གློག་བརྙན་ལག་དམར་གྱིས་བསླངས་པའི་གཏམ།         


      ༈ ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།།པད་ཚེའི་གློག་བརྙན་ལག་དམར་དངོས་སུ་མ་བལྟས་པའི་སྔོན་ལ། ངས་ཡུ་འདྲེན་བརྙན་ཐུང(预告片)་དང་བརྙན་དཔྱད་ཁ་ཤས་ལ་བལྟས་པ་ཡིན། དེ་དུས་ངའི་སེམས་ལ་དོགས་པའམ་མ་བདེ་བ་ཆེན་པོ་ཞིག་སྐྱེས་བྱུང་ལ་དེ་བཞིན་གློག་བརྙན་ལ་རེ་བའང་ཆེན་པོ་བཅངས་མ་ཕོད་པ་ཡིན། ཁ་སང་གློག་བརྙན་ཡོངས་རྫོགས་བལྟས་རྗེས། དོགས་པ་དེ་རང་བཞིན་གྱིས་སེལ་སོང་ལ། པད་ཚེའི་ཡར་ངོས་ཟླ་ལྟར་གྱི་གློག་བརྙན་སྒྱུ་རྩལ་གྱི་ཡར་རྒྱས་ལའང་ཐར་མོ་སྙིང་སྦྱར་གྱི་ཡི་རངས་དབང་མེད་དུ་ཤོར་སོང་། དེ་བཞིན་དོན་གྱི་བྱེད་པོ་སྤྱིན་པ་དང་དགེ་འདུན་ཕུན་ཚོགས་སོགས་ཀྱི་འཁྲབ་རྩལ་ལའང་བསྟོད་བསྔགས་བྱེད་རིན་ཆེ་སྟེ།  གློག་བརྙན་གྱི་སྟོད་ཆའི་ནང་གི་སྦྱིན་པའི་ཁ་ཚུགས(嘴型)དང་བསོད་ནམས་དབང་མོའི་འཁྲབ་པའི་ཆང་མ་དེ་རབ་བཏགས་ཆེ་སོང་བའི་སྐྱོན་ཞིག་ཡོད་པ་ལས། སྔོན་གྱི་བོད་བརྙན་ནང་གི་འཁྲབ་སྟོན་དང་བསྡུར་ན། དོན་བྱེད་སོ་སོས་དོན་བྱའི་ཡིད་འགྱུ་འཛིན་སྟངས།  སྐད་ཆ་ལུས་སྟབས་བསྒྱུར་ལུགས་སོགས་ལ་རང་དབང་ཐོབ་པའི་སྣང་བ་འདུག །ཆང་མའི་སྐྱོན་དེ་བསོད་ནམས་དབང་མོ་རང་ལ་ལན་པ་མ་ངེས་ཏེ།  ཤིན་ཏུ་ཚུལ་འཆོས་སྟོན་ཆེ་ཚོད་ཀྱི་ཆང་མའི་རྣམ་འགྱུར་དེ་དག་ནི་ཝང་ཅ་ཝེ་ཡིས་མ་ཤེས་ཤེས་མདོག་ཡིན་ན་ཐང་ལ། ཨ་ཁུ་པད་ཚེས་དགོས་པའི་ཆེད་དུ་རྟག་ཞི་ལ་ཕྱག་འཚལ་བ་ཡིན་ནའང་ཐང་། གང་ལྟར་གློག་བརྙན་འདི་ནི་ཐར་ལོ་དང་ཁྱི་རྒན་ལས་ཀྱང་ཤིན་ཏུ་ཡར་རྒྱས་ཡོད་པའི་བརྩམས་ཆོས་ཤིག་རེད་འདོད་ལ། གློག་བརྙན་སྤྱི་ཡི་དུས་ཡུན་ཐུང་ནའང་། བརྩམས་ཆོས་མངོན་འགྱུར་བྱེད་པའི་ལག་རྩལ་གྱི་ཆ་དང་བརྩམས་ཆོས་ཀྱིས་མངོན་འགྱུར་བྱེད་འདོད་པའི་བསམ་བློའི་ཆའམ་སྒྱུ་རྩལ་གྱི་བསྟན་བྱ་ནི་ཤིན་ཏུ་གཟབ་ནན་ཆེ་བ་ཞིག་རེད་འདོད།  
        དེ་ཡང་གློག་བརྙན་འདི་ལ་བརྗོད་སྙིང་གི་རིམ་པ་གསུམ་ཡོད་པར་འདོད་དེ།  དང་པོ་ནི་གཏམ་རྒྱུད་ཀྱི་ངོས་ནས་རྣམ་རྟོག་ཞིག་གི་ཚུལ་ཅིག་བརྗོད་ཡོད་པ་དེ་དང་།  གཉིས་པ་ནི་མི་སྣའི་ངོས་ནས་འདུལ་དཀའི་མི་སེམས་གང་ལྟར་འདུལ་བར་བྱེད་པའི་ལམ་རིམ་ཞིག་བསྟན་ཡོད་པ་དེ་རེད། ཆེས་མཐའ་མའམ་ཆེ་ས་ནས།  གློག་བརྙན་དེ་ཁམས་ཕྱོགས་ཀྱི་ལོ་རྒྱུས་དཔེ་ཆོས་ཤིག་ཏུ་གྱུར་ཡོད་པ་འདོད། རིམ་པ་འདི་ནི་གློག་བརྙན་བརྩམས་པའི་དམིགས་ཡུལ་དང་པོ་དེ་ཡིན་མ་ངེས་མོད། ཆེས་དངོས་མིན་རིང་ལུགས་ཀྱི་གློག་བརྙན་བརྩམས་ཆོས་འདི་ཡིས་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་ལ་བརྩི་འཇོག་མཐོན་པོ་བྱས་ཡོད་པས།  བརྩམས་ཆོས་འདི་རང་བཞིན་གྱིས་དངོས་ཡོད་ལོ་རྒྱུས་ཀྱི་དཔེ་ཆོས་ཤིག་ཏུ་འགྱུར་ཡོད་པ་རེད་འདོད། དེ་ལྟར་རུང་དངོས་ཡོད་བརྩི་འཇོག་བྱས་པ་ཙམ་གྱིས་གློག་བརྙན་འདི་དངོས་ཡོད་རིང་ལུགས་ཀྱི་ཁོངས་སུ་ལུས་མེད་དེ། འཁྲབ་གཞུང་དང་། བརྙན་ལེན། རོལ་དབྱངས་སོགས་ཀྱི་ཁྱད་ཆོས་ཀྱིས་ཡར་འདེགས་བྱས་པའི་བརྩམས་ཆོས་འདི་དངོས་ཡོད་རིང་ལུགས་ཀྱི་ཐབས་ཚུལ་ལས་ཡར་ལ་སོང་ཡོད་འདུག་སྙམ།  

