འོད་དུ་འཚེར་བའི་མི་གཤིས་ཀྱི་རི་མོ།


— པདྨ་ཚེ་བརྟན་གྱི་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ལ་བལྟས་རྗེས་ཀྱི་མྱོང་ཚོར།

 

      གློག་བརྙན་འདིར་དུས་ཚོད་ཀྱི་ཆ་ནས་རྒྱ་ལོ་གནམ་གང་ནས་ཚེས་གསུམ་གྱི་བར་གྲྭ་བཙུན་ཆུང་ཞིག་དགོན་པ་ནས་ཕ་ཡུལ་ལ་ལོག་པའི་གཏམ་རྒྱུད་དཀྱུས་ཐིག་བྱས་ཏེ། གྲྭ་བཙུན་ཆུང་ཆུང་དེས་ཕ་ཡུལ་ནས་བརྙན་འཕྲིན་འཕྲུལ་ཆས་ལ་བལྟས་པའི་མོད་ཡིད་ཀྱི་དབང་བོ་ཅིག་ཅར་འཕྲོག་སོང་བ་དང་དེ་འཕྲོར་མཚར་བློས་དྲངས་པའི་སེམས་བྱུང་སྣ་ཚོགས་ཤིག་བྱུང་བ་བརྗོད་ཡོད་ཅིང་།འཁྲབ་ཁྲིད་པས་ཞི་འཇམ་གྱིས་ལྷུག་བརྗོད་བྱེད་པའི་ཞོར་དུ་མི་རིགས་ཤིག་གི་གནས་སྟངས་ཀྱི་ངོར་ཡོད་པའི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་བ་དང་། ནང་ཆོས་ཀྱིས་མཚོན་པའི་དགོན་སྡེའི་འཚོ་བ་དང་འཇིག་རྟེན་པའི་འཚོ་བའི་བར་གྱི་འགལ་བ་དེར་རིན་ཐང་དབྱེ་གཅོད་མ་བྱས་པར་མངོན་ཆུང་གིས་ང་ཚོའི་མིག་ངོར་བཀྲམས་ཡོད་ལ།གློག་བརྙན་ཡོངས་སུ་འཚོ་བའི་རོ་བྲོ་ཡིས་ཕྱུག་ཅིང་ད་དུང་མི་གཤིས་སྐོར་གྱི་འཚོལ་དཔྱོད་དང་བསམ་གཞིག་ཀྱང་ཡོད་པས་འདིར་གློག་བརྙན་ལ་བལྟས་རྗེས་ཀྱི་མྱོང་ཚོར་ཙམ་གླེང་བར་བྱ།


གཅིག  སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་བ།


       གློག་བརྙན་འདིར་འཁྲབ་ཁྲིད་པས་མཚོན་དོན་རང་བཞིན་གྱི་བྱ་དངོས་སམ་ཡིད་བརྙན་མང་པོ་ཞིག་བཀོལ་ནས་མི་རིགས་འདིའི་གནས་སྟངས་ཀྱི་ངོར་ཡོད་པའི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་བ་མཚོན་ཡོད་དེ། དཔེར་ན་གློག་བརྙན་ནང་དུ་བྱུང་བའི་ཐེ་གེ་རྩེ་བ་དང་བརྙན་འཕྲིན་འཕྲུལ་ཆས་ལ་བལྟ་བའི་བརྙན་རིས་དང་། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་བལྟ་བ་དང་གློག་བརྙན་ཁང་ནས་VCDལ་བལྟ་བའི་བརྙན་རིས་ལྟ་བུ་རེད། སྲོལ་རྒྱུན་གྱི་མཚོན་བྱེད་དུ་གྱུར་བའི་ཐེ་གེ་རྩེ་བ་དང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་གང་ཡིན་རུང་གྲྭ་བཙུན་ཆུང་ཆུང་ནི་དེ་དག་ལ་སུན་པོ་ཡོད་ཅིང་བརྙན་འཕྲིན་འཕྲུལ་ཆས་ཀྱིས་མཚོན་པའི་དེང་རབས་བྱ་དངོས་ལ་ནང་སེམས་ནས་དགའ་བོ་ཡོད་པ་རེད། སྤྱིར་ན་དེང་རབས་རང་བཞིན་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཡིན་པ་དང་། དེར་ཡོངས་ཁྱབ་རིན་ཐང(普世价值)གི་ཆ་ཡོད་པ་རེད། འོན་ཀྱང་རང་རིགས་ལ་མཚོན་ན་དེང་རབས་རང་བཞིན་ལ་རང་རྟོགས་ཀྱི་འདུ་ཤེས་མེད་པའི་ཁར་དེར་བཀག་རྒྱ་དང་འགོག་རྒོལ་ཅི་རིགས་བྱེད་ཀྱིན་ཡོད་པ་རེད། དཔེར་ན་གྲྭ་བཙུན་ཆུང་ཆུང་གིས་ཕ་ཡུལ་ནས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་བལྟ་སྐབས་ངས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་ཐེངས་མང་པོར་བལྟས་ཟིན་པས་བལྟ་འདོད་མི་འདུག་ཅེས་བཤད་པ་བཞིན་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་མེད་དང་སོ་ན་གནས་པའི་རང་བཞིན་བསྟན་པ་དང་། དེ་ནས་སྡེ་བའི་གློག་བརྙན་ཁང་དུ་གློག་བརྙན་ལ་བལྟ་རུ་སོང་དུས་བརྙན་རིས་ལས་ཕོ་མོ་ཕན་ཚུན་མཆུ་སྦྱོར་བྱེད་པ་ཞིག་ཤར་བས་གྲྭ་བ་ཞིག་གི་ངོས་ཐད་ནས་བཤད་ན་དེ་ནི་འདུལ་བ་དང་འགལ་བ་ཞིག་ཡིན་པས་གློག་བརྙན་ལའང་མ་བལྟས་པར་ཕྱིར་ལོག་སོང་། འདིས་ནི་རང་རེའི་ནང་ཆོས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་ཀྱིས་དེང་རབས་རང་བཞིན་ལ་འགོག་རྒོལ་བྱེད་པ་དང་དེ་གཉིས་བར་གྱི་རྣོ་ངར་གྱི་འགལ་བ་ཡང་མཚོན་འདུག རང་རེར་མཚོན་ན་དེང་རབས་ཅན་དུ་བསྐྱོད་དགོས་པ་ནི་དུས་ཀྱི་ཆོས་ཉིད་འབའ་ཞིག་ཡིན་ལ། སྲོལ་རྒྱུན་རིག་གནས་ནས་དེང་རབས་རིག་གནས་དང་སྲོལ་རྒྱུན་སྤྱི་ཚོགས་ནས་དེང་རབས་སྤྱི་ཚོགས་ཀྱི་ལམ་ཁར་འགྲོ་བ་ནི་ང་ཚོ་མི་རབས་འདིའི་གཟུར་མེད་ཀྱི་འགན་འཁྲི་ཡིན། སྲོལ་རྒྱུན་རིག་གནས་ནས་དེང་རབས་རིག་གནས་སུ་བསྐྱོད་པ་དེ་ཡང་ཕྱི་ཡོང་གི་ནུབ་གླིང་དེང་རབས་རིག་གནས་སུ་བསྐྱོད་པ་མ་ཡིན་པར། ང་ཚོར་མཚོན་ན་རང་གི་དེང་རབས་རིག་གནས་ཀྱི་ལམ་ཁར་བསྐྱོད་ཆོག་པ་རེད། རང་གི་དེང་རབས་རིག་གནས་ཞེས་པ་ཡང་དེང་རབས་རང་བཞིན་གྱི་རྨང་གཞིའི་སྟེང་རང་གི་སྲོལ་རྒྱུན་རིག་གནས་དང་ནུབ་གླིང་དེང་རབས་རིག་གནས་གཤིབ་བསྡུར་བྱས་ནས་གནའ་དེང་ཟུང་འབྲེལ་དང་གནའ་བཟང་དེང་སྤྱོད་ཅན་ཞིག་ལ་གོ་ན་འགྲིག རྒྱུ་མཚན་ནི་གཅིག་ནས་ང་ཚོར་རང་གི་རིག་གནས་དང་ནུབ་གླིང་རིག་གནས་གཤིབ་བསྡུར་བྱེད་པའི་ཤེས་རབ་ཀྱི་རྩལ་ཡོད་ཅིང་། གཉིས་ནས་དེང་རབས་རིག་གནས་ལ་བསྐྱོད་པའི་ཆོད་སེམས་དང་དཔའ་སྤོབས་ཀྱང་ཡོད་པ་ཡིན།


