན་ལ། དེ་མ་ཐག་དོན་གསལ་བོར་གསེད་འགྲོལ་བྱེད་རྒྱུ་ནི་ཅུང་དཀའ་ནའང་མིང་བརྡ་འདིའི་རིགས་དེང་སྐབས་ཀྱི་འཚོ་བའི་ཁྲོད་རྒྱུན་སྤྱོད་བྱེད་བཞིན་འདུག་པས་རིམ་གྱི་ཁྱབ་གདལ་དུ་འགྲོ་ངེས་ཡིན།

2 ཐད་སྒྱུར་ལས་དོན་སྒྱུར་གཙོ་བོ་འཛིན་དགོས་པ།

     དོན་སྐྱུར་ནི་མི་རིགས་ཆེ་གེ་མོའི་འབྲི་ཚུལ་དང་བརྗོད་ཚུལ་དེ་སླར་ཡང་མི་རིགས་ཆེ་གེ་མོའི་འབྲི་ཚུལ་དང་བརྗོད་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་ཤིག་ལ་བསྟུན་ཡོད། དེ་ལས་ལྡོག་སྟེ། མི་རིགས་ཆེ་གེ་མོའི་འབྲི་ཚུལ་དང་བརྗོད་ཚུལ་གྱི་སྤྱི་འགྲོས་དེ་དོར་མེད་ན། རྒྱ་མིན་བོད་ཀྱི་སྐད་ཆ་མི་འབྱུང་རང་འབྱུང་ཡིན་པར་ངེས་ལ། རྒྱའི་སྐད་ཡིག་སོགས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་སྐབས་ངེས་པར་དུ་དོན་སྒྱུར་གཙོ་བོར་བཟུང་ནས་ཐད་སྒྱུར་དང་སྒྲ་སྒྱུར་གྱིས་རམ་འདེགས་བྱེད་དགོས། དེ་ལྟར་མ་བྱས་བར་ཐད་ཀར་དུ་སྒྱུར་ན། རྟའི་རྟི་ལིར་རྟའི་ལུད་དང་ཕྱུགས་ནག་གི་ལྕི་བར་ནོར་ལུད། ལུག་གི་རིལ་མར་ལུག་ལུད་སོགས་དང་། ལྗོན་ཤིང་བསྐམས་པར་ལྗོན་ཤིང་ཤི་དང་། རྩྭ་བསྐམས་པར་ཡང་རྩྭ་ཤི་སོགས། ཁྱི་ལྟོར་ཁྱིའི་ཟ་མ་དང་ནོར་ནག་གི་བེའུ་ཡར་རུ་ཡར་མོ་གཡག་སོགས་ལ་ལོ་གཅིག་དང་གཉིས་ལོ་གསུམ་ལོ་བཞི་ཅན་དུ་སྒྱུར་ན་བོད་སྐད་ཀྱི་འབོད་མིང་དང་གཏན་ནས་མི་མཐུན། "མཱམཱཀྤོགྲཻ"ལ་བཟང་བཟང་སློབ་སྦྱོང་སོགས་སྔ་ཕྱིའི་ལས་ཚིག་བེད་སྤྱོད་སྟངས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་ཡིག་སྒྱུར་དང་སྐད་སྦྱོར་པས་དོ་སྣང་བྱེད་དགོས། དོན་སྒྱུར་གྱི་འབྲས་བུ་ནི་མི་རིགས་དེའི་སྐད་ཡིག་གི་སྦྱོར་ཚུལ་དང་མཐུན་པ་ ཉིད་ཡིན་ལ། ཐད་སྒྱུར་གྱི་འབྲས་བུ་ནི་མི་རིགས་གཉིས་ཀྱི་སྐད་ཡིག་མཉམ་བསྲེས་སུ་འགྱུར་བ་ དེ་ཡིན། ཡིག་སྒྱུར་དང་སྐད་སྦྱོར་ནི་ཡིག་སྒྱུར་བ་དང་སྐད་སྦྱོར་བའི་ཆུ་ཚད་མཐོ་དམའི་ གནད་དོན་རྐྱང་རྐྱང་མ་ཡིན་ཏེ། དཔེར་ན། རང་རྩོམ་གོ་སླ་བ་དང་བསྒྱུར་ཡིག་གོ་དཀའ་ཞེས་བརྗོད་བཞིན་པ་དེས་ཡོངས་སུ་མཚོན་ནོ།།