       ཁྱི་རྒན་དང་ཐར་ལོ་སོགས་ནི་དངོས་ཡོད་རིང་ལུགས་སུ་གཏོགས་པ་རེད།  འོན་ཀྱང་བརྙན་འདི་དེ་འདྲ་མིན་ཟེར་དོན་ནི། བརྩམས་ཆོས་འདི་ཡིས་མཚོན་རྟགས་མང་པོ་ཞིག་སྒྲིག་སྦྱོར་བྱས་ཡོད་པ་དང་། མི་སྣ་མཚེ་མ་དང་གཏམ་རྒྱུད་རྨི་ལམ་ནས་རྫོགས་པ་སོགས་ཀྱིས་གློག་བརྙན་འདི་དངོས་ཡོད་ལས་ཕར་ཕྱིན་པ་བྱས་ཡོད། དེ་བཞིན་བརྙན་ཕབ་སྟངས་ལའང་ང་རང་གིས་སྒྱུ་རྩལ་གློག་བརྙན་བལྟས་ཉུང་བས་མིན་ན་ཚོད་ལྟའི་རང་བཞིན་མང་པོ་ཐོན་འདུག་སྙམ།  དེ་བཞིན་ང་ཡི་ཉི་མ་ཟེར་བའི་གླུ་དེ་ཟུར་རྒྱན་དུ་བྱས་ནས་དངོས་ཡོད་བོད་མིའི་རོལ་མོའི་བྲོ་བ་ལེན་སྟངས་ལས་ཡར་ལ་ལྡིང་མཆོངས་བྱས་པ་དེས་ཀྱང་ནུས་པ་ཆེན་པོ་ཐོན་ཡོད་དེ།  མཚོན་རྟགས་ཀྱི་ཆ་ནས་དེ་ཡིས་ཡོངས་ཁྱབ་ཀྱི་མི་གཤིས་ཤིག་ཁས་ལེན་བྱས་ཡོད་པ་རེད། འོན་ཀྱང་བོད་པ་མང་པོས་གློག་བརྙན་འདི་དངོས་ཡོད་དང་དཔེ་བསྡུར་བྱས་ནས་ལྟ་བཞིན་འདུག །ང་རང་གི་ཉེ་མི་དང་གྲོགས་པོ་མང་པོས་གློག་བརྙན་འདི་བལྟས་ཚར་རྗེས། དེའི་ནང་གི་ཤ་གོང་དང་ཤོག་སྒོར་རྙིང་བ།  པེ་ཝེ་དང་ལྷ་སའི་སྦུ་རག །ཁམས་པ་ན་ཇ་མངར་མོ་དང་བུར་ཐུག་སོགས་དུས་གནས་གཅིག་ཏུ་ཐུག་སྲིད་དང་མི་སྲིད། མཐའ་ན་སྡོད་ཁང་ནང་ཤ་དམར་པོ་མཐོ་སར་འདོགས་སྲིད་དང་མི་སྲིད། ཐང་ཁྲོམ་ནང་དར་གོས་འཚོང་སྐབས་དར་གོས་དག་རླུང་རྡུལ་ཆེན་པོའི་ཁྲོད་དུ་འཕྱར་སྲིད་དམ་མི་སྲིད་སོགས་ཀྱི་དངོས་ཡོད་ལས་འགལ་བའི་ཚོར་སྣང་གི་འདམ་བག་དེ་ལ་ལྷུང་ནས་རྩོད་ཀྱིན་འདུག་པས། བརྩམས་ཆོས་འདིའི་དངོས་ཡོད་བརྗོད་པ་ལས་ཀྱང་ཆེ་བའི་རིན་ཐང་དེ་དག་དང་ལེན་མ་ཐུབ་པར་ལུས་ཡོད་པ་འདྲ། དེ་བས། ལྟ་མཁན་ལ་གསལ་འདེབས་བྱེད་རིན་ཆེ་བ་ཞིག་ནི། གློག་བརྙན་འདི་དངོས་ཡོད་རིང་ལུགས་ངོས་ནས་ཨུ་ཚུགས་བྱེད་མི་རུང་སྟེ། ཤིན་ཏུ་འགལ་བའི་མཚོན་རྟགས་དེ་དག་གི་དོན་སྙིང་ནི་དངོས་ཡོད་ཇི་བཞིན་སྟོན་པ་དེ་མིན་པར། བསྡུས་པའི་གཟུགས་ཁམས་ཤིག་བསྐྲུན་ནས་རིམ་གསུམ་བརྗོད་སྙིང་བསྟར་རྒྱུ་དེ་རེད། ལྟད་མོ་བས་ངེས་པར་ཏུ་དངོས་ཡོད་ཡིན་མིན་གྱི་ས་མཚམས་བརྒལ་ནས་བསམ་བློ་གཏང་དགོས་པ་དང་། མཚོན་རྟགས་ཀྱི་འཆིང་རྒྱ་ལས་ཐར་ཏེ་བསྡུས་གཟུགས་ཀྱི་འཇིག་རྟེན་དེ་འདྲ་བ་ཞིག་ལ་གདེང་ཚོད་ཟིན་ན། དེ་ནས་ཕྱིར་དངོས་ཡོད་ལ་དཔེ་བསྡུར་བྱས་ན་ཡག་པོ་འོང་གི་རེད་སྙམ།  
        གློག་བརྙན་འདིིའི་རྒྱ་ནག་སྐད་ཀྱི་མིང་བྱང་ལ་ལུག་ཅིག་བརྡབས་ནས་གསད་པ་ཞེས་བསྒྱུར་ཡོད་དེ། མིང་འདི་ནི་གློག་བརྙན་གཏམ་རྒྱུད་ཀྱི་འབྱུང་ཁུངས་སུ་གྱུར་བའི་བརྩམས་སྒྲུང་གཉིས་ཡོད་པའི་ནང་གི་པད་ཚེའི་བརྩམས་པའི་དེའི་མིང་ཡིན་འདུག །ལུག་གསད་པའི་དོན་དག་དེ་ནི་གློག་བརྙན་གྱི་འགོ་བརྩམས་ས་ཡིན་ལ། དེ་ནི་དོན་བྱ་ཁ་ལོ་བའི་ལམ་ཁ་ནས་བྱུང་བའི་དོན་དག་གློ་བུར་མ་ཞིག་ཡིན་ལ། ས་སྟོང་ལུང་སྟོང་ནས་གང་བྱུང་འདི་བྱུང་མེད་པའི་ལུག་ཅིག་བསད་པ་དེ་ཡིས་ཁ་ལོ་བར་རྣམ་རྟོག་དང་མི་བདེ་བ་ཆེན་པོ་ཞིག་བསླངས་སོང་ལ། དེ་ལས་བསྐྱེད་པའི་རྗེས་མཐུད་ཀྱི་བྱ་སྤྱོད་མང་པོ་ཞིག་གིས་གློག་བརྙན་སྤྱི་དེ་དྲངས་ཡོད་པ་རེད། ཁ་ལོ་བས་ནི་ཁྲའམ་གླག་ཞིག་ལ་མིག་ཤོར་བས་ན་དོན་རྐྱེན་དེ་བཟོས་སོང་བ་རེད། ང་ཚོ་བོད་མིའི་གོ་བ་ལྟར་ན། ཁྲ་གླག་ནི་ཝེར་མ་ཡིན་པས། དེ་ཡིས་ལམ་འགྲོ་དང་ཁྱད་པར་སྐྱེས་པ་ལ་གྲོགས་ཐོན་ངེས་རེད། འོན་ཀྱང་ཁ་ལོ་བས་ཁྲ་གླག་མཐོང་མ་ཉིད་དུ་རྐྱེན་ངན་འདི་འདྲ་ཞིག་བྱུང་སོང་བས་ན།  དེས་ཁ་ལོ་བར་རྣམ་རྟོག་ཆེན་པོ་སྐྱེས་སུ་བཅུག་བྱུང་བ་དང་། ཁོའི་ལུག་ལ་བསྔོ་སྨོན་དང་བྱ་གཏོར་བྱེད་པའི་ཨུ་ཚུགས་ནི་རྣམ་རྟོག་དེ་ཞི་བའི་ཆེད་དུ་རེད། ཁྲ་གླག་གི་མཚོན་རྟགས་འདི་པད་ཚེས་ཝེར་མ་ལྟར་བཀོལ་བ་ཡིན་མིན་ངས་ནི་ཚོད་དཔག་མི་ཐུབ་མོད། སྤྱིར་བཏང་བཤད་ན་བོད་མི་ལྟད་མོ་བའི་སེམས་སུ་དེ་འདྲ་འཆར་ངེས་རེད། དེ་བཞིན་རྨི་ལམ་མ་རྨིས་སྔོན་དུ་དོས་སྐྱེལ་རླངས་འཁོར་གྱི་འཁོར་ལོ་གད་པ་དེའང་། བོད་མི་སྤྱིར་བཏང་བ་ཚོས་དེ་སྔོན་ཁ་ལོ་བས་དགའ་རོགས་དང་དགའ་བདེའི་རྩེད་མོ་རོལ་བའི་འབྲས་བུ་ཞིག་ལ་གོ་འགྲོ་བ་ཡིན། 