གཉིས།  མི་གཤིས་ཀྱི་འཚོལ་དཔྱོད།


       པདྨ་ཚེ་བརྟན་ལ་མཚོན་ན་གློག་བརྙན་འཁྲབ་ཁྲིད་ཀྱི་ལམ་ལ་མ་ཞུགས་གོང་ནས་བརྩམས་སྒྲུང་གསར་རྩོམ་གྱི་ལས་སུ་ཞུགས་ཚར་བའི་རྩོམ་པ་པོ་ཞིག་ཡིན་ཅིང་། ཁོའི་བརྩམས་སྒྲུང་ཕལ་མོ་ཆེ་ཞིག་ལ་མི་གཤིས་འཚོལ་དཔྱོད་ཀྱི་ཆ་མངོན་གསལ་གྱིས་ཡོད་པ་རེད། དེ་བས་ཁོའི་གློག་བརྙན་དག་གིས་ཀྱང་མི་གཤིས་འཚོལ་དཔྱོད་ཀྱི་ཆ་དེ་མ་བོར་བར་རྒྱུན་མཐུད་འདུག་ལ་དེ་ནི་ཁོའི་བརྩམས་སྒྲུང་གསར་རྩོམ་གྱི་མྱོང་བ་ཡིས་ཤན་ཞུགས་པ་ཡིན་ཤས་ཆེ། གློག་བརྙན་འདིར་མཚོན་ན་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཕྱི་ཡོང་དེང་རབས་རིག་གནས་བར་གྱི་འགལ་བ་མཚོན་པའི་ཞོར་དུ་གྲྭ་བཙུན་ཆུང་ཆུང་གི་སེམས་བྱུང་སྣ་ཚོགས་ཤིག་བརྒྱུད་ནས་མི་གཤིས་ཀྱི་སྐོར་ལ་འཚོལ་དཔྱོད་བྱས་འདུག་སྟེ། རང་རེའི་ནང་ཆོས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་གྱིས་མི་ལ་བལྟ་སྐབས་“སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འོན་ཀྱང་གློ་བུར་དྲི་མས་བསྒྲིབས།། དྲི་མ་དེ་བསལ་སངས་རྒྱས་ཉིད།།”ཅེས་མི་སུ་ཡིན་རུང་འཚང་རྒྱ་རུང་གི་ཆ་སྟེ་གཞི་བདེ་གཤེགས་སྙིང་བོས་ཁྱབ་ཡོད་པ་དང་།འོན་ཀྱང་གློ་བུར་བའི་དྲི་མ་སྟེ་ཉོན་མོངས་གིས་བསྒྲིབས་པར་བྱས་པས་ཉོན་མོངས་དག་སྤངས་ནས་སངས་རྒྱས་པར་བྱེད་པ་ནི་མཐར་ཐུག་གི་སྙེག་བྱར་འདོད་པ་རེད། འདི་ནི་ང་ཚོའི་མི་གཤིས་ཀྱི་ལྟ་བ་རེད། ང་ཚོའི་མི་གཤིས་ཀྱི་ལྟ་བས་འདོད་ཡོན་ལ་དགྲ་ལྟར་བལྟ་ཞིང་འདོད་ཡོན་སྤངས་དགོས་པར་བཤད་ཀྱིན་ཡོད་པ་རེད། ནུབ་གླིང་རིག་གནས་སམ་དེང་རབས་རིག་གནས་ཀྱི་མི་གཤིས་ཀྱི་ལྟ་བར་བལྟོས་འཇོག་གིས་བཤད་ན་ང་ཚོའི་མི་གཤིས་ཀྱི་ལྟ་བ་ནི་ཆ་ཚང་ཞིག་མིན། ནུབ་གླིང་རིག་གནས་སམ་དེང་རབས་རིག་གནས་ཀྱིས་མི་ལ་བལྟ་སྐབས་སྤྱི་ཚོགས་ཀྱི་གཤིས་ཀ་དང་རང་བྱུང་གི་གཤིས་ཀ་གཉིས་ཀ་ཡོད་ཅེས་མིའི་འདོད་ཡོན་ལ་ཁས་ལེན་དང་བཏང་སྙོམས་ཀྱི་ངོས་ནས་ལྟ་བཞིན་ཡོད། གློག་བརྙན་འདིར་མཚོན་ན་ཡང་གྲྭ་བཙུན་ཆུང་ཆུང་གིས་བརྙན་འཕྲིན་འཕྲུལ་ཆས་ལ་བཅངས་པའི་མཚར་བློ་དང་། སྒྲ་སྡུད་འཕྲུལ་ཆས་ལས་དཔལ་མགོན་གྱི་རྡུང་ལེན་ལ་ཉན་པ་དང་རང་དང་ན་མཉམ་གྱི་གྲྭ་བཙུན་འགའི་མདུན་དུ་ཨ་ཁུ་པད་མའི་གླུ་དབྱངས་ལེན་པ།«ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད»ཅེས་པའི་བརྙན་འཕྲིན་ཟློས་གར་ལ་བལྟ་སྐབས་ཐང་སིན་བླ་མས་ཆོས་ལེན་པར་བལྟ་འདོད་མེད་པར་སུང་བུའུ་ཁུང་གིས་པྲ་ཆལ་བྱེད་པར་བལྟ་འདོད་པ། ད་དུང་གྲྭ་བཙུན་ཆུང་ཆུང་གིས་ཕ་ཡུལ་ནས་སུང་བུའུ་ཁུང་གི་ངོ་འབག་ཅིག་ཉོས་ནས་གྱོན་པ། ཐ་ན་སྤྲུལ་པའི་སྐུ་རུ་ངོས་བཟུང་བའི་སྐུ་ལོ་ཆུང་ཆུང་གིས་ཀྱང་སུང་བུའུ་ཁུང་གི་ངོ་འབག་གྱོན་པ་སོགས་བརྙན་མིག་གང་ཡིན་རུང་མི་གཤིས་ཀྱི་ཟབ་སར་འཛུལ་ནས།མིའི་ལུས་སྟེང་གི་འདོད་ཡོན་ནམ་རང་བྱུང་གི་གཤིས་ཀ་ནི་ནང་ཆོས་ཀྱིས་བཤད་པ་བཞིན་སྤངས་ཐུབ་པ་ཞིག་མ་ཡིན་པར་མིའི་རྒྱུད་ན་རང་ཆས་སུ་མངའ་བས་དེར་ཁས་ལེན་དང་དང་ལེན་གྱི་ངོས་ནས་བསྟན་འདུག ལྷག་པར་གློག་བརྙན་མཇུག་ཏུ་གྲྭ་བཙུན་ཆུང་ཆུང་གིས་སུང་བུའུ་ཁུང་གི་ངོ་འབག་གྱོན་བཞིན་ཨ་ཕས་བརྙན་འཕྲིན་འཕྲུལ་ཆས་དང་VCDཕྱིར་འཁྱེར་ནས་ཡུལ་ལ་ལོག་བཞིན་པའི་རྒྱབ་གཟུགས་ལ་ཅེར་བཞིན་པ་ནི་གློག་བརྙན་གྱི་མཐོ་རླབས་སུ་གྲུབ་འདུག་སྟེ །དེས་ནི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཀྱི་འགལ་བའམ་མིའི་འདོད་ཡོན་དང་ནང་ཆོས་ཀྱི་ལྟ་གྲུབ་བར་གྱི་འགལ་བ་དེ་ཟབ་སར་བསྐྱལ་འདུག་ཅིང་། གྲྭ་བཙུན་ཆུང་ཆུང་གིས་ཨ་ཕའི་རྒྱབ་གཟུགས་ལ་ཅེར་ཅེར་མཐར་དགོན་པའི་རྒྱ་ལོའི་སྨོན་ལམ་གྱི་ཚོགས་བརྡ་བཏང་བྱུང་བས་སུང་བུའུ་ཁུང་གི་ངོ་འབག་རུམ་ལ་བཅུག་ནས་དགོན་པའི་འདུ་ཁང་དུ་རྒྱུགས་འགྲོ་བའི་བརྙན་མིག་གིས་ནི་འཁྲབ་ཁྲིད་པས་མིའི་འདོད་ཡོན་ནམ་རང་བྱུང་གི་གཤིས་ཀར་ཁས་ལེན་དང་བརྩི་འཇོག་བྱེད་པའི་མི་གཤིས་ཀྱི་ལྟ་བ་གསལ་བོར་བསྟན་འདུག


