གནམ་འོག


    ཁ་སང་དྲྭ་ལམ་གཙོ་ཁག་དང་བརྙན་འཕྲིན་ཆེ་ཁག་ཏུ་ཡང་ནས་ཡང་དུ་ཤར་གཏོང་གནང་བའི་སྔར་གྱི་ཀྲུང་དབྱང་བརྙན་འཕྲིན་ལས་གནས་སུ་གཏོགས་པའི་གསར་འགོད་པ་གྲགས་ཅན་ཁྲེ་ཅུན(柴静)གྱི་སྒེེར་ལས་མཁའ་དབུགས་ཞིབ་འཇུག་གི་ལེ་ཚན་གནམ་འོག(穹顶之下)ཟེར་བ་དེ་དུས་ཚོད་འགྱང་ཐབས་སུ་ལན་གཅིག་བལྟས་པ་ཡིན་ཞིང་ཁྱད་དུ་འཕགས་པའི་ལག་ལེན་དང་ཞིབ་འཇུག་བྱེད་ཐབས་སོགས་ཀྱིས་ཡུལ་རང་སྟེང་དུ་ཀུན་ནས་མི་མཚུངས་པའི་འོད་སྣང་དང་བསླུ་བྲིད་ཅིག་མ་བསྒྲུབ་རང་ཆས་སུ་གྲུབ་འདུག་ཅིང་། དོན་དུ་ཁེལ་བའི་གནད་དོན་དང་ཁོ་མོའི་གྲགས་པ་ཟུང་དུ་སྦྲེལ་བས་སྐར་མ་༡༠༣ཙམ་ལ་ཡོད་པའི་ལེ་ཚན་འདི་རྒྱལ་ཕྱི་ནང་གི་མི་དམངས་དང་སྲིད་གཞུང་གིས་གདེང་འཇོག་དྲགས་པོ་ཐོབ་པའི་སྐད་ཆ་ནི་ཞིབ་ཏུ་མ་གླེང་ཡང་ཁྱེད་ཅག་གི་རྣ་བའི་བུ་གར་འཚང་ཁ་ཤིག་ཤིག་ཏུ་བྱེད་འོང་པ་དེ་ངས་སྔར་ནས་ཤེས་ཡོད།
 