        ཕྱི་རིགས་ཀྱི་ལྟད་མོ་བ་ཞིག་ལ་མཚོན་ན། དེ་ནི་འཁྲབ་ཁྲིད་པས་གཏམ་རྒྱུད་ཀྱི་དགོས་པ་ཞིག་གི་ཆེད་དུ་བཟོས་པའི་དོན་བྱུང་ཞིག་ཡིན་སྲིད་པ་ལས།  དེའི་བརྒྱབ་ལོག་ལ་འགྲེལ་བཤད་གཞན་མེད་པ་རེད། དེ་བས་མཚོན་རྟགས་བཀོལ་སྤྱོད་དང་མཚོན་རྟགས་གོ་བ་ལེན་པ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་འདུག །དེ་བཞིན་ལུག་བསད་པས་རྣམ་རྟོག་ཤོར་བ་འདི་འདྲ་ཞིག་ཀྱང་མི་རིགས་གཞན་པ་ཚོས་ཤིན་ཏུ་རྟོགས་དཀའ་བར་གྱུར་ཡོད། དེ་བས་ཕྱི་རིགས་པ་ཚོས་རྣམ་རྟོག་ལྟ་བུ་མ་གོ་བར་སྡིག་བཤགས་དང་འགྱོད་པ་ལྟ་བུའི་ངོས་ནས་བཤད་ཀྱིན་འདུག །ངས་ཡུ་འདྲེན་བརྙན་ཐུང་ལྟ་སྐབས་ཀྱང་དེ་ལྟར་དྲན། མི་ཞིག་གིས་ལུག་བསད་པས་ན་དེའི་སྡིག་པ་བཤག་ཆེད་མི་ཐོབ་ཀྱི་ཤི་ཆོས་བསྒྲུབས་བཞག་ན་བོད་ཀྱི་ཚིག་བབ་ལས་ཤིན་ཏུ་འགལ་སོང་བ་རེད་ལ། རྒྱ་སྐད་དུ་བཤད་པའི་སྡིག་བཤགས(救赎)་ཀྱི་བརྗོད་སྟངས་དེའང་སྒྱུ་རྩལ་གློག་བརྙན་ལ་མཚོན་ན་ཤིན་ཏུ་མོད་པའི་བརྗོད་སྟངས་ཤིག་རེད། རིན་ཐང་ཆུང་གི་རེད། འོན་ཀྱང་གློག་བརྙན་དངོས་སུ་སྡིག་བཤགས་ཙམ་བརྗོད་མི་འདུག །རྣམ་རྟོག་ཞིག་གི་ངོས་ནས་བཤད་འདུག་པས། ཁ་ལོ་བའི་དོན་བྱ་དེ་བོད་རང་གི་ཚིག་བབ་ཁྲོད་ནས་གོ་བ་ལེན་ཐུབ་པ་ཞིག་བྱུང་གི་འདུག །དེ་བས་དེའི་བྱ་སྤྱོད་དེ་གཞན་མིག་ཁྲོད་ཀྱི་བོད་མི་ལྟ་བུར་སོང་མེད་པ་རེད། འོན་ཀྱང་རྒྱ་ནག་སྐད་ཀྱི་མིང་བྱང་སྒྱུར་སྟངས་ཐད་ནས། པད་ཚེས་སྒྱུ་རྩལ་གློག་བརྙན་གྱི་ངོ་ཡོལ་ལ་ཚོང་ར་དང་མཐུན་པའི་ཐབས་ཤེས་ཤིག་གཡོགས་ཡོད་པ་དང་། གཏམ་རྒྱུད་དམ་དོན་བྱུང་ཞིག་གི་སྟེང་ནས་མིག་དབང་འཕྲོག་ཐབས་བྱེད་པ་ནི་དགོས་དབང་ཞིག་ཏུ་བརྩིས་ཡོད་པ་རེད། པད་ཚེའི་ལུག་ཅིག་བརྡབས་ནས་བསད་པ་ཞེས་པའི་གཏམ་རྒྱུད་ཀྱི་སྣེ་མོ་འདི་བཟུང་ནས། བོད་དང་མི་རིགས་གཞན་པའི་ལྟད་མོ་བ་གཉིས་ལ་འཕྲོད་པའི་ཐབས་ཤེས་ཤིག་སྤེལ་ཡོད་ལ། ང་ཚོས་ཀྱང་གློག་བརྙན་དེའི་བརྗོད་སྙིང་ལ་ཕྱི་རིམ་ནང་རིམ་གྱི་གོ་བ་སྣ་ཚོགས་ཤིག །ཕྱོགས་མང་ཞིག་ལེན་ཆོག་པ་བྱུང་ཡོད། འདིའི་ཐད་ནས་པད་ཚེས་བརྩམས་ཆོས་ཀྱི་མི་རིགས་རང་བཞིན་དང་བརྡ་སྤྲོད་ལམ་འགྲོའི་བར་ལ་བསམ་བློ་བྱས་ཡོད་པ་མཐོང་ལ། ཁོང་གིས་སྐབས་འདིར་བཀོལ་བའི་ཐབས་ཤེས་ཀྱང་ཤིན་ཏུ་ཧ་ལས་པ་ཞིག་རེད། འོན་ཀྱང་གཏམ་རྒྱུད་ཟེར་བ་དེ་རྩོམ་སྒྲུང་ཡིན་ན་རེད། གློག་བརྙན་ཡིན་ན་རེད། དེ་ཤིན་ཏུ་ཚད་དམའ་ས་ཞིག་གི་གནད་དོན་རེད། དེ་བས་བརྩམས་ཆོས་ཤིག་གིས་ངེས་པར་ཏུ་གཏམ་རྒྱུད་དང་མཚར་གཏམ་ལས་མཐོ་བའི་གནད་དོན་ཞིག་ལ་རེ་རྙེག་བྱེད་དགོས་ལ། ལག་དམར་ལ་མཚོན་ན་དེ་ནི་མི་རེད།  
       དབྱིན་ཇུའི་མིང་བྱང་ལ་ཐད་ཀར་དོན་བྱ་མི་སྣ་གཙོ་བོ་གཉིས་ཀྱི་མིང་སྟེ་སྦྱིན་པ་ཞེས་པ་དེ་བཀོལ་འདུག །སྦྱིན་པ་ནི་དོན་བྱ་གཙོ་བོ་གཉིས་ཀྱི་བཏགས་མིང་ཡིན་པས་མ་ཟད། དེ་བྱ་བ་བརྗོད་པའི་ཐ་སྙད་ཅིག་ཀྱང་ཡིན་པ་རེད། མིང་བྱང་གི་ཕྱོགས་འདི་ནས། གཏམ་རྒྱུད་ལས་གོམ་གང་ཡར་ལ་སྤོས་ནས་གཏམ་རྒྱུད་ཀྱི་སྟེང་ནས་གསོན་དགོས་པའི་མི་སྣ་དག་གཙོ་གནད་དུ་བཟུང་ཡོད་པ་རེད། ཁ་ལོ་བས་ལུག་ལ་བསྔོ་སྨོན་ཞུས་ནས་བྱ་གཏོར་བྱེད་འདུན་སྟོན་སྐབས། བན་རྒན་གྱིས་ཁོ་ལ་དེ་ནི་སྦྱིན་པ་དངོས་ཤིག་རེད་ཅེས་ལབ་ཡོད་པ་རེད། ཚིག་ཀ་འདི་ཡི་དོན་སྙིང་ནི་ཁ་ལོ་བའི་མིང་དང་དེའི་བྱ་སྤྱོད། དེའི་བསམ་པ་དང་དེའི་འདུན་པ་སོགས་གཅིག་གྱུར་ཏུ་ཡོད་པ་བདེན་དཔང་དང་ཁ་གསལ་བྱས་པ་དེ་ཡིན། ལུག་བསད་པའི་དོན་དག་མགོ་མཇུག་དེ་ཡིས་ཁ་ལོ་བ་དེ་སྦྱིན་པ་མིང་དོན་མཚུངས་པ་ཞིག་ཡིན་པ་བསྟན་ཡོད་ལ། མིང་དོན་མཚུངས་པ་དེ་ཡིས་ཁོ་པའི་གཤིས་ཀ་དང་ཁྱད་པར་བྱ་བ་སྤྱོད་པའི་སྒུལ་ཤུགས་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད། ཁ་ལོ་བ་ནི་བསམ་པ་དང་སྤྱོད་པ་གཅིག་མཐུན་དང་བརྟན་པོར་ཡོད་མཁན་ཞིག་ཡིན་པས། དེ་ཡིས་མི་སྣ་མཚེ་མ་གཞན་ཏེ། ས་ངན་པའི་གཡོ་བ་དང་བརྟན་བརླིང་མ་ཡིན་པའི་ནང་སེམས་དང་དེས་སྒྲུབ་པར་བྱེད་པའི་བྱ་ཆེན་གྱི་ངེས་མེད་རང་བཞིན་འབུར་ཐོན་བྱས་ཡོད་འདུག་སྙམ། ཁ་ལོ་བས་རང་གི་གཤིས་སྤྱོད་བརྟན་པོ་དེ་ཡིས་ཕྱི་རོལ་གྱི་འགལ་བ་སྣ་ཚོགས་ལ་གདོང་ཐུག་བྱེད་ཀྱིན་ཡོད་པ་དང་། དེའི་ནུས་པ་ནི་ཕྱི་རོལ་དེ་རང་གི་རེ་འདུན་ལྟར་ཡོ་བཅོས་བྱེད་པ་དེ་ཡིན། འཁྲིག་སྦྱོར་གྱི་འཁྲབ་ཚན་དེ་ལས་ང་ཚོས་ཁ་ལོ་བའང་སེམས་ཁྲལ་ཡོད་པ་མཐོང་ཐུབ་མོད། ཁོའི་སེམས་ཁྲལ་ནི་སེམས་རང་སྟེང་གི་འགལ་འདུ་གང་ཡང་མ་ཡིན་ཏེ།  དེ་ནི་སེམས་ནས་ཕྱིར་དངོས་ཡོད། ཕྱི་དང་ནང་གི་འགལ་བ་ཞིག་ལས་བསླངས་པ་རེད། ས་ངན་པ་དང་ཁ་ལོ་བ་ནི་མི་སྣ་མཚེ་མ་ལྟ་བུ་ཡིན་ལ། མིང་འདྲ་བ། ཁ་བརྡ་བྱེད་སྟངས་འདྲ་བ། ཟས་ཁང་ནང་གི་སྤྱོད་པ་ལའང་འདྲ་ཕྱོགས་ཡོད་མོད། དཀར་ཡོལ་ནང་གི་ཇ་ཤིང་གཉིས་པོ་དང་འདྲ་བར། མི་སྣ་མཚེ་མ་དེ་ཡིས་ཏག་ཏག་འཁོར་སྐྱོད་མི་འདྲ་བ་དང་ལམ་ཁ་མི་འདྲ་བ་ཞིག་ལེན་གྱིན་ཡོད་པ་རེད། སྦི་རག་འདེམས་སྟངས། དུ་བ་འཐེན་དང་མི་འཐེན་སོགས་ཀྱི་ཞིབ་ས་ནས་དང་།  མཐར་སྲོག་ལན་སྲོག་འཇལ་གྱི་རྩ་དོན་དེའི་ཆེད་དུ་དགྲ་ཤ་ལེན་དགོས་སམ་བཏང་སྙོམ་བྱེད་དགོས་པའི་ཐད་ནས། མི་སྣ་གཉིས་ཀྱི་འདྲ་འདྲའི་ནང་གི་མི་འདྲ་བ་དེ་མངོན་ཡོད་ལ། ཁ་ལོ་བའི་ནང་སེམས་སམ་དད་པ་བརྟན་པོ་དེ་ཡིས་ལྟོས་སུ། ས་ངན་པའི་ནང་སེམས་ཀྱི་འགལ་བ་དང་སྲོལ་རྒྱུན་ཞིག་འཁྱོང་དང་མི་འཁྱོང་གི་ངེས་མེད་དེ་ཟུར་འདེགས་བྱས་ཡོད་པ་རེད། གལ་ཏེ་ཁ་ལོ་བ་ནི་ནང་ནས་ཕྱིར་འཕྲོས་པའི་ཕྱི་ནང་གི་འགལ་བ་ཅན་ཞིག་ཡིན་ན། ས་ངན་པ་ནི་ཕྱི་ནས་ནང་ལ་བཙན་འཛུལ་བྱས་པའི་ནང་སེམས་ཀྱི་འགལ་བ་ཞིག་གི་མནར་ཡོད་པ་དེ་ཡིན།   ཁ་ལོ་བས་ཕྱི་ནང་གི་འགལ་བའི་ཁྲོད་ནས་ནང་སེམས་ཀྱིས་ཕྱི་ཡུལ་ཁོད་འཇགས་བྱེད་ཀྱིན་ཡོད་ན། ས་ངན་པ་དེ་དགྲ་ཤ་ངེས་ལེན་གྱི་སྲོལ་རྒྱུན་དང་སྤྱི་ཚོགས་གནོན་ཤུགས་ཤིག་སྟེ་ཕྱི་ཡུལ་གྱིས་དེད་དེ་ནང་སེམས་དཀྲོགས་ཡོད་པ་རེད།  པད་ཚེ་ལྟར་ན།  གློག་བརྙན་གྱི་བློས་བསླངས་ཀྱང་ཚེ་རིང་ནོར་བུའི་བརྩམས་སྒྲུང་ལག་དམར་དེ་རེད་བཞག །ལག་དམར་ནང་ས་ངན་པ་དེས་ཕ་དམར་གསོད་དུ་ཤོར་ནས་ལག་དམར་བཙལ་བ།  དེ་ནས་ལག་དམར་རྙེད་པ།  མཐར་ལག་དམར་གུ་ཡངས་བཏང་བའི་གཏམ་རྒྱུད་ཅིག་བྲིས་ཡོད་ཚོད་རེད། འོན་ཀྱང་བརྩམས་སྒྲུང་དེ་ངས་དངོས་སུ་ཀློག་མ་མྱོང་བས་ཚིག་ཐག་བཅད་དཀའ། གློག་བརྙན་ནང་དུ།  ས་ངན་པ་དེ་དང་པོ་ནས་སེམས་ཐག་མ་ཆོད་པའི་མི་སྣ་དེ་འདྲ་ཞིག་ལ་ཤུགས་སྟོན་བྱས་ཡོད་རེད།   འོན་ཀྱང་ཁ་ལོ་བ་དང་འཕྲད་ནས་ཕ་བུའི་བརྩེ་དུང་།  ཚེ་སྲོག་གི་ཡང་ལྗི།   ཕྱི་ཡིས་ནང་སེམས་དབང་བསྒྱུར་བྱེད་དམ།  ནང་ནས་ཕྱི་ལ་ཁོད་འཇགས་བཏང་མིན་ཐད་ནས།  ཁ་ལོ་བས་ས་ངན་པ་ལ་དྲན་སྣེ་མང་པོ་སྤྲད་ཡོད་པ་དང་།  གློག་བརྙན་གྱིས་བརྗོད་མེད་པའི་ས་མཚམས་ནས།  ང་ཚོས་ས་ངན་པ་དེའི་མཐར་ཐུག་གི་ཆོད་སེམས་ནི་ཁ་ལོ་བས་བྱ་སྤྱོད་དང་སྐད་ཆ་ལས་གོར་མོ་རྡོ་འདྲ་བྱས་པ་རེད་ཅེས་ཚོད་དཔག་བྱ་ཆོག   
           