གསུམ།  འཚོ་བའི་རོ་བྲོ་ཡིས་ཕྱུག་པ།


       གློག་བརྙན་འདིའི་བརྗོད་དོན་གྱི་ཆ་ནས་ང་ཚོས་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་བ་མཚོན་པའམ་མི་གཤིས་ཀྱི་འཚོལ་དཔྱོད་བཅས་ཕྱོགས་གང་རུང་ནས་འགྲེལ་བྱས་ཆོག་པས་ནང་ཁོང་འཛོམས་པོ་ཅན་ཞིག་དང་རིམ་པ་དུ་མ་ཅན་ཞིག་ཡིན། བརྗོད་དོན་ཕན་ཆད་དུ་གློག་བརྙན་འདིར་འཚོ་བའི་རོ་བྲོ་ཡིས་ཕྱུག་པའི་དགེ་མཚན་ཡང་ཡོད་དེ། འཁྲབ་ཁྲིད་པས་རང་རིགས་ཀྱི་གནས་སྟངས་དེ་འདྲ་ཞིག་བཀྲམས་པའི་ཞོར་དུ་འཚོ་བ་ཡི་རོ་བྲོ་དང་ཁྱད་གཤིས་མངའ་བའི་དོན་དག་དང་བྱ་དངོས་དག་བརྙན་མིག་ཏུ་དྲངས་ནས་བརྗོད་དོན་མཚོན་པར་རམ་འདེགས་བགྱིས་ཡོད། དཔེར་ན་གྲྭ་བཙུན་ཆུང་ཆུང་ཕ་ཡུལ་དུ་ལོག་ནས་སྒོ་ཟོག་ལ་ལོ་གསར་གྱི་སྐལ་སྟེར་བ་དང་སྒོ་ཟོག་ཚེ་ཐར་ལ་གཏོང་བ་ཡིན་ནའང་འདྲ། མ་ཎི་རྡོ་འབུམ་འགྲམ་དུ་རྡོ་བརྐོས་ནས་མི་ཚེ་བསྐྱལ་བའི་ཨ་ཁུ་བསོད་བྷ་ཡིན་ནའང་འདྲ། གྲྭ་བཙུན་ཆུང་ཆུང་གི་ཨ་ཁུས་ལྷ་སར་ཆོས་མཇལ་དུ་འགྲོ་བར་ལོ་བཅུ་གཉིས་ལ་སྒུག་ཅིང་ལྷ་སར་འགྲོ་བ་ནི་ཚེ་འདིའི་དོན་བྱ་རླབས་པོ་ཆེ་ཉག་གཅིག་ཏུ་བལྟ་བ་གང་ཡིན་རུང་ནང་ཆོས་ཀྱིས་མཚོན་པའི་བོད་མིའི་འདུ་ཤེས་འཛིན་སྟངས་ཤིག་དང་། རིན་ཐང་ལྟ་བ།མི་ཚེའི་ལྟ་བ་ཞིག་མངོན་གྱིན་འདུག་པས་འདི་ནི་རང་རིགས་ཁོ་ནར་མངའ་བའི་འཚོ་བ་རེད། དེ་བས་འཚོ་བར་བདེན་དངོས་རང་བཞིན་གྱིས་ཀུན་ནས་ཕྱུག་ཅིང་གློག་བརྙན་གྱི་བརྗོད་དོན་དང་ཁ་ཁར་མ་སོང་བར་གོང་བུ་གཅིག་གི་ཚུལ་དུ་ཕན་ཚུན་སིམ་པའི་ངང་ན་ཡོད།


མཇུག་བསྡུ་བའི་གཏམ།


       སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་བ་ནི་ང་ཚོ་མི་རིགས་འདིའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་གནས་སྟངས་ཉག་གཅིག་པོ་ཡིན་རུང་། རང་རིགས་ཀྱི་མི་མང་པོ་ཞིག་ནི་ད་དུང་དེ་ལ་ངོས་ཟིན་ཡོད་པ་མ་རེད། སྤྱིར་ན་འཁྲབ་ཁྲིད་པས་གློག་བརྙན་ནང་དུ་དགག་སྒྲུབ་ཀྱི་ཞེན་ཕྱོགས་དང་རིན་ཐང་དབྱེ་གཅོད་ཀྱི་ལས་ལྷུར་མ་བླངས་པར་རང་རིགས་ཀྱི་འཚོ་བའི་ཕག་ན་ཡིབ་པའི་ཛ་དྲག་གི་གནས་སྟངས་དེ་བརྙན་གཟུགས་བརྒྱུད་ང་ཚོའི་མིག་མདུན་དུ་བཀྲམས་པའི་ངོར་ཡོད་ཅིང་། གནས་སྟངས་དེ་འདྲ་ཞིག་བཀྲམས་པའི་མོད་ལ་ང་ཚོར་བསམ་གཞིག་དང་དོ་སྣང་བྱ་དགོས་པའི་སྐུལ་མ་ཡང་བཏང་འདུག་པར་འདོད། འདི་ནི་འཁྲབ་ཁྲིད་པའི་མཐར་ཐུག་གི་བསམ་བྱ་ཡིན་སྲིད་ལ།ཁོ་རང་ཁོ་ནར་མངའ་བའི་ཤེས་རབ་ཀྱི་བློ་མིག་ཀྱང་ཡིན་སྲིད་དོ།།


 

དཔྱད་མཆན་ཡོད།