བོད་ཀྱི་གློག་བརྙན་«ལག་དམར»བལྟས་ཚར་རྗེས་ཀྱི་དྲན་པ་དམར་རྗེན་མ།


ཁོ་བོར་ནམ་རྒྱུན་གློག་བརྙན་ལ་ལྟ་བའི་གོམས་གཤིས་དང་དགའ་ཕྱོགས་ཆེན་པོ་མེད། ཡིན་ཡང་གློག་བརྙན་ཅི་ལྟར་འཁྲབ་བཞིན་པའི་ཡུལ་ངོས་ཀྱི་བརྙན་དང་འཁྲབ་སྟོན་པས་འཁྲབ་སྟོན་གྱི་སྐབས་སུ་ཅི་ལྟར་འཁྲབ་ཀྱིན་པ་དང་། ལྷག་པར་བརྙན་ལེན་པས་བརྙན་ལེན་པའི་བརྒྱུད་རིམ་དང་ངང་ཚུལ་ལ་སྤྲོ་བ་ཆེན་པོ་ཡོད། འདི་ནི་ད་ལྟའི་ང་རང་པར་ལེན་དགའ་ཕྱོགས་ཆགས་པའི་སྔོན་འགྲོའི་ས་བོན་ཞིག་འེ་ཡིན་སྙམ་པའི་ཐེ་ཚོམ་ཞིག་སྐབས་སྐབས་སུ་འདུག

སྤྱིར་གློག་བརྙན་ལ་ལྟ་བའི་དགའ་ཕྱོགས་མེད་པའི་མི་ཞིག་ཡིན་ཡང་རང་མི་རིགས་ཀྱི་གློག་བརྙན་དག་ལ་ངེས་པར་ལྟ་དགོས་སྙམ་ཡོད། འདི་ནི་རང་ཉིད་ལ་མཚོན་ན་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་ལ་ངེས་པར་དང་དུ་ལེན་དགོས་པའི་འོས་འགན་ཞིག་རེད་འདོད་ཡོད། རྒྱུ་མཚན་ང་རང་བོད་པ་ཞིག་ཡིན་པས་གཞན་དམིགས་གསལ་གྱི་རྐྱེན་དང་གནས་ལུགས་མེད། 

དེ་བས་སྐུ་ཞབས་པདྨ་ཚེ་བརྟེན་གྱིས་འཁྲབ་ཁྲིད་བྱས་པའི<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>དང<དྲི་མེད་ཀུན་ལྡན་འཚོལ་བ> <ཐར་ལོ><གཡང་མདའ> སོགས་གཙོ་བྱས་པའི་བོད་རང་གི་རྣམ་ཤེས་འཐིམ་པའི་གློག་བརྙན་དག་ལ་རེ་རེ་བྱས་ནས་བལྟས་མྱོང་། ལྷག་པར<ཐར་ལོ>གློག་བརྙན་ལ་དེ་རིང་བར་དུ་ཐེངས་ལྔ་དྲུག་ཅིག་ལ་བལྟས་ཟིན། བོད་ཀྱི་གློག་བརྙན་དག་ལ་རེ་རེ་བཞིན་བལྟས་རྗེས་དང་དེ་དག་གི་ཕྱོགས་ནས་གསར་འགྱུར་དང་བཅར་འདྲིའི་གནས་ཚུལ་སོགས་རང་ཉིད་ཀྱི་རྣ་བས་མཐོས་ཙམ་ན། རང་ཉིད་ཀྱི་གྲོགས་པོ་ག་གེ་མོ་ཞིག་ལ་རྒྱལ་ཁ་དང་བྱ་བ་གང་ཞིག་ལེགས་འགྲུབ་བྱུང་སོང་བའི་དགའ་སྣང་ཁྱད་པར་བ་ཞིག་འདུག ད་ལོའི་སྤྱི་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་ནས་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་བོད་ཀྱི་གློག་བརྙན་གསར་བ<ལག་དམར>འདི་གཏོང་བའི་གསར་འགྱུར་དང་བརྡ་ཁྱབ་གང་མང་ཞིག་མཐོང་རྗེས། ཚོད་ཚོད་ལ་འདོད་ངམ་ཆེན་པོ་ཞིག་དང་སྨྲ་བརྗོད་བྲལ་བའི་ཚོར་བ་སྣུམ་པོ་སེམས་སུ་སྐྱེས་བྱུང་། ཡིན་ཡང་ཉིན་དེར་ང་རང་སྡོད་སའི་ཡུལ་གྱི་གློག་བརྙན་ཁང་ནས་ལྟ་མི་ཐུབ་པས་སེམས་སུ་འཕང་སེམས་དང་སྐྱོ་གདུང་ཆེན་པོ་ཞིག་སྐྱེས། དེ་བས་དེ་རིང་བར་ཏུ་གློག་བརྙན་འདི་ལ་ལྟ་མ་ཐུབ།