        ས་ངན་པས་ལག་དམར་གུ་ཡངས་བྱས་རྗེས།  ཁ་ལོ་བས་རྨི་ལམ་གྱི་ཚུལ་ཏུ་རང་ཉིད་ས་ངན་པ་ལ་སྤྲུལ་ནས་ལག་དམར་བསད་བཞག་པ་རེད། གལ་ཏེ་ང་ཚོས་སྔོན་གྱི་ལུག་རོ་བྱ་གཏོར་དང་ལག་དམར་གུ་ཡངས་དེ་གཉིས་ཚེ་སྲོག་དང་འབྲེལ་བའི་སྦྱིན་པ[བྱ་བའི་མིང]་ཞིག་རེད་ཅེས་བརྗོད་ཆོག་ན།  རྨི་ལམ་འདི་ཡང་རེ་འདུན་གྱི་སྦྱིན་པ་ཞིག་ཅི་བས་མིན།  གློག་བརྙན་ལ་མཇུག་མ་འདི་འདྲ་ཞིག་ཡོད་དོན་ནི།  སྔོན་གྱི་བརྩམས་སྒྲུང་ལུག་བསད་དང་ལག་དམར་གཉིས་ཀྱི་བརྗོད་སྙིང་དང་བསྒྲགས་ཚིག་ལ་པད་ཚེས་བསྐྱར་ཞིབ་བམ་ཕྱིར་འདང་ཞིག་བརྒྱབ་ཡོད་པས་རེད་སྙམ།  བརྩམས་སྒྲུང་དེ་གཉིས་ཐོན་སྐབས།  བོད་ཀྱི་ཤེས་ཡོན་པའི་སྡེ་ལ་སྲོལ་རྒྱུན་སུན་འབྱིན་དང་རྫོགས་ལྡན་གསར་བསུའི་གཏམ་ཚིག་དག་གིས་གང་བསྡད་ཡོད་པ་རེད།  དེ་འདྲའི་ཁོར་ཡུག་ཁྲོད་ནས།  དགྲ་ཤ་ལེན་པའི་སྲོལ་རྒྱུན་ནམ་འདུ་ཤེས་ཤིག་ནི་སྐྱོན་བརྗོད་ཀྱི་འབེན་དང་པོར་ཆགས་ངེས་རེད་ལ།  དེ་ཉིད་རྗེས་ལུས་ནང་གི་ཡང་ལུས།  རྙིང་པའི་ནང་གི་རུལ་པའི་ཚད་ལ་བཟུང་ནས་དགག་པ་བྱེད་པ་དང་།  དེའི་ཁ་གཏད་དུ་འགྱུར་བའི་སྡིག་པ་ཆུང་ཡང་འགྱོད་པ་ཚད་མེད་སྐྱེ་བ།  ཕ་གསད་ཀྱི་དགྲ་ལའང་གུ་ཡངས་བྱེད་ཐུབ་པའི་མི་སྣ་རྫོགས་ལྡན་ཅིག་བཞེངས་སྐྲུན་བྱེད་པ་ནི་སྐབས་དེའི་ཤེས་ཡོན་པས་རང་གི་འགན་འཁྲི་ལ་བསམས་ནས་ཡོད་པ་དང་།  གློག་བརྙན་ནང་གི་སྦྱིན་པ་མཚེ་མ་ལ་སྐབས་དེའི་རྩོམ་རིག་གི་གྲིབ་མ་ཞིག་ད་དུང་ཡང་ལུས་ཡོད་པ་ཕྱོགས་ཁ་ཤས་ནས་ཚོར་ཐུབ།  འོན་ཀྱང་པད་ཚེས་རྩོམ་རིག་དེ་འདྲ་ལ་བསྐྱར་ཞིབ་དང་ཕྱིར་འདང་།  ཡོ་བཅོས་བྱས་འདུག །དེའི་འབྲས་བུ་ནི་གློག་བརྙན་ནང་གི་དགྲ་ཤ་རྨི་ལམ་གྱིས་ལེན་པའི་འཁྲབ་ཚན་དེ་རེད་བསམས། དགྲ་ཤ་ལེན་པའི་སྲོལ་དེ་སྲོལ་ངན་དུ་བརྩིས་ནས་འདུལ་བར་འབད་པ་ནི་སྔ་རབས་ནང་བའི་ཤེས་ཡོན་པ་ཚོས་སྐྱོང་གི་ཡོད་ལ།  པད་ཚེའི་མི་རབས་ལ་ཕེབས་དུས་དེ་ཉིད་སྐྱ་བོའི་ཤེས་ཡོན་པས་ཀྱང་ཕྲག་ཁར་ཁུར་ཡོད་པ་རེད།   འོན་ཀྱང་དུས་རབས་ཕྱི་མ་དེའི་སྐབས་སུ།   སྐྱ་བོའི་རྩོམ་རིག་གི་བརྗོད་སྟངས་དེ་ཤིན་ཏུ་ཐལ་མཐའ་ལ་ལྷུང་ཡོད་པ་རེད།   དེ་བས་རྨི་ལམ་གྱི་ཁྲོད་ནས་དགྲ་ཤ་བླངས་པ་དེས།  དགྲ་ཤ་ལེན་པའི་སྲོལ་དང་དེའི་རྒྱབ་ལོགས་ཀྱི་དྲང་བདེན་གྱི་ལྟ་བ་ལ་ཚད་ངེས་ཅན་གྱི་ཁས་ལེན་བྱས་པ་མཚོན་ཡོད། ཡིན་ནའང་།  པད་ཚེས་འདི་ས་ནས་དོག་གཟབ་བྱས་ཆེ་འདུག །མི་རིགས་ཀྱི་ལེགས་བྱེད་དམ་ནང་ཆོས་ངོས་ཀྱི་འདུལ་བྱེད་ལྟ་བུའི་ངོས་ནས་བཤད་ན།  འཁྲབ་ཚན་འདི་འདྲ་ཞིག་འོས་མཚམས་ཡིན་པ་རེད།   དེ་ཡིས་ད་ལྟ་ཛ་དྲག་ཏུ་ཕྱིན་པའི་གསར་རྙིང་གི་འགལ་བ།  སྐྱ་སེར་གྱི་འགལ་བ།  ནང་བ་ཡིན་མིན་གྱི་འགལ་བ་སོགས་ལ་ཟློས་གར་གྱི་འགལ་སེལ་དཔེ་སྟོན་ཞིག་མཛད་ཡོད་རེད།   འོན་ཀྱང་སྒྱུ་རྩལ་གྱི་ཆ་ནས།  རྨི་ལམ་འདི་འདྲ་ཞིག་བཞག་པ་དེས་གློག་བརྙན་གྱི་རིན་ཐང་ཕྱིར་འཐེན་བྱས་ཡོད་འདུག་སྙམ།   ཁྱོད་ཀྱིས་སྣ་མང་གི་ལྟ་བ་དང་སྣ་མང་གི་བགྲོ་གླེང་འབྱུང་སྲིད་པའི་གཏམ་རྒྱུད་དང་།  དྲན་རྒྱུ་སྣ་ཚོགས་ལྡན་པའི་མི་གཤིས་ལ་སུས་ཀྱང་མོས་མཐུན་བྱེད་ཆོག་པའི་ལན་ཞིག་བཞག་པ་ཡིན་ན།   དེ་ཡིས་སྒྱུ་རྩལ་གྱི་ཆེས་གལ་ཆེ་བའི་ནུས་པ་དེ་འཕྲོ་བརླག་བཏང་བ་རེད།  དེ་བས་གནད་འདི་ནས་པད་ཚེ་རང་སྟེང་གི་དོགས་གཟབ་ཆེ་དྲགས་པའི་སྐྱོན་དེ་ཐོན་འདུག །དགྲ་ཤ་རྨི་ལམ་ནས་བླངས་ཏེ་སྦྱིན་པ་གཉིས་པོ་སེམས་བདེ་རུ་བཅུག་པ་ནི་དྲན་སྒོའི་ཆ་ནས་གསར་གཏོད་ཧ་ལས་པ་ཞིག་ཡིན་རུང་།  ངས་ནི་དེ་གློག་བརྙན་འདི་རུ་བཀོལ་བར་ཐེ་ཚོམ་བྱེད་ཀྱིན་ཡོད།  
