<<ཐར་ལོ>>“བོད་མིའི་བསྡུས་གཟུགས་ཡིན”ཟེར་ན་སྐད་ཆ་ཆེ་སོང་ནི་རེད།

           དང་པོ་ཙ་ན<<ཐར་ལོ>>ཞེས་པའི་བོད་སྐད་གློག་བརྙན(Film)དེ་ཕྱིའི་རྒྱལ་ཁབ་དང་ཕྱི་མི་རྣམས་ལ་བསྟན་ནས་གཟེངས་རྟགས་འདྲ་མིན་བླངས་པའི་རྒྱབ་ལྗོངས་ཅི་ཡིན་མི་ཤེས་མོད་བོད་སྐད་སྨྲ་པའི་གང་ཟག་ཅིག་ལ་མཚོན་ན་དེ་ནི་གློ་བ་མགུ་བའི་རྟགས་ཤིག་དང་ཡི་རངས་ཀྱི་ལས་ཤིག་ཅི་ལ་མིན་ཨང་། དེེར་བརྟེན། ལྟ་འདོད་ཀྱི་འདུན་པས་རབ་ཏུ་གཙེས་བྱུང་། ཡིན་ནའང་། <<ཐར་ལོ>>ཞེས་པའི་གློག་བརྙན་དེ་དྲ་ལམ་དུ་ཁྱབ་སྟེ་ཡུག་ཁྲོབ(youtube)བརྒྱུད་ནས་མཐོང་རོལ་བྱེད་པའི་གོ་སྐབས་བྱུང་བས་གློག་བརྙན་ཁང་ལ་ལྟ་རུ་སོང་ཞེས་ཅི་ཙམ་བསྒྲགས་ཀྱང་བདག་ཉིད་ལ་ནི་འགྲོ་འདོད་མ་བྱུང་། གཅིག་ནས། ཐར་ལོ་ཞེས་པའི་གློག་བརྙན་དེས་བདག་གི་ཡིད་འགུགས་མ་ཐུབ་པས་ཡིན་ལ། གཉིས་ནས། བོད་མི་རྣམས་གློག་བརྙན་ཁང་དུ་མཉམ་འཛོམས་བྱུང་ཚེ། རྩྭ་ཐང་དུ་འཛོམས་པ་བཞིན་གང་འདོད་ཀྱིས་བྱ་སྤྱོད་མངོན་པར་བྱེད་པས་སོ།། ཝོའུ་སོ་ལགས་ཀྱི་སྐད་ཆ་ཞིག་གིས་སྣེ་དྲངས་ན་འོ་ཅག་ནི་ད་དུང་སྤྱི་ཚོགས་ཀྱི་མིར་ཆགས་མེད་པ་འདྲའོ།།

           གང་ལྟར། པདྨ་ཚེ་བརྟན་ལགས་ཀྱི་སྐད་འཕྲིན་བརྒྱུད་ནས་དེ་འབྲེལ་གྱི་བརྙན་དང་ཡི་གེ་མང་པོ་ཞིག་ལ་ལྟ་ཐུབ་སོང་། ཐར་ལོ་ཞེས་པའི་གློག་བརྙན་དེ་བོད་ཁམས་སུ་ཁྱབ་བསྒྲགས་ཤུགས་ཆེན་བགྱིས་བྱུང་། ཁྱབ་བསྒྲགས་ཀྱི་ནང་མཉམ་ཞུགས་བྱས་པའི་མི་སྣ་ཡང་མང་པོ་ཞིག་ཡོད་འདུག ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་ཧྲང་ཧེ། ཀོང་ཀྲིག་བཅས་སུ་དཔེ་ཀློག་གི་བྱ་འགུལ་ཞིག་སྤེལ་བྱུང་། བྱ་འགུལ་དེའི་ཁྱབ་བསྒྲགས་ནང་མཉམ་ཞུགས་བྱས་པའི་མི་སྣ་མང་པོ་འདུག དཔེར་ན། རྒྱའི་རྩོམ་པ་པོ་དང་། འཁྲབ་སྟོན་པ། གཞས་པ་དང་གཞས་མ་སོགས་སྐར་ཆེན་དུ་ཁས་འཆེས་པ་མོད་པོ་ཞིག་འདུག ཉིན་གཅིག་གི་བྱ་འགུལ་དེའི་ཁྲོད་ནས་དཔེ་ཆ་ཁྲི་གཅིག་བཙོང་ཐུབ་པར་དབུས་བརྙན་འཕྲིན་ཁང་གིས་བརྗོད་བྱུང་། མི་འབོར་དུང་ཕྱུར་བཅུ་གསུམ་ལ་སྐར་ཆེན་རྣམས་ཀྱིས་སྣེ་ཁྲིད་པའི་ཚ་ཚ་འུར་འུར་གྱི་དཔེ་ཀློག་བྱ་འགུལ་སྤེལ་ཀྱང་རུང་དཔེ་ཆ་ཁྲི་གཅིག་མ་གཏོགས་བྲིན་ཐུབ་མེད། དེ་ནི་མི་འབོར་གྱི་ངོས་ནས་བལྟས་ན་བྱ་འགུལ་དེའི་ཕམ་ཁ་ཞིག་རེད།