སྤྱི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ནས<爱奇艺>གྱི་ནང་དུ་བཏང་འདུག་པའི་གཏམ་བཟང་གསེར་འདྲ་ཞིག་དྲྭ་བའི་ལམ་ན་རྒྱུགས་ཀྱིན་འདུག ཡིན་ཡང་ངའི་ལས་བཙོག་པ་ཞིག་ལ་མ་ལག་དེའི<会员>ཚོགས་མི་ཉོ་དགོས་པས་ཉིན་དེར་ལྟ་མ་ཐུབ། ཡིན་ཡང་དེ་རིང་ངོ་ཚ་ཞེས་པའི་ཐ་སྙད་རླུང་ལ་སྐུར་ནས་སློབ་གྲོགས་ཤིག་ལ་ཚོགས་མི<会员>གཡར་བ་ཡིན། 

ལག་དམར་ནི་སྐུ་ཞབས་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང<ལུག་གཅིག་ལྔ་ལམ་དུ་བརྫངས་པ>ཞེས་པ་དང་། དབུས་ཀྱི་རྩོམ་པ་བོ་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང<ལག་དམར>གཉིས་ཀ་མཉམ་དུ་བསྡེབས་ཏེ་འཁྲབ་གཞུང་དུ་བཅོས་པ་ཞིག་རེད་ཅེས་གློག་བརྙན་འདིའི་སྐོར་གྱི་བཅར་འདྲི་གང་མང་ཞིག་དང་དྲྭ་བའི་ཡིག་ལམ་མང་བོ་ཞིག་ཏུ་ཁྱབ་འདུག ཡིད་འཕང་བ་ཞིག་ལ<ལག་དམར>གྱི་མ་ཡུམ་ལྟ་བུའི་བརྩམས་སྒྲུང་གཉིས་ཀའི་གཅིག་ཀྱང་ཀློག་ཐུབ་མ་སོང་།

གློག་བརྙན་འདི་མགོ་བརྩམས་པ་ནས་བརྙན་མིག་གི་མཚོན་ཅུང་སྐྱ་བོ་སྤྱད་ཡོད་པ་མ་ཟད། དུས་ཚིགས་དང་ཁོར་ཡུག  མི་སྣའི་རྣམ་འགྱུར་དང་གྱོན་པ། སྐད་ཆ་སོགས་ཚང་མ་གཞི་གཅིག་གི་སྟེང་དུ་རྒྱ་མཚོ་ལྟར་འཁྱིལ་འདུག     གློག་བརྙན་འདི་མགོ་བརྩམས་པའི་བརྙན་མིག་དང་བོ་གཅིག་པུ་ལ་སྐར་མ་གཉིས་སམ་སྐར་ཆ་བརྒྱ་དང་ཉི་ཤུ་འདུག་པས་གློག་བརྙན་འདིའི་ཆེས་རིང་བའི་བརྙན་མིག་ཅིག་ཏུ་རྩིས་ཆོག བརྙན་མིག་གཅིག་གི་དུས་ཡུན་ཅི་ཙམ་རིང་ན་འཁྲབ་སྟོན་པར་དཀའ་ལས་ཁག་པོ་ཡོད་པ་སྨྲ་ཅི་དགོས། འདིའི་སྐོར་ནས<ཐར་ལོ>འཁྲབ་ཚར་རྗེས་འཁྲབ་སྟོན་པ་ཞི་བདེ་ཉི་མར་བཅར་འདྲི་བྱས་པའི་སྐབས་ཁོང་གིས་གསལ་བོ་བཤད་ཡོད། བརྙན་ལེན་པར་མཚོན་ན་ཡང་དཀའ་ལས་ཡོད་རེད། མ་ཟད་གློག་བརྙན་འདིའི་བརྙན་མིག་ཡང་སྤྱིའི་ཆ་ནས་ཅུང་དལ་མོ་སྤྱད་འདུག  