        དེ་དང་ཆབས་གཅིག་ཏུ། རྨི་ལམ་འཁྲབ་ཚན་འདིའི་སྐབས་སུ།  ལྟད་མོ་བ་ལ་དོགས་པ་ཆེན་པོ་ཞིག་སློང་གིན་ཡོད་པ་ནི།  ཚོང་ཁང་བུད་མེད་དང་བྱིས་པ་དེ་གཉིས་དམར་ཙའི་བཟའ་མི་རེད་དམ་མ་རེད།  དེ་སྔོན་གྱི་གློག་བརྙན་སྐད་ཆའི་ནང་དུ།  བྱིས་པ་དེ་དམར་ཙའི་བུ་ཡིན་པ་ཤུགས་སྟོན་བྱས་ཡོད་པ་འདྲ།   ས་ངན་པས་ཀྱང་ཕ་བུའི་བརྩེ་དུང་དེ་འདྲ་ཞིག་གི་ངོས་ནས་རང་གུ་གུ་ཡངས་ཀྱི་ཆོད་སེམས་ཇེ་བརྟན་བྱས་སོང་བ་འདྲ།  འོན་ཀྱང་འཁྲབ་ཚན་འདིའི་ནང་བུད་མེད་དེས་བྱིས་པ་འཇུས་ནས་བྲོས་སོང་བ་དེ་མི་སྣའི་བྱ་སྤྱོད་ཀྱི་གཏན་ཚིག་ལས་འགལ་བར་བཟོས་འདུག་སྙམ། གལ་ཏེ་བུད་མེད་དེས་བར་བྱས་ཀྱང་མ་ཐུབ་པའི་ཚུལ་གྱིས་འཁྲབ་རྒྱུ་བྱས་ན།  དེ་བས་བཟང་བ་མིན་ནམ།  ང་རང་ཉིད་ཀྱི་ངོས་ནས་ཆང་མའི་རབ་གཏགས་ཐ་ཤལ་གྱི་འདོད་ཉམས་མངོན་ཚུལ་དེ་ཡི་འཕྲོར།  འཁྲབ་ཚན་འདིའི་བུད་མེད་ཀྱི་སྤྱོད་ཚུལ་འདི་སྐྱོན་གཉིས་པར་ངོས་འཛིན་གྱིན་ཡོད།  འོན་ཀྱང་འདི་སྒེར་ངོས་སོ་སོ་ལ་རང་རང་གི་ལྟ་བ་རེ་ཡོད་རྒྱུ་རེད།  
       གློག་བརྙན་གྱི་བོད་རང་གི་མིང་བྱང་ལ་ལག་དམར་བྱས་འདུག  །དེ་ནི་ཚེ་རིང་ནོར་བུའི་མ་རྩོམ་གྱི་མིང་ཡང་ཡིན་གི་འདུག །གཏམ་རྒྱུད་ནས་མི་སྣ་ལ་དབྱེ་ཞིབ་བྱས་རྗེས།  ང་ཚོས་ལག་དམར་གྱིས་མཚོན་པའི་རིམ་པ་འདི་ལ་བསམ་བློ་བཏང་དགོས་ཏེ།  ལག་དམར་ཞེས་པའི་ཐ་སྙད་འདི་ཡིས་མི་སྣའི་མིང་དོན་ཡང་འཕྲལ་ནས་མིང་ཙམ་བཞག་ཡོད་པ་རེད།  དེ་ནི་རྩོམ་རིག་གམ་སྒྱུ་རྩལ་སྤྱི་ཡི་མཐོ་སར་སླེབས་པ་རེད། མཐོ་ས་འདི་བོད་ཀྱི་ལྟད་མོ་བ་ལ་ཁ་གཏད་བྱས་ཀྱང་ཡོད་པ་རེད། མི་སྣའི་སྐབས་སུ་སྦྱིན་པ་གཉིས་ཀྱིས་སྦྱིན་པའི་སྤྱོད་པ་བརྒྱུད་ནས་མིང་དོན་གཅིག་སྒྲིལ་བྱས་ཡོད་པ་གོང་ནས་སྨོས་པ་ལྟར་རེད།   འོན་ཀྱང་ང་ཚོས་མི་སྣ་ལ་ལག་དམར་ཟེར་ནས་བསམ་བློ་གཏོང་སྐབས།  ཏག་ཏག་མིང་དོན་ཐ་དད་ཀྱི་ཕྱོགས་སུ་ང་ཚོ་འགྲོ་དགོས་པ་རེད།  བོད་ཡིག་མིང་བྱང་དེ་དོན་གྱིས་དབྱིན་ཡིག་མིང་བྱང་གི་ཕྱོགས་སྔ་དང་འགྲིག་གཏོར་ཞིག་རེད།  དེ་བས་དེ་ནི་ངོ་རྟགས་ཀྱི་གནད་དོན་ཞིག་རེད་འདོད།  ང་ཚོས་གློག་བརྙན་འདི་དངོས་ཡོད་རིང་ལུགས་མ་རེད་ཅེས་བཤད་ཡོད་པ་ནང་བཞིན། ངོ་རྟགས་འདི་འདྲ་ཞིག་གིས་དངོས་ཡོད་མ་ཡིན་པའི་མི་ཚོགས་ཀྱི་སྣང་བརྙན་ཞིག་བསྟན་གི་ཡོད་རེད་ལ།  ངོ་རྟགས་ཀྱི་རྩེ་མོ་དེ་འདྲ་ཞིག་གི་རྩེ་ནས་སྤྱི་ཚོགས་ཀྱི་དངོས་ཡོད་ཅིག་འཕྲོ་ཐབས་བྱས་ཡོད་རེད།  ངོ་རྟགས་དེས་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་མཚོན་ཐབས་བྱས་ཡོད་པ་དང་།  ཁྱད་པར་ཏུ་ཁམས་ཕྱོགས་ཀྱི་སྤྱི་ཚོགས་སེམས་ཁམས་ཀྱི་འགྱུར་བ་ཞིག་ལ་སྒྱུ་རྩལ་གྱི་ཚད་འཇལ་བྱས་ཡོད་པ་རེད།  

         གློག་བརྙན་ལ་མཚོན་ན།   ལག་དམར་གྱི་ཚིག་གི་འབྱུང་ཁུངས་ནི་ས་ངན་པའི་དགྲ་ཡ་དམར་ཙ་ཟེར་བ་དེ་རེད།  གློག་བརྙན་ནི་ལུག་གསད་ལག་དམར་ལས་འགོ་བརྩམས་ཡོད་ནའང་།   གློག་བརྙན་ལས་འདས་པའི་དོན་གྱི་འགོ་བོ་ནི་དམར་ཙ་ལ་ཐུག་ཡོད་པ་རེད།  ཁ་ལོ་བས་ལུག་གསད།  ལག་དམར་གྱི་ངོ་རྟགས་འོག་ནས་དགོན་པར་བསྔོ་སྨོན་ཞུ་རུ་སོང་བ་དང་། རང་གི་སྡིག་པ་བཤག་ཆེད་དང་རྣམ་རྟོག་གྲོལ་ཆེད་ལུག་རོ་གཟན་བསྒྱུར་བྱས་པའང་རེད།  ལག་དམར་གྱི་ངོ་རྟགས་ལས།  འདི་ཡིས་ཐད་ཀར་དམར་ཙའི་གནས་ཚུལ་ཤུགས་སྟོན་བྱས་ཡོད་དེ།  དམར་ཙས་ས་ངན་པའི་ཕ་རྒན་གསད་རྗེས།  ཁོའི་འཚོ་བ་གང་འདྲ་ཞིག་རོལ་ཡོད་མེད་ཁ་ལོ་བའི་བྱ་སྤྱོད་སྟེང་ནས་ཟུར་ཙམ་མཐོང་གི་རེད། 