༡- ཁྲེ་ཅུན་ལ་རྒྱུས་ལོན་བྱེད་པ།

    མི་དང་མིའི་ཁོར་ཡུག་ན་མཁའ་དབུགས་འབག་བཙོག་གི་གླེང་བསླང་བ་དེ་མང་ནས་ཇེ་མང་དུ་ཕྱིན་དུས། ངས་སྔར་ཡང་གོ་མ་མྱོང་བའི་ཁྲེ་ཅུན་གྱི་མིང་དང་རིག་མ་མྱོང་བའི་ཁྲེ་ཅུན་གྱི་ཞལ་ངོ་ལ་ཡང་ནས་ཡང་དུ་བལྟས་ཏེ་གཤམ་དུ་འཁོད་པའི་གནས་ཚུལ་དག་དེབ་འགའ་ཡི་ནང་ནས་རྒྱུས་ལོན་བྱུང་སོང་།
    ཁོ་མོ་ནི་༡༩༧༦ལོའི་ཟླ་བ ༡ ཚེས ༡ ཧྲན་ཤིའི་ལུན་ཧྥུན་(山西临汾)དུ་སྐྱེས་ཤིང་། ༡༩༩༥ནས་ ༡༩༩༨ བར་སྔ་ཕྱིར་ཀྲུང་ལྷོ་སློབ་ཆེན་དང་ཀྲུང་གོའི་སྒྱུ་རྩལ་ལས་རིགས་སློབ་ཆེན་སོགས་སུ་གློག་བརྙན་སྒྲིག་འགོད་ཀྱི་སྐོར་ལ་སྦྱང་བ་མི་དམན་པ་ཞིག་བྱས་ཤིང་ཞོར་ལའང་ཧུའུ་ནན་བརྙན་འཕྲིན་གྱི་༼ན་གཞོན་གསར་བ༽ཡི་མདོ་འཛིན་པའི་བྱ་བ་གཉེར་བ་ཡིན། སློབ་གྲྭར་མཐར་ཕྱིན་ཏེ་ ༢༠༠༡ལོ་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་ ༢༠༠༣ ནས་གསར་འགོད་པའི་ལམ་ལ་དངོས་སུ་ཞུགས་ཤིང་བདེན་འཚོལ་དང་དགག་སྒྲུབ་ཀྱི་སྙིང་སྟོབས་སོགས་གང་ཅིའི་ཐད་ནས་ཕུལ་དུ་བྱུང་བའི་མངོན་འབྲས་རེ་རེས་མི་དམངས་ཀྱི་དད་པ་དང་དུང་བ་སྒོ་ཀུན་ནས་བསླངས་བས་སྔ་ཕྱིར་བརྙན་འཕྲིན་ཁང་ཆེ་གེ་མོས་ལྗང་མདོག་མི་སྣ་དང་ཀྲུང་དབྱང་མདོ་འཛིན་པ་ཕུལ་བྱུང་གི་བྱ་དགའ་སོགས་བསྟོད་པ་མང་དུ་ཐོབ་པ་ཡིན་ལ། འཐུས་ཚབ་བརྩམས་ཆོས་༼མཐོང་བ༽ཞེས་པ་ཡོད་ཅིང་། ༢༠༡༤ ལོར་བུ་མོར་ནད་གྱིས་བཟུང་བ་སོགས་དོན་རྐྱེན་ག་གེ་མོའི་དབང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་ལས་རང་གིས་ལས་གནས་བཤོལ་ཏེ་སླར་ཡང་ ༢༠༡༥ ལོར་ཁོ་མོ་རང་སྒེར་གྱི་ནུས་པར་བསྟུན་ནས་མཁའ་དབུགས་འབག་བསླད་སྐོར་གྱི་ཞིབ་འཇུག་ལེ་ཚན་༼གནམ་འོག༽ཅེས་པ་འདི་བསྡུས་པ་ཡིན་ནོ།།

༢- གནམ་འོག་ལ་རྒྱུས་ལོན་བྱེད་པ།

    ༼འདི་ནི་ང་དང་མཁའ་དབུགས་འབག་བཙོག་གི་མི་སྒེར་གྱི་འཐབ་རྩོད་ཅིག་ཡིན༽ཞེས་པའི་སྐད་ཆས་རྒྱབ་ལྗོངས་བྱས་ཏེ་གསར་འགོད་པ་ཞིག་གི་མིག་ཟུང་ལས་འགོངས་ཏེ་བྱམས་ལྡན་གྱི་ཨ་མ་དཀྱུས་མ་ཞིག་གི་དོགས་འཚེར་ལས་བུ་མོ་སྙིང་ལ་རྗེ་བོའི་བདེ་ཐང་དང་གཡའ་དག་པའི་ནམ་མཁའ་ཞིག་གི་གནད་དོན་ལ་ཞུགས་ནས་སྲིད་གཞུང་དང་བརྙན་འཕྲིན་ཆེ་གེ་མོས་དཔལ་འབྱོར་རོགས་སྐྱོར་མི་མཁོ་ཚུལ་སྦས་ཏེ་བཤད་ཅིང་རང་གི་དེབ་རིན་རྐྱང་བ་བེད་སྤྱད་དེ་དངོས་སུ་རྒྱལ་ཁབ་གཞན་གང་མང་མང་དུ་གནས་ཚུལ་རྒྱུས་ལོན་བྱེད་པར་སོང་སྟེ། མཐར་གནད་དོན་གསུམ་གྱིས་འབད་འབྲས་དེ་ར་སྤྲོད་བྱས་ཤིང་གཏམ་བཤད་འཆད་གཞིའང་དྲི་བ་དེ་གསུམ་དུ་འདུས་པར་བྱས་ཏེ་ང་ཚོ་ལ་ཤུགས་ཀྱིས་བདེ་ཐང་དང་གཡའ་དག་གི་ནམ་མཁའ་ལ་བླ་སྲོག་གི་འབོད་པ་བསླངས་བ་ཡིན་པས་གཤམ་དུ་གནད་དོན་གསུམ་ག་དེར་གཞིགས་ནས་སྤྱི་སྡོམ་ཕྲན་ཙམ་པ་ཞིག་ཞུས་ན།

1. ཅི་ཞིག་ལ་མཁའ་དབུགས་ཀྱི་འབག་བསླད་ཟེར།

   ཁོར་ཡུག་འབག་བསླད་ཀྱིས་ཉམ་ཆུང་བའི་ཚེ་སྲོག་གི་བླ་རྡུང་ཞིང་རིགས་ཀྱི་མེ་ཏོག་རྨང་ནས་བཅོམ་པས་བདེ་ཐང་གི་གཤེད་མ་དངོས་མ་འང་ཡིན་ནོ།། རྒྱ་ནག་པེ་ཅིང་གྲོང་ཁྱེར་རྐྱང་བ་ལ་བརྟག་ན་ལོ་གཅིག་གི་ནང་དུ་ཉི་མ་175 ཡི་མཁའ་དབུགས་ནི་ཐལ་ཆེ་བའི་འབག་བཙོག་ཏུ་གྲུབ་ཡོད་ལ་དེ་དག་ནི་མིག་གིས་མཐོང་དུ་རུང་བའི་རྡུལ་ཆེས་ཆུང་ཤོས་ལས་ལྡབ་ཉི་ཤུ་ཡིས་ཆུང་བ་ཡོད་ཅིང་གཙོ་ཆེར་སྐྲན་ནད་ཀྱི་གཞི་རུ་གྲུབ་བྱེད་ཀྱི་རྫས་བཅོ་ལྔ་ཡིས་གྲུབ་ཅིང་དེའང་འཛམ་གླིང་ན་ཆེས་ཉེན་ལྡན་དུ་བརྩིས་ཤིང་རྩི་བཞིན་པའི་དུག་རྫས་པན་པུན་ཨེར་པུས (benzo[a]pyrene 176)ཡོད་ཅིང་དེའང་གཞན་དག་གི་ལྡབ་བཅུ་བཞིས་མང་བ་ཡོད་དོ།།

2. དུག་རྫས་དེ་དག་གང་ནས་ཐོན་པ་ཡིན་ནམ།

    དུག་རྫས་དེ་དག་གྲིབ་མ་བཞིན་དུ་དུས་རྟག་པར་ཁྱོད་དང་ཁྱོད་ཀྱི་འཁོར་ཡུག་མཐའ་དག་ན་གནས་ཡོད་ཅིང་། གྲི་དང་སྟ་རེ་ཐོགས་ཏེ་ཁྱོད་ཀྱི་དོན་ལྔ་སྣོད་དྲུག་ལ་དབང་བསྒྱུར་བྱེད་ཀྱིན་མཆིས། དོན་དམ་པར་ཚེ་སྲོག་ཟ་བཞིན་པའི་དུག་རྫས་དེ་དག་གང་ལས་འབྱུང་ཞིང་ཅི་ལྟར་ང་ཚོའི་འཁོར་ཡུག་ཏུ་ཐིམ་པ་ཡིན་ཞེས་དྲིས་ན། དེ་ནི་རྡོ་སོལ་དང་རྡོ་སྣུམ་ལས་ཕལ་ཆེ་བ་བྱུང་སྟེ་དེའང་གཉིས་ག་འཕྲད་སྟོབས་ལས་འབོར་ཆེ་བའི་རྫས་འགྱུར་གྱི་འགྱུར་ལྡོག་བྱུང་སྟེ་འཛད་མཐའ་མེད་པའི་ཚེ་སྲོག་གི་གཤེད་མ་བྱུང་བ་ཡིན། དེའང་ང་ཚོ་རང་གིས་བསྐྲུན་པ་རྐྱང་རྐྱང་ཡིན་པ་ལས་རང་བྱུང་ལ་ཁང་འགེལ་ས་གང་ཡང་མེད། རྡོ་སོལ་འབུད་པ་དང་རླངས་འཁོར་སོགས་སྣུམ་ལ་བརྟེན་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ཡོ་བྱད་བེད་སྤྱད་པ་ལས་འཁོར་ཡུག་གི་ནང་དུ་བསྟིམ་པ་ཡིན།