           བདག་གིས་བསམ་ན། <<ཐར་ལོ>>ཁྱབ་བསྒྲགས་བྱས་པའི་ནུས་པ་ནི་རྒྱ་ནག་ཏུ་སྤེལ་པའི་དཔེ་ཀློག་བྱ་འགུལ་གྱི་ཁྱབ་བསྒྲགས་དེའི་ནུས་པ་དང་ཡེ་ནས་འདྲ་མ་བྱུང་། དེའི་གནད་ཀྱི་འགག་ནི་ཁྱབ་སྒྲོག་བྱེད་མཁན་གྱི་སྤྱང་གྲུང་དང་ཁྱབ་སྒྲོག་ཡིད་འཇོག་བྱེད་མཁན་གྱི་གཞུང་དྲང་གཉིས་ལ་ཐུག་འདུག་པར་སེམས། ཁྱབ་སྒྲོག་བྱེད་མཁན་གྱིས་ཇི་ལྟར་བསྒྲགས་པ་རེད་ཅེ་ན། <<ཐར་ལོ>>ནི་བོད་མིའི་བསྡུས་གཟུགས་ཤིག་རེད་ཅེས་པ་དང<<ཐར་ལོ>>ནི་བོད་མི་རིགས་ཀྱི་ཆེད་དུ་བཟོས་པ་ཡིན་ཚུལ་བསྒྲགས་པ་རེད། བལྟས་ཟིན་པ་ཁྱེད་ཅག་གིས་སེམས་ན<<ཐར་ལོ>>ནི་བོད་མིའི་བསྡུས་གཟུགས་ཤིག་རེད་དམ། སྔོན་ཆད་ཅིག་ལ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་ལགས་ཀྱིས་ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང<<ར་ལོ>>ཞེས་པ་ནི་བོད་མིའི་རང་གཤིས་ཀྱི་བསྡུས་གཟུགས་ཡིན་པར་བཤད་པ་དེར་འཐད་པའི་བརྡ་ལ་མགོ་བོ་ནང་བཀུག་བྱེད་མཁན་གྱི་མཐོ་རིམ་མི་སྣ་མང་པོ་བྱུང་བ་རེད། 

           གཅིག་ནས། མི་རེ་རེའི་རང་གཤིས་མི་འདྲ་བ་འདི་མཐོང་བ་ཀུན་གསལ་ལྟ་བུ་ཡིན་པས་ན། བྱེ་བྲག་བོད་མི་རེ་རེས་གྲུབ་པའི་བོད་མི་སྤྱིའི་རང་གཤིས་ཟེར་བ་ཞིག་ཡོད་དམ། གཉིས་ནས། ར་ལོ་ཟེར་བའི་མི་སྣ་གང་དེའི་འཚོ་ཐབས་སྐྱོ་བོ་དེས་ཁོའི་རང་གཤིས་མཚོན་ཐུབ་བམ། འཚོ་ཐབས་སྐྱོ་བོ་ཡིན་པའི་གནས་བབ་དེ་སྤྱི་ཚོགས་དང་འབྲེལ་ཡོད་ཀྱི་རང་གཤིས་དང་ཇི་ལྟར་འབྲེལ་ཡོད་རེད། གསུམ་ནས། ང་བརྒྱད་ལོ་དང་རིག་གསར་གྱི་མནར་གཅོད་ཇི་ལྟར་རྒོད་ཀྱང་འོ་ཅག་གི་མེེས་པོ་རྣམས་ཀྱིས་རང་གི་ནང་ཁྱིམ་རིག་གནས་བསྲུངས་ཏེ་འོངས་པའི་མཁྲེགས་གནས་ཀྱི་རང་གཤིས་གྱོང་པོ་དེ་ར་ལོའི་རང་གཤིས་དང་འདྲ་བྱུང་ངམ། བཞི་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་རྟིང་དུ་འོ་ཅག་གི་རིག་གནས་བསྐྱར་གསོ་བགྱིས་ཏེ་འགྱེད་ས་ནས་ཡར་ལངས་པའི་དམ་འཛིན་གྱི་རང་གཤིས་སྲ་མོ་དེ་ར་ལོའི་རང་གཤིས་དང་འདྲ་བྱུང་ངམ། ལྔ་ནས། ཉིས་སྟོང་བརྒྱད་དང་བཅུ་ཡི་ལོ་མཚམས་སུ་བོད་སྐད་ཡིག་གི་བདག་དབང་སྲུང་སྐྱོབ་བྱེད་པའི་གངས་ཅན་ཕྱི་རབས་པ་རྣམས་ཀྱི་རང་གཤིས་དེ་ར་ལོའི་རང་གཤིས་དང་འདྲ་བྱུང་ངམ། དྲུག་ནས། ཁམས་ཕྱོགས་སུ་དཔལ་འབྱོར་གྱི་རང་འགོ་ཐོན་ནས་འོངས་པའི་གནས་བབ་དེ་ར་ལོའི་གནས་བབ་དང་འདྲ་བྱུང་ངམ། བདུན་ནས། མི་ཚེ་ཐོས་སུ་བཅོལ་ནས་དགའ་ལྡན་ཁྲི་ཐོབ་བཞེས་མཁན་ཁམས་ཕྱོགས་ནས་མང་པོ་ཐོན་བཞིན་ཡོད་པ་འདི་ར་ལོ་དང་འདྲ་བྱུང་ངམ། བརྒྱད་ནས། རྒྱལ་དབང་ལྔ་པའི་དབང་སྒྱུར་མ་ཚུགས་གོང་དུ་ཕྱུག་པོས་སྐྱོང་སླ། མེད་པོས་བཙལ་སླ། སློང་མོ་བས་རྙེད་སླ། མི་ལ་མཁས་པ་མང་། ཡ་རབས་ཀྱི་ལུགས་སྲོལ་ཤེས། མི་ཆོས་ལ་ཤེས་སྒོ་ཡངས། ལྷ་ཆོས་ལ་གོ་བ་བཟང་། རིག་གནས་ལ་རྣམ་དཔྱོད་ཞིབ། སྤྱོད་པ་ཁྲིམས་དང་མཐུན་ཞེས་གསུངས་པའི་སྐབས་ཀྱི་བོད་མིའི་རང་གཤིས་དེ་ར་ལོའི་རང་གཤིས་དང་འདྲ་བྱུང་ངམ།

           དེ་བཞིན་དུ། ཁ་སང་དེ་རིང<<ཐར་ལོ>>ཞེས་པ་དེ་བོད་མིའི་བསྡུས་གཟུགས་ཡིན་ཚུལ་གྱི་སྐད་ཆ་རྙིང་པ་ཞིག་བསྒྲགས་ནས་གཞུང་དྲང་ཅན་གྱི་བོད་མི་རྣམས་ལ་མགོ་སྐོར་འདྲ་གཏོང་གིན་མེད་དམ་སྙམ་པའི་བློ་འཚུབ་ཅིག་བྱུང་། དེས་ན། ཁྱོད་ཅག་གིས་ཀྱང་ཐར་ལོ་ཞེས་པའི་གློག་བརྙན་དེ་ལ་བལྟས་ཡོད་ཆེ། ངེད་ཀྱིས་ཀྱང་བལྟས་ཟིན་པས། འོ་ཅག་གིས་བལྟས་ན<<ཐར་ལོ>>ནི་བོད་མིའི་བསྡུས་གཟུགས་ཤིག་ཡིན་ནམ། གལ་སྲིད། ཐར་ལོ་ཞེས་པའི་གློག་བརྙན་དེའི་རང་སྟེང་ནས་བཤད་ཚུལ་དེ་ཐོན་པ་ཡིན་ན་རྩོད་གཞི་ཅི་ཡོད་དེ་གུས་བཀུར་ལོས་ཞུ། ད་ལྟའི་མཚོ་སྔོན་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱི་འཚོ་བའི་གནས་སྟངས་མཚོན་པའི་བསྡུས་གཟུགས་ཤིག་འཇོག་དགོས་ན། ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང<<ཝ་ནག་ལུང་པ>>ཡིན་གྱི<<ཐར་ལོ>>ཞེས་པ་དེ་ག་ནས་ཡིན། དེས་ན། མཚོ་སྔོན་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱི་ད་ལྟའི་འཚོ་བ་བསྡུས་གཟུགས་སུ་ཕབ་པའི་བརྩམས་སྒྲུང<<ཝ་ནག་ལུང་པ>>རྒྱང་ལ་དེེད་ནས་ལག་རྩལ་དང་བཟོ་ལས་གཉིས་ཟུང་འབྲེལ་གྱིས་བསྐྲུན་པའི<<ཐར་ལོ>>མདུན་ལ་བསུ་དོན་དགོས་ཅི་ཡིན་ནམ། དེ་ནི་གོང་དུ་བསྙད་པ་ལྟར་ཁྱབ་སྒྲོག་བཟོ་མཁན་གྱི་སྤྱང་གྲུང་ལ་འབྲེལ་ཡོད་རེད། <<ཐར་ལོ>>ནི་བོད་མི་རིགས་ཀྱི་ཆེད་དུ་བཟོས་པ་དང<<ཐར་ལོ>>ནི་བོད་མིའི་བསྡུས་གཟུགས་ཤིག་ཡིན་ཚུལ་བསྒྲགས་ཏེ་ཡིད་གཞུང་དྲང་བའི་བོད་མི་རྣམས་ལ་འུར་བསླངས་ཡོད་འདུག 

           གལ་སྲིད། <<ཐར་ལོ>>ནི་བོད་མི་རིགས་ཀྱི་ཆེད་དུ་བཟོས་པ་ཡིན་ན། ཐོག་མར་བོད་མི་རྣམས་ལ་སྟོན་དགོས་ཤིང་། གློག་བརྙན་དེའི་འཁྲབ་གཞུང་འབྲི་དུས་ནས་བཟུང་གློག་བརྙན་དེའི་ལྟ་མཁན་ཐོག་མ་ནི་བོད་མི་ཡིན་པའི་བསམ་བློའི་ངོས་ནས་འབྲི་དགོས་པར་སེམས། དེ་མིན། ཐོག་མར་ཕྱི་རྒྱལ་དང་རྒྱ་ནང་དུ་བསྟན་ནས་ཁ་ཚུར་འཁོར་དུས་འདི་བོད་མི་རིགས་ཀྱི་ཆེད་དུ་བཟོས་པ་ཡིན་ཚུལ་དང་དེའི་དོན་དུ་དཀའ་ལས་བརྒྱབ་ཚུལ་བཤད་པ་ཐོས་དུས་ཁོང་དགོད་ཅིག་ཤོར་བྱུང་། དེས་ན། རྒྱ་བླ་རྣམས་ཀྱིས་རྒྱ་ནང་དུ་ཆོས་གསུངས་པ་དེ་བོད་མི་རིགས་ཀྱི་ཆེད་ཅིའི་ཕྱིར་མིན་ནམ། ཐར་ལོ་སྒྲིག་བཟོ་བྱས་ཚར་ནས་ཕྱི་རྒྱལ་དང་རྒྱ་ནང་དུ་བསྟན་བྱུང་། རྒྱ་བླ་རྣམས་ཀྱིས་ཀྱང་ཆོས་དེ་ལྟར་གསུངས་ཀྱིན་འདུག དེ་བས། དེ་ལྟར་ན། རྒྱ་བླ་རྣམས་ཀྱིས་ཀྱང་ཁོ་ཚོས་རྒྱ་ནང་དུ་ཆོས་གསུངས་པ་དེ་བོད་མི་རིགས་ཀྱི་ཆེད་ཡིན་ཚུལ་བཤད་ན་རུང་བར་སེམས། གལ་སྲིད། <<ཐར་ལོ>>ནི་ད་ལྟའི་བོད་མིའི་བསྡུས་གཟུགས་ཤིག་ཡིན་པར་ཆ་བཞག་ན། བོད་མི་ཟེར་བ་འདི་བོད་ཀྱི་རིག་གནས་ཀྱི་བསྐྱེད་འབྲས་ཡིན