        ཁྱད་པར་ཏུ་ཇ་ཁང་ཆང་མས་དམར་ཙ་ནི་ཆོས་དད་ཆེ་མཁན།  ཚེ་ཐར་སྲོག་བསླུ་ལ་ཞུགས་མང་མཁན།  མི་བཟང་པོ་ཞིག་ཡིན་ཚུལ་བརྗོད་པ་དེ་ཡིས།  ང་ཚོས་ལག་དམར་དམར་ཙ་དང་ལག་དམར་ཁ་ལོ་བའི་བར་ལ་འཚོ་བའི་བརྒྱུད་རིམ་འདྲ་མཚུངས་ཡིན་པ་བཤད་ཐུབ་ལ། མ་ཟད་དམར་ཙའི་བརྒྱུད་རིམ་ནི་ཤིན་ཏུ་རིང་ཞིང་བཀའ་ངལ་ཆེ་བ་ཞིག་ཡིན་པའང་དཔོག་ནུས།  ཚེ་རིང་ནོར་བུ་དབུས་གཙང་ཆོས་ཀྱི་ཆོལ་ཁར་སྐྱེས་པའི་རྩོམ་པ་པོ་ཞིག་རེད།  ཁོའི་མཐོང་ལམ་གྱི་ཁམས་ནི་ཆོས་མིན་ནམ་མཐའ་ཁོབ་ཅིག་ཡིན་པ་རེད།   དུས་འགྱུར་སྔོན་ལ།  ཁམས་ལ་མཐའ་འཁོབ་ཟེར་ནའང་ནོར་བ་ཆེན་པོ་མི་འདུག་སྟེ།  ཡུལ་འདིའི་མི་རྣམ་གྱིས་བན་བོན་ནང་པའི་ཆོས་ལུགས་ལ་རང་བཞིན་གྱི་དགའ་བ་དང་དང་བ་ཞིག་སྐྱེ་བཞིན་ཡོད་ནའང་། དགོན་པའི་ཤེས་ཡོན་པ་མཐོ་གྲས་དང་སྤྱི་ཚོགས་ཀྱི་མི་སྣ་ཉུང་ཁག་ཅིག་གིས་མ་གཏོགས།  ནང་ཆོས་དེ་ཡོངས་ཁྱབ་ཏུ་ངོས་ཟིན་གི་ཡོད་མ་རེད།  དགྲ་ཤ་ལེན་པ་དེའང་ཁམས་ཀྱི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་དངོས་གཟུགས་ཤིག་རེད།  དེ་ནང་ཆོས་ལ་བཤད་ན་འདུལ་བྱ་ཞིག་རེད།  འོན་ཀྱང་ཡུལ་དབུས་ལ་མཚོན་ན།  ནང་ཆོས་ཀྱི་ལེགས་ཆ་ལ་མི་དང་སྤྱི་ཚོགས་བྱང་ཚར་ཡོད་པ་རེད།  དགྲ་ཤ་ལེན་པའི་དཔའ་གཏམ་དེ་དག་དང་མ་འདྲ་བར།དབུས་གཙང་གིས་དགའ་བསུ་བྱེད་པའི་རྩོམ་རིག་དང་ཟློས་གར་ནི་དྲི་མེད་ཀུན་ལྡན།  མི་ལ་རུས་པ་ལྟ་བུའི་གུ་ཡངས་པ་ཆེན་པོ་དག་རེད།  ཁམས་པ་ལ་མཚོན་ན་དྲི་མེད་ཀུན་ལྡན་དེ་ལྷ་རེད།  མི་ཡིས་སློབ་ཐབས་ཡོད་མ་རེད།  ཁམས་ལ་མཚོན་ན། མགོ་ལོག་པས་ཀརྨ་པར་འཕྲོག་བཅོམ་བྱེད་ཐུབ་ལ། ཉག་རུང་བདུད་རྒྱལ་གྱིས་ལྷ་སའི་ཇོ་བོ་ཉག་ཁོག་ལ་འཕྲོག་པའི་གཏམ་ཀྱང་བསྒྲགས་ཕོད། སྡེ་དགེ་རྫ་ཆུ་ཁར་འཁྲུངས་པའི་མི་ཕམ་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་ཡིན་ནའང་།  ཡུལ་དགོན་ཕྱོགས་བཞི་ལ་འགྲུལ་པ་བྱེད་དུས་གྲྭ་ཆས་ཕུད་ནས་རལ་གྲི་སྐེད་ལ་དྲངས་དགོས་ཏེ།  ཁམས་པའི་མི་ལ་དགེ་སྡིག་མེད་པས་ཉམ་ཆུང་ལ་ཇག་བྱེད་པའི་ཉེན་ཁ་ཤིན་ཏུ་ཆེ།  དེ་བས་ངའི་ཆོལ་ཁ་ཁམས་ནི་དེ་འདྲ་ཞིག་རེད།  དུས་འགྱུར་རྗེས་སུ།  བསྟན་པ་མེ་རོ་ཙམ་མ་གཏོགས་མ་ལྷག་པ་རེད།   དེ་ནས་བསླར་ཡང་བསྟན་པ་ཡང་དར་གྱི་དུས་ཤར་བ་རེད།   དུས་འདི་ལ།  ཁམས་པ་ཚོའི་ནང་ཆོས་ཀྱི་དགའ་བ་དེ་ཡང་དར་འཕྲིན་ལས་ཀྱི་སྒུལ་ཤུགས་ལ་འགྱུར་བ་རེད།  དུས་ད་ལྟ་ཡིན་རུང་།  ཁམས་པ་ཚོས་ནང་ཆོས་ཡང་དར་ལ་འདོན་པའི་སེམས་ཤུགས་དང་རྒྱུ་ཤུགས་ནི་ཆོལ་གསུམ་ཕྱི་ནང་གཉིས་ལས་ཆེས་ཆེ་བ་དེར་ཆགས་ཡོད་པ་རེད།  ཏག་ཏག་བརྒྱུད་རིམ་འདི་འདྲ་ཞིག་གིས་སྔར་དུས་རབས་མང་པོར་འདུལ་མ་ཐུབ་པའི་ཁམས་པ་དག་ནང་ཆོས་ཀྱིས་རིམ་བཞིན་འདུལ་སོང་བ་དང་།  ཐེངས་འདིར་ཁམས་པ་ཚོས་རང་གིས་རང་གི་ཀླ་ཀློའི་ཆ་དེ་འདུལ་བཞག་པ་རེད།   དབུས་གཙང་པ་དང་ཨ་མདོ་པས་བལྟས་ན།  ཡང་དར་གྱི་སྤྱི་ཚོགས་མཉམ་རུབ་ཀྱི་སྣང་ཚུལ་དེ་ནི་ད་དུང་སྐྱོན་སྣ་ཚོགས་ཀྱིས་གཡོ་དྲུད་བྱས་ནས་ཡོད་པ་རེད།   དམིགས་སོ་མེད་པའི་ཧོལ་ལས།   སྤུས་ཀ་མེད་པའི་གཟའ་ལས།   གུ་ཡངས་མེད་པའི་སྨྱོ་ལས་སོགས་ནི་ཁམས་པའི་ཆོས་ལུགས་བསྐྱར་གསོའི་སྣང་ཚུལ་རེད།  འོན་ཀྱང་ལོ་རྒྱུས་གསར་རྙིང་གཉིས་ཀྱི་སེར་སྐྱ་ཤེས་ཡོན་པས་ལེགས་གྲུབ་མ་ཐུབ་པའི་ཁམས་པོའི་བློ་ཁ་ཕྱོགས་བསྒྱུར་གྱི་ལས་ཀ་དེ།  ཏག་ཏག་བརྒྱུད་རིམ་འདི་ནས་ལེགས་འགྲུབ་བྱུང་གི་ཡོད་པ་དང་། གནས་ཚུལ་དེ་ནི་བསྟན་པ་ཕྱི་དར་གྱི་དབུས་གཙང་མངའ་རིས་ཀྱི་རྣམ་པ་དང་ཤིན་ཏུ་འདྲ་བོ་ཡོད་པ་རེད།  རྩོམ་པ་པོ་ཨ་ལེ་ཡིས་ཁམས་པའི་འགྱུར་བ་འདི་ལ་རྒྱུ་མཚན་འགྲེལ་སྐབས།  