3 ཡིག་སྒྱུར་དང་སྐད་སྦྱོར་གང་ཞིག་ཡིན་རུང་། བོད་ཐུན་མོང་གི་ཡིག་སྐད(ཡི་གེ་ཤེས་མིན་ཐམས་ཅད་ཀྱིས་གོ་སླ་བའི་འབོལ་རྩོམ་ལ་བསྟན་པ་ཡིན།)

    ཚད་ལྡན་ཅན་དེའི་ཕྱོགས་སུ་རིམ་གྱིས་བསྐྱོད་དགོས། དེ་ཡང་བོད་རང་གི་སྐད་ཡིག་དར་ཞིང་རྒྱས་པའི་ལོ་རྒྱུས་ཀྱི་འཕེལ་འགྲིབ་ལ་བལྟས་ན་དེ་འདྲ་ཡིན་ལ། འཛམ་གླིང་གི་མི་རིགས་སོ་སོའི་སྐད་ཡིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་ལ་བལྟས་ནའང་དེ་འདྲ་ཡིན་ཤོས་ཆེ། སྔོན་ཐོན་མི་རིགས་ཀྱི་སྐད་ཡིག་ནི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ལ་བེད་སྤྱོད་ཀྱི་ཁྱབ་རྒྱའང་ཆེ་བ་ཞིག་ཡིན་པ་བརྗོད་མ་དགོས། དེའི་ཤན་ཤུགས་འོག་སྒྲ་གདངས་གཅིག་མཐུན་ཡོང་བ་དང་ཐ་སྙད་གསར་བ་ཁ་སྣོན་བྱེད་པ། འབྲི་ཚུལ་སྟབས་བདེ་བཟོ་བ་དང་མིང་བརྡ་གསར་བ་ནང་འདྲེན་བྱེད་པ་བཅས་ལ་ནུས་ཤུགས་བླ་མེད་འདོན་མུས་འཆིས། མི་རིགས་སྔོན་ཐོན་གྱི་སྐད་ཡིག་དེ་ལྟ་བུ་ཞིག་ཡིན་ན། ང་ཚོ་མི་རིགས་ཀྱི་སྐད་ཡིག་གི་སྒྲ་གདངས་དང་ཐ་སྙད་ལའང་དག་ཐེར་དང་ཁ་སྣོན་བྱེད་འོས་ལ། ཚིག་ཕྲད་གཅིག་མཐུན་སོགས་ཀྱི་ཐད་ལ་ཡིད་འཇོག་དང་། ལྷག་པར་དུ་ཚིག་ཕྲད་དང་ལས་ཚིག་བེད་སྤྱོད་སྟངས་སོགས་རིམ་གྱིས་བོད་སྐད་ཐུན་མོང་བའི་ཕྱོགས་སུ་འཁྲིད་དགོས་པ་མ་ཟད། མི་རིགས་གཞན་པའི་སྐད་ཡིག་ལ་སློབ་སྦྱོང་དང་། དེའི་ཉིང་བཅུད་ཚུར་བླངས་ནས་རང་གི་སྐད་ཡིག་གི་ཤེས་བྱ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་ཆ་ཇེ་ཚང་དུ་མ་བཏང་ན། དུས་སྐབས་ངེས་མེད་ཅིག་ཏུ་རང་སྐད་ཀྱི་ཤེས་བྱ་འཕེལ་རྒྱས་སུ་འགྲོ་བ་དང་བོད་མི་རིགས་ལ་ཞབས་འདེགས་ཞུ་རྒྱུ་ཕར་ཞོག་ཐ་ན་སྐད་ཡིག་འདིའི་ཚེ་སྲོག་ཀྱང་ཆད་ཉེན་ལ་ཐུག་པར་སེམས་པས། བོད་ཐུན་མོང་གི་ཡིག་སྐད་གཙོ་བོ་བྱས་ཡུལ་སྐད་གཞན་དག་ལ་ཞིབ་འཇུག་གང་ལེགས་བྱས་ཏེ་ཉིང་བཅུད་ཚུར་ལེན་བྱ་འོས། དེ་ལྟར་མ་བྱས་པར་ཡིག་སྒྱུར་བ་དང་སྐད་སྦྱོར་པས་ཡུལ་ལུང་སོ་སོའི་ཁ་སྐད་ཁོ་ནའི་རྗེས་སུ་ཞུགས་དྲགས་ན་ཡུལ་དེ་གའི་གཟིགས་མོ་བ་ཁོ་ན་ཙམ་ལས་ཡུལ་ལུང་གཞན་གྱིས་ཧ་གོ་རྒྱུ་ཧ་ཅང་དཀའ་བས། ཁོར་ཡུག་ཆུང་དྲགས་པར་སྙམ་ལ་འབྲས་བུ་ཆེན་པོ་ཐོབ་མི་སྲིད། དེ་བས་བོད་མི་དམངས་ཁྲོད་སློབ་གསོ་ཐོབ་མཁན་ཇེ་མང་དང་རིག་གནས་ཆུ་ཚད་ཐེ་མཐོར་སོང་བ་དང་བསྟུན་ནས་ཡིག་སྐད་དང་ཡུལ་སྐད་མཉམ་བསྲེས་ཀྱི་སྒྱུར་ཐབས་ནི་ཧ་ཅང་ནས་འོས་བར་འདོད་ལ། ཡུལ་ཕྱོགས་གང་གི་བོད་མིས་ཀྱང་གོ་བ་ལེགས་པོ་ལོན་ཐུབ་པར་སྙམ། ལོ་རྒྱུས་དེབ་ཐེར་དུའང་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་ཀྱི་སྐད་ཡིག་ཡ་མ་ཟུང་རྣམས་ལ་ཞིབ་འཇུག་གང་མང་བརྒྱུད་ནས་རིམ་གྱིས་བདེ་ལམ་དུ་འཁྲིད་པ་དང་མེས་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་གཙོ་བྱས་པའི་རྒྱལ་བློན་རྣམས་ཀྱིས་གཞན་དོན་གྱི་བྲེལ་ཟིང་འགོག་ཕྱིར་ལོ་འགར་སྐུ་མཚམས་བཅད་ནས་བོད་ཀྱི་སྐད་ཡིག་གཅིག་མཐུན་གྱི་རྩ་བ་སུམ་རྟགས་བཟོས་པ་དང་། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་དེ་གཞིར་བཟུང་ནས་མི་རིགས་ཕྱི་ནང་གི་མཁས་དབང་རྣམས་གདན་དྲངས་ཏེ་མི་རིགས་གཞན་པའི་སྐད་ཡིག་གི་ཤེས་བྱ་གང་མང་ཞིག་སྒྱུར་ནས་ཞུ་དག་ཡང་ཡང་མཛད། ད་དུང་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་ཡི་གེ་བཅོས་བསྒྱུར་གྱི་བཀས་བཅད་ཡང་ཡང་ བརྒྱུད་ནས་ཚད་ལྡན་དང་མཐུས་ཚང་དུ་བཏང་བ་རེད། དེ་བས་ང་ཚོ་བོད་ཀྱི་ཡིག་སྒྱུར་བ་དང་སྐད་སྦྱོར་བས་ཀྱང་ཏང་གི་སྲིད་ཇུས་བཟང་པོའི་གཟི་བྱིན་གྱི་འོག་ཏུ་སྔོན་ཐོན་གྱི་སྨྱན་མང་གཟུགས་ལ་བརྟེན་ནས་ཐ་སྙད་གཅིག་གྱུར་དང་མིང་བརྡ་གསར་བ་ཁྱབ་གདལ་དུ་གཏོང་བ། སློབ་གསོ་དང་ལྟ་བ་གསར་བ་སྐོར་གྱི་གློག་བརྙན་དང་བརྙན་འཕྲིན་མང་པོ་ཞིག་འདེམས་ནས་སྒྱུར་སྐྲུན་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ། །