གློག་བརྙན་འདིའི་ཁོར་ཡུག་ནས་མའི་ནང་སེམས་ལ་སིམ་འཛུལ་བྱས་ནས་ལྡོག་པའི་ཆ་ཞིག་འདུག་སྙམ།སྤྱིར་སྒྲུང་གཏམ་ཞིག་གམ་གློག་བརྙན་གང་ཞིག་ཡིན་ཡང་དང་ཐོག་མི་སྣའི་ནང་སེམས་འབྲི་བཞེངས་བྱས་ནས་ཁོར་ཡུག་ལ་བཟོ་བཅོས་བྱེད་པ་རེད། ཡིན་ཡང་ད་རེ་ཡི་གློག་བརྙན་འདི་མགོ་བརྩམས་པ་ནས་སྐྱ་ཆད་སྔོ་སྡུག་གི་ཁོར་ཡུག་ཅིག་བཀོད་སྒྲིག་བྱས་འདུག དེ་ནས་འཁྲབ་སྟོན་པ་གཙོ་བོ་སྦྱིན་པའི་ནང་སེམས་ན་ཡང་འགལ་འདུ་དང་རྣམ་རྟོག་སོགས་ཀྱིས་སྐབས་རེར་དམག་འཁྲུག་བསླངས་ཀྱིན་འདུག   བརྙན་མིག་དང་བོ་ནས་མཚོ་དབུའི་མཐོ་སྒང་གི་དགུན་ཟླའི་དུས་ཚིགས་ཤིག་གདམ་ནས། ས་རྡུལ་རླུང་གིས་གཡུག་ཅིང་རྡོ་ལམ་རིང་མོ་ཞིག་ཏུ་འདྲུད་འཐེན་འཁོར་ལོ་གཅིག་བཏང་བ་རེད ། བརྙན་མིག་དང་བོ་ཉེ་མིག་ནས་དང་གཉིས་པ་དང་གསུམ་པ་རྒྱང་མིག་རེད། བརྙན་མིག་དང་བོ་ནས་གསུམ་པའི་བར་དུ་སྐྱ་ལོང་ལོང་གི་ཁོར་ཡུག་ཅིག་ཏུ་འདྲུད་འཐེན་འཁོར་ལོ་གཅིག་ལས་གཞན་ཅི་ཡང་བཀོད་སྒྲིག་བྱས་མེད། བརྙན་མིག་བཞི་བའི་སྐབས་གློག་བརྙན་འདིའི་མི་སྣ་གཙོ་བོ་སྦྱིན་པ་འདི་སྒོ་ལ་ཐོན་པ་རེད། ཐོག་མའི་མི་སྣ་གཙོ་བོ་སྦྱིན་པའི་རྒྱབ་གཟུགས་ནས་བརྙན་མིག་གི་མགོ་བརྩམས་ནས། ཆེས་ཐོག་མར་འཁྲབ་སྟོན་པ་གཙོ་བོ་སྦྱིན་པའི་རྒྱབ་གཟུགས་ནས་མི་སྣའི་སྣང་བརྙན་གསོན་པོ་ཞིག་གིས་ལྟད་མོ་བའི་ནང་སེམས་སུ་བག་ཆགས་བཞག 

སྦྱིན་པ་ལམ་དུ་ཆས་པ་ནས་ལག་དམར་སྦྱིན་པ་དང་འཕྲད་རག་བར་གྱི་སྐར་མ“ཉི་ཤུ”ལྷག་ཙམ་ལ་གློག་བརྙན་འདིར་འཁྲབ་ཚིག་ཅིག་ཀྱང་མེད་པར། འདྲུད་འཐེན་འཁོར་ལོའི་ཕྱི་ནང་གི་ཁོར་ཡུག་རྐྱང་བའི་བརྙན་མིག་ཁོ་ནས་གྲུབ་པ་རེད། གློག་བརྙན་འདི་ཧྲིལ་བོར་སྐར་མ་བརྒྱད་ཅུ་ལྷག་ལས་བསམ་བཞིན་ཏུ་སྐར་མ་ཉི་ཤུ་ལྷག་ཙམ་ལ་འཁྲབ་ཚིག་མེད་པའི་བརྙན་མིག་ཁོ་ནར་འགྲོ་སོང་བཏང་རེད། འདི་གློག་བརྙན་འདིའི་འཁྲབ་ཚིག་མེད་པའི་བརྙན་མིག་ལས་ཆེས་རིང་བའི་ཁག་ཅིག་རེད། གློག་བརྙན་མགོ་བརྩམས་པ་ནས་སྐར་མ་ཉི་ཤུ་ཙམ་ལ་འཁྲབ་ཚིག་མེད་པར་ཕྱིའི་ཡུལ་ལྗོངས་ཀྱི་ཁ་དོག་དང་རྣམ་པ། མི་སྣའི་བྱ་བྱེད་དང་རྣམ་འགྱུར་ལས་ལྟད་མོ་བའི་སེམས་སུ་ཚོར་འདུ་གང་མང་ཞིག་སྐྱེས་སུ་བཅུག   དེ་མ་ཟད་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་བཞག་འདུག འདི་ལས་སྐུ་ཞབས་པདྨ་ཚེ་བརྟན་གྱི་འཁྲབ་ཚིག་གི་ཆུ་ཚད་དང་འཁྲབ་སྟོན་པ་སྦྱིན་པའི་འཁྲབ་སྟོན་གྱི་རྩལ་ལ་ཡང་གནོན་ཤུགས་ཆེན་པོ་ཞིག་བྱིན་ཡོད་སྲིད།

