གློག་བརྙན美味奇缘ཞེས་པར་བལྟས་པའི་སེམས་ཚོར་དངོས་མ།

ཚོར་བའི་འོག་འགྱུ། 


མ་བརྟགས་སྒྱུ་མའི་དོ་ཤལ་ངོས་སུ་ཚོར་བའི་སིལ་བ་ཁྲོམ་ཁྲོམ་འབབ།།
བརྟགས་ཤིང་དཔྱད་ན་ཡིད་ཀྱི་འདུ་བྱེད་སྐད་ཅིག་མི་སྡོད་གཡོ་སྐྱོམ་བྱེད།།
ཟོལ་མཐོང་སྤྲིན་རུམ་སྟུག་པོའི་ཀློང་ནས་མིག་ཆུའི་ཆར་རྒྱུན་བྲེལ་གྱིས་འབྱོན།།
སྲིད་པའི་ཆོས་ཉིད་ཁ་ཅིག་ལ་ནི་ངེས་ངེས་བདེན་པོའི་གཏན་ཚིགས་བརྗིད།།
བགྲང་བྱ་ཉི་ཤུའི་གྲིབ་མའི་འོག་ཏུ་སྤྱན་ཆབ་དང་བཅས་ཡིབ་བྱེད་ཅིང་།།
ཁེ་དང་གྲགས་པ་སྐྱབས་སུ་འཆོལ་བའི་འཐོབ་རྩོད་ཆེན་པོའི་འཁོར་ལོ་ཡིས།།
གདུངས་པའི་ཉེན་ཞིང་ཐབས་ཀྱིས་ཕྱུགས་པའི་གཡོ་ཅན་མུན་པ་ནག་པོ་དེས།།
སྦྱར་བྱུང་ཚིག་གི་ཟེར་མདའ་ཁྱུ་གཅིག་མངོན་ཆུང་ལས་ལ་འཕངས་པས་ཀྱང་།།
བྲག་ཅར་གཟས་པའི་ཅ་ཅོ་ཇི་བཞིན་ཕན་པའི་ལན་ནི་ལྡོན་རེ་སྐན།།
མཚམས་ཚུགས་རེས་མེད་ཉི་ཟླའི་ཁྱོགས་སུ་སྟབས་པོར་བཞུད་པའི་ན་ཆུང་ཟུང་།།
བརྩེ་བའི་ཝུ་ཆང་ཧུབ་ཀྱིས་དྲངས་པས་ཟླ་བ་ངོ་ཚའི་ཟོལ་ལ་བསྟེན།།
རང་འགྲོགས་དགའ་མ་སྤྱན་གྱིས་ཟིན་པའི་ཆར་ལྡན་མིང་ཅན་དགེ་ལེགས་པ།།
ཚོར་བའི་ཟུངས་ཁྲག་ཤ་ཡིས་མ་སྐྱིབས་བྱུར་བུར་ཕྱོ་བའི་དེ་ཉིད་བརྩམས།།
མགོ་སྐྱེས་ལེབ་མོ་སིལ་བུར་གཏོར་བའི་ཞེ་ལ་འཁོན་པའི་སྐེད་མེད་མ།།
བདག་གདོང་བསྲེགས་ཤིང་ཚོར་བའི་འགྲམ་ཆུ་ཡུད་ཙམ་མི་སྡོད་གཡོ་སྐོལ་བྱེད།།
སྤྲོ་མེད་འཛུམ་པའི་ཞལ་སྐྱིན་དམན་པས་མངོན་འདོད་ཡིད་ལ་མྱ་ངན་བྱིན།།
དམར་ཤས་ཆེ་བའི་མཆུ་སྒྲོས་འདབ་མ་ལན་གཅིག་བདག་གིས་གཞིབ་པར་འདོད།།
ཁྱོད་ཞལ་ཆ་ཤས་བྲི་གང་མེད་པར་བདག་གི་ནམ་མཁར་དལ་གྱིས་བགྲོད།།
ང་དང་ཁོ་བོའི་ཡིད་ཀྱི་འདབ་གསར་དབང་མེད་ཁྱོད་ཀྱི་ཕྱོགས་སུ་དགད།།
དྲི་བཞོན་རླུང་བུས་ཁུར་དུ་བཏེགས་པའི་ཚོགས་དྲུག་རེག་བྱའི་ཟུར་མིག་གིས།།
ཆུ་སྐྱེས་ལྗང་པ་གོས་སུ་གྱོན་ཏེ་ནུ་འབུར་ཟུང་གི་བར་ན་འཕྱན།།

༢༠༡༨།༤།༨

timg.jpg

དཔྱད་མཆན་ཡོད།