་སྟབས། དེ་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་བོད་ཀྱི་རིག་གནས་ཀྱི་རྟེན་གཞི་གཙོ་ཚུགས་གསུམ་ཡོད་རེད། དང་པོ་དེ། ནང་ཁྱིམ་སྟེ་བོད་མིའི་ཁྱིམ་ཚང་རེད། གཉིས་པ་དེ་དགོན་པ་རེད། གསུམ་པ་དེ་སློབ་གྲྭ་རེད། ས་ཚུགས་འདི་གསུམ་བོད་ཀྱི་རིག་གནས་ཀྱི་རྟེན་གཞི་གཙོ་བོའི་གྲས་ཡིན་པར་བཤད་ཆོག ད་ལྟར། བོད་ཀྱི་རིག་གནས་ཀྱི་གཙོ་ཚུགས་གསུམ་གར་ཉེན་ཁ་མང་པོ་འཕྲད་བཞིན་ཡོད།

           དེར་བརྟེན། གལ་སྲིད། <<ཐར་ལོ>>ཞེས་པའི་གློག་བརྙན་དེའི་ནང་ད་ལྟའི་བོད་མིའི་གནས་བབ་བསྡུས་གཟུགས་ཀྱིས་མཚོན་དགོས་ན། གཙོ་ཚུགས་དེ་གསུམ་གྱི་ཟུར་སྣེ་རེ་གློག་བརྙན་དེའི་ནང་ཅིས་ཀྱང་མངོན་དགོས། ལར། བྱེ་བྲག་གིས་སྤྱི་མཚོན་པར་བགྱིེད་པ་འདི་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྱད་ཆོས་ཉག་གཅིག་ཡིན་པ་རེད། དེ་བས། བྱེ་བྲག་གིས་སྤྱི་མཚོན་སྟངས་དེ་ཆེས་ཞིབ་ཕྲ་ཅན་ཡིན་དགོས་པས་དེ་ཉིད་ཤེས་པ་ཕྲ་མོར་གཞི་བཅོལ་ནས་འབྲི་བཞེངས་བྱེད་དགོས་པ་རེད། ཤེས་པ་ཕྲ་མོར་གཞི་བཅོལ་སྟངས་དེ་ཡང་མི་ལ་རས་པའི་སྒོམ་རྒྱག་སྟངས་ལྟ་བུ་མ་ཡིན་པར་གང་ཞིག་འབྲི་བཞེངས་བྱེད་པའི་སྤྱིའི་འཚོ་བ་དེར་ཐོག་མར་ཞིབ་ཚགས་ཀྱིས་རྒྱུས་ལོན་དགོས་པ་རེད། དེ་ནས་རྟོག་བསྐྲུན(Fiction)གྱིས་གང་དེར་མཛེས་པའི་ཁམས་བསྐྲུན་ཏེ་བྱེ་བྲག་གིས་སྤྱི་མཚོན་པའི་འདྲེན་ཤུགས་ཞེས་པ་ཞིག་གསར་སྤྲས་བྱེད་དགོས་རེད། ལར། བོད་ཅེས་པ་འདི་ས་ཁམས་ཀྱི་ངོས་ནས་བལྟས་ན་བོངས་ཆེ། སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཐང་མ་བཞིན་བརྡལ་ཆེ། རིག་གནས་ཀྱི་ངོས་ནས་བལྟས་ན་རྒྱ་མཚོ་བཞིན་གཏིང་ཟབ། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་གཙང་ཆུ་བཞིན་རྒྱུན་རིང་བས་ཁྱེད་ཀྱི་བརྩམས་ཆོས་བྱེ་བྲག་པ་ཞིག་གིས་བོད་ཀྱི་ས་ཁམས་དང་སྤྱི་ཚོགས། རིག་གནས། ལོ་རྒྱུས་བཅས་དང་འབྲེལ་བའི་སྤྱི་མཚན་གྱི་བོད་མི་བསྡུས་གཟུགས་སུ་མཚོན་དུ་འཇུག་རྒྱུ་ཡིན་ཟེར་ན། ཐོག་མར་ཁྱོད་ལ་དེའི་འཇོན་ནུས་ཡོད་དགོས་པ་རེད། སྐབས་འདིའི་འཇོན་ནུས་ཞེས་པ་ནི་དེ་དག་ལ་རྒྱུས་མངའ་ཡོད་པར་གོ། གཉིས་པ། ཁྱོད་ལ་དེ་དག་སྒྱུ་རྩལ་གྱི་ལམ་སྣེར་འདྲེན་པའི་མཚོན་ཐབས་རིང་ལུགས་ཀྱི་རྩལ་ཡོད་དགོས། གསུམ་པ། ཁྱོད་ཀྱི་བརྩམས་ཆོས་ཀྱི་རང་སྟེང་ནས་གདགས་གཞི་དང་གདགས་ཆོས་ཀྱི་འབྲེལ་བ་དེ་མཚོན་ཐུབ་དགོས། ཡིན་ནའང་། གློག་བརྙན་ཟེར་བ་འདིའི་རྟོག་བསྐྲུན་གྱི་ཁམས་གཙོ་བོ་ནི་བརྙན་རིས་རེད། བརྙན་རིས་ཀྱི་མཛེས་བཟོ་མཁན་ནི་བརྙན་རིས་འདེམས་མཁན་དང་བརྙན་ལེན་པ་གཉིས་གཙོ་བོར་ཆགས་འདུག འཁྲབ་གཞུང་གང་དེར་རྟོག་བསྐྲུན་གྱི་བརྙན་རིས་གང་དེའི་ཁམས་སྤྲས་ན་མཛེས་སྣང་གཞན་ཞིག་འབྱུང་བ་རེད། དེ་བས། ནུབ་ཕྱོགས་སུ། གློག་བརྙན་ནི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ། བརྙན་ལེན་པ། བརྙན་རིས་འདེམས་མཁན། ལག་རྩལ་པ་སོགས་ཀྱི་མཉམ་ལས་ཀྱི་འབྲས་བུ་ཞིག་ལ་ངོས་འཛིན་པ་རེད། <<ཐར་ལོ>>ཞེས་པའི་གློག་བརྙན་དེ་སྒྲིག་བཟོ་བྱེད་སྐབས་བརྙན་རིས་འདེམས་མཁན་པདྨ་ཚེ་བརྟན་ལགས་གཅིག་པུ་ཡིན་ཚེ་དངོས་གནས་ངར་བ་རེད། རྗེས་སུ་ཡི་རངས་ཡོད། བདག་གི་ཐོས་ཚུལ་ལྟར་ན། པདྨ་ཚེ་བརྟན་དང་ཟོན་ཐར་རྒྱལ་གཉིས་ཀྱི་གློག་བརྙན་རྣམས་ཀྱི་སྒྲིག་བཟོ་པ་དང་བརྙན་ལེན་པ་ནི་འོ་ཅག་བོད་མི་མ་རེད་ཟེར་གྱིན་འདུག   

           གང་ལྟར། མི་སྣ་མང་པོ་ཞིག་གི་མཉམ་ལས་ཀྱིས་བསྐྲུན་པའི་བོད་སྐད་ཀྱི་གློག་བརྙན་དག་བོད་ཀྱི་དེང་རབས་རྩོམ་རིག་དང་མི་འདྲ་བར་ལོ་རྒྱུས་ཀྱི་རྨང་གཞི་མེད་པར་ཐོལ་གྲགས་བྱུང་བ་དེ་ནི་བརྩམས་ཆོས“རང་སྟེང་གི་འདྲེན་ཤུགས”ལ་གཙོ་ཆེར་འབྲེལ་མེད་པར་སྙམ། གློག་བརྙན་བཟོ་མཁན་དེ་རྣམས་རང་གི་བརྩམས་ཆོས་ཀྱི་སྔོན་ལ་བུད་དེ་གློག་བརྙན་གང་དེས་ལྟ་མཁན་རྣམས་ལ་བསྐྲུན་པའི་ཚོར་སྣང་མག་མོག་ཅན་རྣམས་གསལ་བོར་བཟོ་བའི་རྐྱེན་བྱེད་པ་ནི་ཁོ་ཅག་གི