4 གནས་སྐབས་སུ་ཡིག་སྒྱུར་དང་སྐད་སྦྱོར་གང་ཞིག་ཡིན་རུང་སྤྱི་འགྲོས་གཉིས་ཀྱི་ཐབས་ཤེས་བེད་སྤྱད་ནས་བསྒྱུར་དགོས།

    ཡིག་སྒྱུར་བས་ཡིག་སྐད་དུ་སྒྱུར་བ་དང་སྐད་སྦྱོར་བས་ས་གནས་སོ་སོའི་ཐུན་མོང་མ་ཡིན་པའི་ཡུལ་སྐད་གཙོ་བོར་བཟུང་ནས་གསར་ཞིང་དག་པའི་སྒྲ་གདངས་དང་བརྗོད་སྟངས་ལྟར་བརྗོད་ན་འབྲས་བུ་ལེགས་པོ་ཞིག་འཁྱོངས་སྙམ་པ་དེ་ཡིན། དེ་ལྟར་མ་བྱས་པར་སྐད་སྦྱོར་བས་ཀྱང་ཡིག་སྐད་དུ་སྐད་སྦྱོར་བྱས་ཚེ་འཁྲབ་སྟོན་པའི་འཁྲབ་ཚིག་གི་ཉམས་ཡོངས་སུ་ཐོན་མི་ཐུབ་པའི་ཚོར་སྣང་ཤིག་སྟེར་ངེས། དཔེར་ན། བོད་ཀྱི་རྩོམ་རིག་གེ་སར་གྱི་སྒྲུང་སོགས་ཡིག་སྐད་ཁོ་ནའི་བརྩམས་པ་ཤ་སྟག་ཡིན་རུང་རྗེས་སོར་ས་གནས་སོ་སོའི་དཔྱོད་ལྡན་རྣམ་པས་ས་གནས་སྟོད་སྨད་ཀྱི་སློབ་བུ་ དང་མང་ཚོགས་ལ་ས་དེ་གའི་ཡུལ་སྐད་ལྟར་དུ་ཁྲིད་འགྲེལ་རྒྱག་པའམ་ཡང་ན་བརྗོད་དོན་ གསལ་བཤད་བྱས་ན་ད་གཟོད་གོ་བརྡ་སྤྲོད་ནུས་པ་ལགས། འོ་ན་དེ་ལྟར་མ་བྱས་པར་ཡིག་སྐད་དུ་བརྗོད་ཚེ་ཡང་ཡི་གེ་ཤེས་མིན་ཐམས་ཅད་ཀྱི་གོ་མི་ནུས་པའི་བཀག་རྒྱ་ཡོད་སྲིད། རྒྱུ་མཚན། བོད་རང་གི་ཡིག་སྐད་འདི་རྒྱ་མི་རིགས་སོགས་ཀྱི་ཡིག་སྐད་དང་མི་འདྲ་བར་དེར་ས་ཆ་སོ་སོའི་ཀློག་ལམ་ཡུལ་སྐད་དང་ཁྱད་པར་ཆེན་པོ་ཡོད་པས་སོ།། དཔེར་ན། ཨམ་སྐད་དུ། ཁྱེད་རང་གང་ང་འགྱོ་ཟེར་ན། ང་ཡུལ་འ་འགྱོ་རྒྱུ་ཡིན་ཟེར་བ་དང་། དབུས་སྐད་དུ། རང་ག་པར་ཐད་ག་ཟེར་བར། ཡིག་སྐད་དུ། ཁྱེད་རང་གང་ལ་འགྲོ་ལྟ་བུ། བརྗོད་ཚུལ་མི་འདྲ་བ་མ་ཟད་ཀློག་འདོན་བྱེད་ཚུལ་ཡང་མི་འདྲ་བས་སྐད་སྦྱོར་བས་ངེས་པར་དུ་ཡུལ་སྐད་ལྟར་སྐད་སྦྱོར་བྱེད་དགོས། ཡང་རྗེས་སོར་ང་ཚོས་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་སྒྱུ་རྩལ་སོགས་ཀྱི་དགོས་མཁོ་ལ་དམིགས་ནས་བོད་ཐུན་མོང་གི་གོ་ཐུབ་པའི་སྤྱི་སྐད་ཞིག་གི་ཕྱོགས་ལ་སྙེག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།

     གཉིས་པ། གློག་བརྙན་སྐད་སྦྱོར་གྱི་ཁྱད་ཆོས།

1 གློག་བརྙན་དང་བརྙན་འཕྲིན་ནི་མིག་དབང་དང་རྣ་དབང་གཉིས་ཀྱི་སྤྱོད་ཡུལ་ཏུ་གྱུར་ཅིང་མང་ཚོགས་རང་བཞིན་ལྡན་པའི་རྩོམ་རིག་སྒྱུ་རྩལ་ཁྱད་མཚར་བ་ཞིག་ཡིན། དེ་ནི་བརྩམས་སྒྲུང་དང་སྙན་ངག་ཟློས་གར་བཅས་ལས་ཁྱབ་གདལ་ཆེ་ཞིང་འཚོ་བའི་སྙིང་བསྡུས་ཇི་བཞིན་ཡོལ་བའི་ངོས་སུ་གསལ་ལེར་མངོན་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཡིན། གཟིགས་མོ་བར་མཚོན་ནའང་རིག་གནས་ཆུ་ཚད་ཀྱི་བཀག་རྒྱ་ལས་འགོངས་པའི་རྩོམ་རིག་སྒྱུ་རྩལ་ཕུལ་བྱུང་ཅན་ཞིག་ཡིན་སྟབས། རིག་གནས་ཆུ་ཚད་མཐོ་བ་རྣམས་སྨོས་མ་དགོས་ཏེ་ཡིག་འབྲུ་ལྡོག་གཅིག་ཀྱང་མི་ཤེས་པའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་ཀྱང་རང་གི་ཁོར་ཡུག་དང་བསམ་བློའི་ཚོར་སྣང་ལས་འཕོས་པའི་རྒྱུ་རྐྱེན་འདྲ་མིན་འོག་ནང་དོན་ལ་གོ་བ་ལོན་ཚུལ་དང་གཏིང་ཟབ་ཚད་ཡང་གཏན་ནས་མི་འདྲ། ཡོལ་བའི་ངོས་ཀྱི་འཁྲབ་སྟོན་མི་སྣས་མཛུབ་མོ་བཙུགས་ཏེ་སྐད་ཆེན་པོས་སྡིགས་དམོད་གཏོང་བ་དང་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་པ། ཡིད་འགུལ་ཐེབས་དྲགས་པས་ངུ་བ། སྐད་ཆེན་པོ་ཕྱུང་ནས་དགོད་པ་སོགས་ནི་སྐད་སྦྱོར་བའི་སྐད་སྦྱོར་སྒྱུ་རྩལ་ལས་ཐོན་པ་ཡིན། ཡིན་ནའང་འདིའི་ཤུགས་སུ་སྐད་སྦྱོར་བ་ཚོས་ཐབས་བརྒྱ་ཇུས་སྟོང་གི་རྒྱའི་འཁྲབ་ཚིག་གི་འགྱུར་ཡིག་རིང་གྲས་དེ་དག་སྐད་སྦྱོར་བྱས་ཚེ་དཀའ་ཚེགས་ཧ་ཅང་ཆེ་བར་འདུག སྤྱིར་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་ན་སྒྱུར་བྱེད་བསྒྱུར་བྱ་ལས་རིང་འགྲོ་བ་ཚང་མས་ཤེས་གསལ་ལྟར་རེད། གང་ལྟར་འགྱུར་ཡིག་རིང་དྲགས་ཚེ་འཁྲབ་སྟོན་པས་ཁ་འགུལ་མཚམས་བཞག་དུས། སྐད་སྦྱོར་བས་ད་རུང་འཁྲབ་ཚིག་བཤད་མི་ཚར་བའི་སྐྱོན་འབྱུང་ངེས་ཡིན། དེ་བས་སྐད་སྦྱོར་པས་འཁྲབ་ཁྲིད་པའི་མཛུབ་སྟོན་འོག་དོན་མ་འཁྲུལ་བར་གསལ་བོ་སྟོན་པ(མ་ཡིག་གི་དོན)འཁྲབ་སྟོན་པའི་ངག་གི་ཉམས་འགྱུར་ཏེ་ངག་གི་འགྱུར་ཁུགས་ཀྱི་མཐོ་དམའ་དྲག་ཞན་དང་། དགོད་འཛུམ་གྱི་ཉམས། དྲག་གཏུམ་གྱི་ཉམས། འཇིགས་རྔམས་ཀྱི་ཉམས་བཅས་སྐད་ངག་དང་གདངས་དབྱངས་སོགས་འོས་ཤིང་འཚམས་པར་བཀོད་སྒྲིག་བཟང་པོ་བྱེད་དགོས།