3. ང་ཚོ་མི་སྒེར་གྱིས་ཅི་ལྟར་བྱ་དགོས་སམ།

   རྒྱལ་ཁབ་ཅིག་གི་ཁོར་ཡུག་གཙང་སེལ་བྱེད་པ་ནི་སྲིད་གཞུང་རྐྱང་བའི་ནུས་པ་ཏག་ཏག་གིས་སྒྲུབ་མི་བཏུབ་པའི་ལས་ཀ་ཕོན་ཆེན་པོ་ཞིག་ཡིན་པས། ང་དང་ཁྱོད་ཀྱི་ལག་པ་ལག་པ་དང་སྦྲེལ་ལ་དཔུང་བ་དཔུང་བ་དང་གཤིབ་ཏེ་མཉམ་དུ་ང་ཚོའི་འཚོ་གནས་ལ་དུག་སེལ་བྱས་ན་ད་གཟོད་ཆུ་ཐིགས་བསག་པའི་རྒྱ་མཚོ་ལྟར་དུ་ནུས་པ་ཁྱབ་ཆེན་པོ་རང་དུ་ཐོན་པ་ཡིན་ཏེ། དེའང་ཀུན་ཕན་འཁོར་ཡུག་གི་དགེ་ལས་གང་མང་བསྐུལ་ཅིང་ཚོགས་པ་དེ་དང་དེ་འདྲ་བ་ལ་ཞུགས་ཏེ་ཅི་ཐུབ་ཀྱིས་འབད་པ་ལྷུར་ལེན་དང་ཁ་པར་གྱི་མ་ལག་ཁག་བརྒྱུད་དེ་ཁྱོད་ཀྱི་ཉེ་འཁོར་ལ་བཟོ་གྲྭ་གང་དང་གང་གིས་འཁོར་ཡུག་ལ་འབག་སླད་ཚབ་ཆེན་བསྲེས་བཞིན་ཡོད་མིན་ལ་བལྟས་ཏེ་འབག་བཙོག་ཐལ་ཆེས་པ་དག་ནི་ཁྱོད་དང་བཟའ་མི་དག་གི་བདེ་ཐང་ལ་དམིགས་ཏེ་ཆེད་དུ་རྒྱལ་ཁབ་འཁོར་ཡུག་སྤྱི་གཉེར་ཁང་(12369)ལ་ཁ་པར་གཏོང་ནས་གཏུག་བཤེར་བྱེད་དགོས། ད་དུང་ཅི་ནུས་ཀྱིས་རླངས་འཁོར་བེད་སྤྱད་བྱེད་པ་ཇེ་ཉུང་དུ་གཏོང་རྒྱུ་སོགས་རྟག་པར་དེ་དང་དེ་འགོག་པའི་ཐབས་ལ་དོ་ཁུར་ཞིབ་ནན་དུ་མཛད་དེ་རང་གི་བདེ་ཐང་། ཁྱིམ་ཚང་གི་བདེ་ཐང་། རྒྱལ་ཁབ་ཀྱི་བདེ་ཐང་ལ་འོད་སྟོང་འབར་བའི་མ་འོངས་པ་དང་ཉི་མ་དང་ཨ་སྔོན་དབྱིངས།གཡང་དཀར་ལུག་དང་འདྲ་བའི་སྤྲིན་གྱི་ཚོམ་བུ་སོགས་ཅི་དགར་བསྐྱོད་པ་དེ་ཡང་མཐོང་བའི་སླད་དུ་ང་དང་ཁྱོད་ཀྱིས་མཉམ་དུ་འབད་པ་བྱེད།