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པ་འདྲ། སྤྱིར་ན། གློག་བརྙན་དཔྱད་བརྗོད་པས་གློག་བརྙན་དེར་དཔྱད་བརྗོད་སྤེལ་དགོས་རེད་མོད། འོན་ཀྱང་། བོད་ཀྱི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་རྣམས་དཔྱད་བརྗོད་པའི་ཚབ་ཆགས་ཡོད་པའི་བཟོ་འདུག དེ་ནི། ཁོང་ཅག་གི་བརྩམས་ཆོས་རང་ངོས་སུ་འདྲེན་ཤུགས་ཞན་པའི་རྟགས་ཤིག་ཏུ་ཁོ་བོས་འདོད། རང་ཉིད་བརྩམས་ཆོས་ཀྱི་སྔོན་ལ་བུད་པར་མ་ཟད། ད་དུང་། གློག་བརྙན་འདི་བོད་མིའི་བསྡུས་གཟུགས་ཤིག་ཡིན་ཚུལ་དང་བོད་མི་རྣམས་ཀྱི་ཆེད་དུ་བཟོས་ཚུལ་སོགས་ཉམ་ང་དང་བག་ཚ་ཅི་ཡང་མེད་པར་སྒྲོག་གིན་འདུག་པའི་གནས་བབ་མཐོང་ནས་བདག་ཉིད་དངོས་གནས་མཚར་བྱུང་། <<ཐར་ལོ>>ཟི་ལིང་དུ་ཐོག་མར་སྟོན་ཡུལ་གྱི་བརྙན་འཆར་འགྲམ་དུ་གཡང་ཕྱུག་མཚོ་ཡིས་བོད་སྐད་འཁྱོང་མི་འཁྱོང་ཞིག་བཤད་པ་མཐོང་ཐོས་བྱུང་དུས<<ཐར་ལོ>>ནི་བོད་མིའི་བསྡུས་གཟུགས་ཤིག་ཡིན་པར་བཤད་པ་ཅུང་སྔ་དྲགས་འདུག་སྙམ་བྱུང་ལ། བོད་མིའི་ཆེད་དུ་བཟོས་པ་ཡིན་ཟེར་བ་ཡང་ཅུང་ཐལ་དྲགས་འདུག་སྙམ་བྱུང་། བདེ་སྐྱིད་ཚེ་རིང་གིས་ཐོག་མར་ཁ་རས་ཤིག་བརྒྱབ་ནས་སྐད་ཆ་བཤད་པའི་བྱ་སྤྱོད་དེ་མཐོང་ནས་བདག་ཉིད་ཡིད་ཆད་བྱུང་། ཁྱོད་ཅག་གིས་ལྟ་མཁན་རྣམས་ཀྱི་མདུན་ནས་སྐད་ཆ་བཤད་སྐབས་ལྟ་མཁན་རྣམས་ལ་གཙི་འཇོག་བྱེད་དགོས། ཅི་རེད། ཁྱོད་རང་གིས་ཁ་རས་ཤིག་བརྒྱབ་ནས་ཡོང་བ་དེས་ལྟ་མཁན་རྣམས་ལ་དུག་ཡོད་པར་འདོད་ཀྱིན་ཡོད་དམ། བདེ་སྐྱིད་ཚེ་རིང་གིས་བཏང་བའི་གཞས་སུ་བོད་མིའི་སྲོལ་རྒྱུན་དང་བོད་མིའི་རིག་གནས་ཞེས་པ་བསྒྲགས་ནས་མཆོང་ལྡིང་བྱེད་ཀྱིན་འདུག་མོད། ཁོང་རང་སྟེང་ན་སྲུང་འཛིན་གྱི་ཆ་ཞིག་ཡོད་པར་བདག་གིས་མཐོང་མ་བྱུང་། ཡིད་གཞུང་དྲང་བའི་བོད་མི་རྣམས་ནི་སྤྱང་གྲུང་དོད་པའི་བླ་མ་དང་མཁན་པོ་དང་། སྐར་ཆེན་གྱིས་བོད་མི་རིགས་ཞེས་པ་ཁ་གཡང་དུ་བྱས་ཏེ་ཆུ་སྣ་གར་ཁྲིད་ལྟ་བུར་བྱེད་ཀྱིན་འདུག་པའི་ཉམས་སྣང་བདག་ལ་བྱུང་།

དཔྱད་མཆན་ཡོད།