2 སྐད་སྦྱོར་བར་ཚང་དགོས་པའི་ཆ་རྐྱེན།

     གློག་བརྙན་སྒྱུར་སྐྲུན་གྱི་བྱ་བའི་ཁྲོད་སྐད་སྦྱོར་བྱེད་རྒྱུ་ནི་གློག་བརྙན་སྒྱུར་སྐྲུན་གྱི་གོ་རིམ་ཆེས་གཙོ་བོ་ཞིག་ཡིན། དེ་བས་སྐད་སྦྱོར་བ་ཕུལ་བྱུང་ཅན་ཞིག་ལ་ངེས་བར་ཚང་དགོས་པའི་ཆ་རྐྱེན་ནི། (1) གསལ་ཞིང་དག་པའི་སྐད་ཆའི་ཆ་རྐྱེན་ཚང་དགོས། (2) ཕྱོགས་སོ་སོའི་སྒྱུ་རྩལ་ལ་བྱང་ཚད་ལེགས་པོ་ཞིག་འཛོམས་དགོས་པ་མ་ཟད། བོད་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས། རྒྱུ་མཚན་ནི་སྐད་སྦྱོར་པས་སྐད་སྦྱོར་བྱེད་པའི་གོ་རིམ་ཁྲོད་དུ་ལས་གནས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། ཁོར་ཡུག་མི་འདྲ་བ། རྣམ་པ་མི་འདྲ་བ། ཐོབ་ཐང་མི་འདྲ་བ། ལོའི་ཆེ་ཆུང་མི་འདྲ་བའི་མི་སྣ་དང་བྱ་དངོས་སོགས་ལ་འཕྲད་དགོས་པའི་རྐྱེན་གྱིས་རེད། (3) སྐད་སྦྱོར་བས་ཤེས་བྱའི་རིགས་མཐའ་དག་ལ་མ་མཐའ་ཡང་ངོས་འཛིན་རེ་བྱེད་དགོས། (4) སྤྱི་ཚོགས་འཚོ་བ་དངོས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཞིབ་ལྟ་བྱེད་རྒྱུའི་ནུས་པ་ཕུལ་དུ་བྱུང་བ་ཞིག་དགོས།