མཇུག་སྡོམ།

     གཏམ་བཤད་འདིས་ཐམས་ཅད་དང་ལྷག་པར་རྒྱ་གྲོང་ཆེ་བ་ཁག་གི་སྡོད་དམངས་ལ་ཟ་འཕྲུག་སློང་སྟེ་རེ་ཞིག་ཚབ་ཚུབ་ཀྱི་ཡོ་ལང་དྲག་ཏུ་རྒྱས་ཏེ་རྟག་པར་བསམ་བློ་ལ་བག་འཁུམ་ཞིང་སྒྱིད་ལུག་ཆེ་བའི་མི་དག་ཀྱང་རྐང་པ་འདར་ཡོམ་ཡོམ་བྱས་ཏེ་ཅི་བྱ་གཏོལ་མེད་དུ་ལུས་ཡོད་པའང་མང་དུ་བརྒྱུད་དེ་ཐོས་ཡོང་དུས། ཏག་ཏག་ང་ཚོ་ནི་དོན་དག་གང་མང་མང་ཞིག་ལ་གོམས་འདྲིས་སོང་བས་དེ་ལ་འཛེམ་པ་མེད་ཅིང་ཁ་གཡར་བ་དང་རང་མགོ་རང་གིས་གཡོག་ཏེ་འཚོ་བ་རོལ་རྐྱང་བྱས་ཤིང་། མིའི་རིགས་ཀྱི་མ་འོངས་པ་ལ་འདང་བཏང་བ་ལྟ་ཞོག ཐ་ན་རང་གི་བུ་རབས་ཚ་རྒྱུད་ཀྱི་དོན་ལ་འང་འདང་སྤུ་ཙམ་ཡང་མི་གཏོང་བ་ནི་ང་ཚོ་གཉིད་དུ་ཤོར་བས་སམ་ཡང་ན་ལར་ནས་ཤི་ཚར་བས་ཡིན་པ་གང་ཅིའང་ཆ་མ་འཚལ་མོད། འོན་ཏེ། ད་ནི་གནད་དོན་འདི་རྐྱང་བ་ལ་གཞིགས་ནས་མང་པོ་ཞིག་ལ་འདང་དཔག་རན་ཚོད་དུ་སླེབ་ཡོད་པས། འགྲོ་དགོས་པ་དག་གིས་འགྲོ་གྲབས་བྱས་ཏེ་འགྲོ་ཆས་སྟ་གོན་དང་འདུག་དགོས་པ་དག་གིས་ལྟོ་ཟས་ཤིག་ཀྱང་གྲ་སྒྲིག་དགོས་ངེས་རེད་མ་གཏོགས། ང་ཚོའང་ནམ་ཞིག་ལ་འདི་འདྲའི་གྱོང་གུད་མགོ་སྟེང་དུ་ཐོན་ངེས་པ་ཅན་རེད། གཞན་ཅིའང་མིན་ཏེ་ང་ཚོ་ནི་སྔོན་ཐོན་དང་འཕེལ་རྒྱས་གླེང་མཁན་དེ་ཡིན་པའི་ཕྱིར་རོ།།


2015.3.9ལ་པདྨ་གར་དབང་གིས་སུ་ཞིག་ལ་ཕན་པར་དམིགས་ནས་བྲིས་སོ།།


 

དཔྱད་མཆན་ཡོད།