ཆབ་སྲིད་ཀྱི་རྒྱུ་མཚན་ཞིག་བཞག་ཡོད་པ་རེད།  འོན་ཀྱང་ཁམས་ཀྱི་དངོས་ཡོད་ལ་གཏིང་ཟབ་མོའི་རྒྱུས་ལོན་བྱས་ན། འགྱུར་བ་དེ་ཨ་ལེ་ཡིས་བཤད་པ་ལྟར་བྱུང་ཡོད་མ་རེད། དེ་དང་ཤིན་ཏུ་ཐ་དད་པར།   ཁམས་ཀྱི་བདུད་པ་དག་ནི་ཁམས་པ་རང་ཉིད་ཀྱི་ལེགས་བྱང་ལ་མཉམ་ཞུགས་ཟབ་མོ་བྱས་ནས་གྲོལ་བཞིན་ཡོད་པ་རེད། ཚེ་རིང་ནོར་བུའི་བརྩམས་སྒྲུང་འདུལ་བྱེད་ཅིག་གི་ངོས་ནས་ཁམས་པའི་སྤྱི་ཚོགས་གནད་དོན་སེལ་སྟངས་ལ་ལྷག་བསམ་གྱི་མིག་དཔེ་བཞེངས་པ་དེ་རེད། འོན་ཀྱང་གློག་བརྙན་འདིའི་ནང་།  པད་ཚེས་བསྐྱར་ཞིབ་ཕྱིར་འདང་བརྒྱུད་ནས་སློབ་གསོའི་རང་བཞིན་དེ་འདྲ་མེད་པ་བཟོས་ནས་དངོས་ཡོད་ལས་ངོ་རྟགས་ཡང་དག་ཅིག་བླངས་ཡོད་པ་དང་།  ངོ་རྟགས་དེས་ཕྱིར་ལྡོག་སྟེ་ཁམས་ཕྱོགས་སྤྱི་ཚོགས་ལོ་རྒྱུས་ཤིག་དང་ཁམས་པའི་སྤྱི་ཚོགས་སེམས་ཁམས་ཀྱི་འགྱུར་བ་ཞིག་ལ་དཔེ་ཆོས་བཞག་པ་རེད།   

 

ཟུར་འཕྲོ།  


       ལོ་མང་པའི་རྗེས་སུ།  ཁམས་པའི་ཇ་ཁང་གི་མགྲོན་པོ་རྙིང་པ་དེ་དག་ལྕགས་ཐབ་ཀྱི་ཁ་ལ་འདུས་ནས་དམར་ཙའི་ལོ་རྒྱུས་བཤད་སྐབས། འཇིག་རྟེན་འདིའི་ཡ་མཚན་གྱི་ངོ་བོ་དང་དཀོན་མཆོག་གི་ངོ་མཚར་རྫུ་འཕྲུལ་ཅན་དེ་དག་ནམ་ཡང་ཧ་ལས་ནས་མགོ་བོ་འཕྲེད་གཡུག་བྱེད་པ་རེད།  ལོ་དེ་ལ། དམར་ཙས་མི་གསད་ནས་ཡུལ་འདི་ལ་བྲོས་པ་དང་།   ཁོ་རང་གི་སེམས་ལ་འགྱོད་པ་དང་ཡ་ང་སྣ་ཚོགས་སྐྱེས་པས། སེམས་ཆོས་ལ་གཏད་དེ་ཚེ་འདིར་བློ་བདེ་བ།  ཕྱི་མར་འགྲོ་བདེ་བ་ཞིག་ལ་ཡོང་བར་ཧུར་ཐག་བྱས།  ཁོས་ཆུང་མ་ཞིག་བླངས།  དེ་ལ་བུ་ཡང་བཙས།  རང་གི་སྔར་བྱས་རྣམས་གསང་བར་སྦས་ནས་ཚོང་ཙག་ཙིག་གི་བྱ་ལ་བརྩོན།  འོན་ཀྱང་ཁོ་ལ་རྒྱུ་གསོག་པའི་དགོས་པ་མེད་ལ།  སྐྱིད་རྒྱག་པའི་འདོད་པ་ཆུང་།  ཁོས་བསོགས་པ་མང་ཆེ་བ་ཡར་མཆོད་པ་དང་མར་སྦྱིན་པ་ལ་བཏང་དང་། ཚེ་ཐར་སྲོག་བསླུ་ཡང་གང་མང་མང་བྱས། ཁོས་རྟག་པར་ས་ནག་དགོན་གྱི་སྲུང་མ་ལུག་བཞོན་དེ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་།   སྐྱབས་ཀྱི་གཙོ་བོའང་དེ་ལ་བྱས།    དེ་ནས་ལོ་ཁ་ཤས་ཀྱི་རྗེས་སུ།  ཁོའི་དགྲ་ཡས་ཀྱང་བཙལ་བཙལ་ཐར་ས་ནག་ལ་ཐོན་པ་རེད།   དེ་དུས་ཆོས་སྐྱོང་ལུག་བཞོན་གྱིས་རང་གི་ཆིབས་ལུག་དེ་མི་ཡུལ་ལ་མངགས་པས་ན། ཁ་ལོ་བ་སྦྱིན་པ་ཟེར་བ་ཞིག་གི་རླངས་འཁོར་གྱི་བརྡབས་ནས་བསད་པའི་སྒྱུ་འཕྲུལ་བསྟན།   རྐྱེན་དེ་ཡིས་ཕྱིར་ན་ཁ་ལོ་བ་དེས་དགྲ་ཡ་ལ་ཆོས་སྣེ་བསྟན་ཐུབ་པ་དང་།  མཐར་དགྲ་ཡ་དམར་ཙའི་རུ་ཐོག་ལ་སླེབས་དུས།  ཕ་གསད་ཀྱི་དགྲ་བོར་ཆགས་པའི་ཞེ་སྡང་ནི་ཡུལ།   དགྲ་བོ་ཕ་བུའི་བརྩེ་བ་དང་བདག་གཞན་མཉམ་བརྗེ་བྱས།  འཁོར་བའི་བྱ་ངན་ལ་སྙིང་བོ་མེད་པ་སེམས་ངོར་མཛུབ་སྟོན་ལྟར་ཤར་བའི་  རལ་གྲི་ཐང་ལ་གཡུགས་ནས་དམར་ཙ་ཚེ་ཐར་བཏང་བ་རེད། ཁ་ལོ་བ་སྦྱིན་པས་དེ་དུས་ཁྲ་གླག་གི་སྐོར་ལྡིང་མཐོང་མོད།  ཁོས་ལུག་གསད་པ་དེ་ལྟས་ངན་ལ་བསམས་ཡོད། འོན་ཀྱང་དམར་ཙ་མགོ་ཐོན་ཡོད་པའི་གནས་ཚུལ་ཤེས་རྗེས།  ཁོས་ཀྱང་ཁྲ་གླག་འཁོར་བའི་དོན་སྙིང་རྟོགས་སོང་ལ།  དུས་དེ་ནས་བཟུང་ཁོས་ལམ་ཁ་ནས་ཁྲ་གླག་མཐོང་སྐབས་སེམས་ཀྱང་དྲོན་པོར་འགྱུར་གྱིན་འདུག་བཟློ་གདའོ།།

( གསལ་བཤད། བར་བཅུག་པར་དག་རྩོམ་སྒྲིག་པས་བསྣན།)


ཟུར་བཀོད། ས་བུ་ཆེའི་རྩོམ་གཞན། 
  1. གློག་བརྙན་ཐར་ལོ་ལབ་པ།   http://bo.filmtbt.com/remark/photos/2016-11-21/661.html
  2. བཅད་རིས་ལྔ་ཡི་སྟེང་ནས་གློག་བརྙན་གཙང་བོ་ལབ་པ། http://bo.filmtbt.com/remark/photos/2018-11-29/924.html

དཔྱད་མཆན་ཡོད།