3 སྐད་སྦྱོར་པའི་སྐད་སྦྱོར་བྱེད་སྐབས་དོ་སྣང་བྱེད་དགོས་ས།

    (1) སྐད་སྦྱོར་བ་ཞིག་ཡིན་ཕྱིར་སྐད་སྦྱོར་མ་བྱས་པའི་སྔོན་ལ་མ་གཞིའི་གློག་བརྙན་བརྙན་འཕྲིན་ལ་ཡང་ཡང་བལྟས་ནས་རང་ཉིད་ལ་ལས་བགོས་བྱས་པའི་མི་སྣའི་གཤིས་ཀ་དང་། འཁྲབ་མཁན་དེ(ཀྵཙཽཾ)དང་འཁྲབ་མཁན་གཞན་བར་གྱི་འབྲེལབ། དྲང་ཕྱོགས་དང་ལྡོག་ཕྱོགས་མི་སྣ་གང་ཡིན་པ། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས། གཏམ་རྒྱུད་འཕེལ་རིམ་གྱི་འགོ་མཇུག་བར་གསུམ་སོགས་གསལ་བོར་རྟོགས་དགོས། དེ་ལྟར་མ་ཡིན་ཚེ་སྐད་སྦྱོར་བྱེད་པའི་གོ་རིམ་ཁྲོད་དུ་སྐྱོན་གང་མང་ཞིག་འབྱུང་ངེས། (2) སྐད་སྦྱོར་པས་སྐད་སྦྱོར་བྱེད་སྐབས་ངེས་པར་དུ་གློག་བརྙན་དང་བརྙན་འཕྲིན་ནང་གི་འཁྲབ་སྟོན་མི་སྣའི་སེམས་ཁམས་དངོས་ལ་ཞུགས་ནས་སྐད་སྦྱོར་བྱ་དགོས། དཔེར་ན། ཁྱོད་རང་གི་སྐད་སྦྱོར་བྱེད་སའི་འཁྲབ་སྟོན་པ་དེ་བུད་མེད་ཐ་ཤལ་ཞིག་ཡིན་པའི་དབང་དུ་བཏང་ན། ཁོ་མོས་རང་གི་བསམ་དོན་ཐ་ཤལ་ཞིག་འགྲུབ་ཆེད་བཅོས་མིན་གྱི་ཉམས་སྟོན་བཞིན་འཁྲབ་སྟོན་པ་གཞན་ཞིག་ལ་གླེང་མོལ་བྱེད་པའི་ཚུལ་དེ་སྐད་སྦྱོར་བས་ཀྱང་སྤྱི་ཚོགས་འཚོ་བ་དངོས་ཀྱི་ཉམས་མྱོང་གསོག་འཇོག་བྱེད་པ་གཞིར་བྱས་ནས་བུད་མེད་ཐ་ཤལ་དེའི་སེམས་ཁམས་དངོས་ལ་ཞུགས་དགོས་ཤིང་ངག་གི་ཉམས་འགྱུར་གྱི་སྒྱུ་རྩལ་ལ་བརྟེན་ནས་གཟིགས་མོ་བ་ལ་ཁ་གདངས་ན་ཁོག་པ་རིག་པ་དང་། ཁོ་མོའི་ཡིད་ལ་ཅི་ཤར་འཁྲབ་ཚིག་ནང་ནས་དངོས་སུ་བསྟན་ཡང་། སྐད་སྦྱོར་བའི་ངག་གི་སྒྱུ་རྩལ་གྱི་ཉམས་ལས་སྟོན་ཐུབ་དགོས། དེ་བཞིན་དུ་དགའ་སྣང་གི་ཉམས་དང་། ཁོང་ཁྲོའི་ཉམས། སྐྱོ་བའི་ཉམས་ཚང་མ་སྐད་གདངས་མཐོ་དམའ་རན་གསུམ་དང་དྲག་ཞན། དམ་ལྷོད་སོགས་ངག་གི་སྒྱུ་རྩལ་དེར་བརྟེན་ནས་སྐད་སྦྱོར་བྱེད་དགོས། (3) ཁ་དབྱིབས་འཛིན་ཐབས། འགྱུར་བའི་འཁྲབ་ཚིག་གི་མི་སྣའི་ཁ་དབྱིབས་སམ་ཁའི་འགུལ་སྟབས་ལ་ཞིབ་མོར་འཇུག་རྒྱུ་ནི་སྐད་སྦྱོར་བའི་རྩ་བའི་རྨང་གཞི་ཞིག་རེད། ཁ་དབྱིབས་བཟུང་བ་བཟང་མིན་གྱི་འགག་རྩ་ནི་མི་སྣའི་སྐད་ཆའི་མགོ་གླེང་མ་ཐག་དང་བཤད་ཚར་མ་ཐག་གི་ཁ་གདངས་བཙུམ་གྱི་རྣམ་པ་ཚོད་འཛིན་བྱེད་ཐུབ་རྒྱུ་དེ་ཡིན། འཁྲབ་ཚིག་གི་མགོ་རྔ་འཁྲབ་སྟོན་མི་སྣའི་ཁ་དབྱིབས་ལ་མ་འབྱོར་ཚེ་གཟིགས་མོ་རྣམས་ལ་མིག་ངོར་མི་བདེ་བའི་སྣང་བ་སྟེར་སླ། དེ་བས་འཁྲལ་ཚིག་གི་མགོ་རྔ་གཉིས་ལ་མ་ཕྱིའི་འཁྲབ་ཚིག་གི་གདངས་དང་ཀློག་གདངས་ཕལ་ཆེར་འདྲ་བ་ཡོང་བར་ཡིད་འཇོག་ལྷག་པར་བྱ་དགོས། (4) འཁྲབ་ཚིག་དང་མི་སྣའི་བར་གྱི་འབྲེལ་བ། དུས་རབས་བཅས་ཀྱི་དབྱེ་ཁྱབ་ལ་བསམ་བློ་ཞིབ་མོར་གཏོང་དགོས། དཔེར་ན། ལུས་ལ་གནའ་རབས་གྱོན་ཆས་གྱོན་ཞིང་མཁས་བའི་གོ་འཕང་མཐོ་བའི་མི་སྣའི་སྐད་ཆ་་་་་་་་་་(འཁྲབ་ཚིག)དེ་དེང་རབས་ཀྱི་གྲོང་སྐད་ཀྱིས་བསྒྱུར་བ་དང་། མཐོ་དམའ་བར་གསུམ་ལ་གུས་ཚིག་མེད་པ། ཞིང་སྡེའི་འཚོ་བ་མཚོན་པའི་འཁྲབ་ཚིག་ཀློག་འདོན་བྱེད་པ་ལྟར་བསྒྱུར་ཚེ་ཅི་འདྲ་ཞིག་ཏུ་འགྲོ་ངེས་སྔོན་བྱོན་མཁས་པའི་ལོ་རྒྱུས་མཚོན་པའི་འཁྲབ་ཚིག་དེ་གྲོང་སྐད་དམ་ལུང་སྐད་ཀྱིས་བཅིངས་ན་ཤིན་ཏུ་མི་འོས།

གསུམ་པ། གློག་བརྙན་བརྙན་འཕྲིན་གྱི་གལ་ཆེན་རང་བཞིན།

    གློག་བརྙན་བརྙན་འཕྲིན་ནི་ང་ཚོ་བོད་རིགས་ཀྱི་ཕ་མེས་ཡང་མེས་རྣམ་པས་རང་རེའི་རིག་གནས་ཀྱི་བང་མཛོད་ཆེན་མོ་བསྐྲུན་པ་དེའི་ནང་གི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་ཟློས་གར་རིག་པའི་ཁོངས་སུ་བསྡུས་ཡོད། ཇི་ལྟར་ཞེ་ན། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། ཞེས་པ་འདིས་གནའ་རབས་སུ་ཇི་ལྟར་གལ་ཆེན་དུ་བཟུང་ཚུལ་བསྟན་ཡོད་པ་དང་།〖LL〗དུས་ རབས་བཅོ་ལྔའི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རིང་ལ་བོད་ཀྱི་ཟློས་གར་འདི་སྔར་ལས་ཀྱང་དར་ཞིང་རྒྱས་པར་མགོ་བརྩམས་ཏེ། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར། གཟུགས་ཀྱི་ཉི་མའི་རྣམ་ཐར། དྲི་མེད་ཀུན་ལྡན་གྱི་རྣམ་ཐར། འགྲོ་བ་བཟང་མོའི་རྣམ་ཐར། པད་མ་འོད་འབར་གྱི་རྣམ་ཐར། སྣང་ས་འོད་འབུམ་གྱི་རྣམ་ཐར། སྲས་དོན་ཡོན་དང་དོན་འགྲུབ་ཀྱི་རྣམ་ཐར། རྒྱལ་བུ་སྤྲིན་བཞོན་གྱི་རྣམ་ཐར། སྲོང་བཙན་སྒམ་པོ་ཡབ་ཡུམ་རྣམ་པ་གསུམ་གྱི་རྣམ་ཐར་སོགས་ཟློས་གར་དུ་སྔར་ནས་བསྒྱུར་ཡོད་པར་མ་ཟད། གྲུབ་ཆེན་ཐང་སྟོང་རྒྱལ་བོའི་རྣམ་ཐར། མི་ལ་རས་པའི་རྣམ་མགུར། གེ་སར་རྒྱལ་པོའི་སྒྲུང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་སོགས་ཀྱི་རྣམ་ཐར་རྣམས་ཀྱང་རིམ་གྱིས་འཁྲབ་མགོ་བརྩམས་ཡོད། ད་དུང་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད། གཞོན་ནུ་དྲུག་གི་རྟོགས་བརྗོད། བྱ་སྤྲེལ་གཏམ་རྒྱུད། མི་རོ་རྩེ་སྒྲུང་སོགས་བརྗོད་ལས་མི་འདས་པའི་སྒྲུང་རྩོམ་རྣམས་ཀྱང་ཟློས་གར་གྱི་གློག་བརྙན་དང་བརྙན་འཕྲིན་སོགས་སུ་བསྒྱུར་སྐྲུན་བྱེད་ཆོག་ཆོག་ཡིན། དེ་དག་བསྒྱུར་སྐྲུན་བྱས་ན་རང་ཅག་བོད་པའི་སྒྲུང་གཏམ་སྐོར་དར་སྤེལ་དང་རྒྱུད་ འཛིན་བྱེད་ཐུབ་ལ། སྐབས་དེའི་བྲན་གཡོག་སྤྱི་ཚོགས་ཀྱི་རང་དབང་མ་ཡིན་པའི་ཐོབ་ཐང་སོགས་ཀྱང་རྟོགས་ཐུབ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལྟ་བུ་ལ་མཚོན་ནའང་རིགས་འདིའི་ཐུན་མོང་མ་ཡིན་པའི་ཟློས་གར་རྩོམ་རིག་ལའང་རྒྱུས་ལོན་བྱེད་ཐུབ་པ་མ་ཟད་རིག་གནས་སློབ་གསོའི་གོ་སྐབས་མ་ཐོབ་པའི་སྐྱེ་བོ་དག་གིས་ཀྱང་རྒྱལ་བོ་དྲི་མེད་ཀུན་ལྡན་སོགས་ལྟ་བུ་སྐྱེས་ཆེན་དག་གི་མཛད་པ་ལ་རྗེས་སུ་ཡི་རང་དང་ཉམས་སུ་མྱོང་ཐུབ། ཡང་བྱ་སྤྲེལ་གཏམ་རྒྱུད་ལ་མཚོན་ན་སྐབས་དེའི་གོར་བོད་དམག་འཁྲུག་བྱུང་བའི་ལོ་རྒྱུས་དོན་རྐྱེན་སོགས་ཀྱང་རྒྱུས་ལོན་བྱེད་ཐུབ་པ་སོགས་ཀྱི་དགེ་མཚན་བསམ་གྱིས་མི་ཁྱབ་པ་མཆིས་སོ།།


 

དཔྱད་མཆན་ཡོད།