ས་རྡུལ་གྱིས་བཏུམ་པའི་ས་སྟོང་ཞིག་ནས་གློ་བུར་དུ་སྦྱིན་པས་ལུག་ཅིག་ལྔ་ལམ་དུ་བརྫངས་པ་ནས་གློག་བརྙན་འདིའི་གཏམ་རྒྱུད་ལ་དབུ་ཁྱུད་བྲིས་པ་རེད། ཡ་མཚར་དགོས་པ་དང་བསམ་གཞིགས་བྱེད་ས་ཞིག་ཅིང་རེད་འདུག དགོས་བ་ཅི་ཞིག་གི་ཆེད་དུ་ས་སྟོང་ལུང་སྟོང་ཞིག་ཏུ་མི་སྣ་གཅིག་དང་འདྲུད་འཐེན་འཁོར་ལོ་གཅིག   ལུག་གཅིག་གི་དོན་རྐྱེན་འདི་ནས་གཏམ་གྱི་ངོས་ཀྱི་ནང་དུ་འཛུལ་དགོས་པ་རེད། དེ་ནས་སྦྱིན་པས“ལྟས་ངན”ཞེས་པའི་ཐ་སྙད་འདི་ཐེངས་བཞིར་བཟླས་པས་ང་ཚོའི་བྱམས་སྙིང་རྗེས་ཀྱི་སྒོ་སྟེང་གི་ཟྭ་འདི་ལ་རྣམ་རྟོག་དང་དུས་ངན་ཞིག་མི་འཆར་རང་འཆར་རེད། 

འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་སྦྱིན་པ་ས་སྟོང་ལུང་སྟོང་གི་རྡོ་ལམ་སྐྱ་མོའི་སྟེང་ཁེར་རྐྱང་གིས་རྐང་ཐང་ལ་འགྲོ་བཞིན་པའི་ལག་དམར་སྦྱིན་པ་དང་འཕྲད་པའི་སྐབས་ཀྱི་སྦྱིན་པ་གཉིས་ཀྱི་མི་སྣིའི་ཕྱིའི་རྣམ་འགྱུར་དང་ལྷག་པར་ལག་དམར་སྦྱིན་པའི་མིག་མདངས། ད་དུང་ལག་དམར་སྦྱིན་པས་འདྲུད་འཐེན་འཁོར་ལོའི་འདུག་སྟེགས་སྟེང་དུ་བཞུར་ཡོད་པའི་ལུག་གི་ཁྲག་ལ་ལྟ་བའི་སྐབས་ཀྱི་མིག་མདངས་དང་དེ་ལ་བཟུང་བའི་རྣམ་འགྱུར། དེ་ནས(ས་ནག)ལུང་བའི་ལམ་འགྲམ་ལ་སླེབ་རག་བར་དུ་བརྙན་མིག་གཅིག་གི་ནང་དུ་སྦྱིན་པ་གཉིས་ཀའི་བྱ་འགུལ་དང་ལྷག་པར་སྐབས་རེར་ཁོ་གཉིས་ཀྱི་ངོ་གདོང་ཕྱེད་ཙམ་ཕྱེད་ཙམ་བཀོད་སྒྲིག་བྱས་པ་ནས། ཁོ་གཉིས་ཀྱི་མི་སྒེར་གྱི་རང་གཤིས་གཉིས་ཀ་ཅུང་འདྲ་བར་དྲང་ཐིག་གཅིག་གི་སྟེང་ཏུ་བཀོད་འདུག་པར་སྙམ།   ལྷག་པར་ནང་སེམས་ཀྱི་བརྩེ་བ་དང་སྙིང་རྗེ་ཡང་འདྲ་བར་བཞག་འདུག ཡིན་ཡང་ནང་སེམས་ཀྱི་མཛེས་བ་འདི་སང་རས་ཀྱིས་བཏུམ་པ་ལྟར་བཞེངས་འདུག འདི་གང་གིས་ར་སྤྲོད་དང་རྩིས་གཞི་ལྟར་བགྲོལ་ཡོང་བ་རེད་ཅེས་ན་ལག་དམར་སྦྱིན་པས་མི་ལོ་བཅུ་ལྷག་ལ་རང་ཉིད་ཀྱི་ཕ་གསོད་པའི་ལག་དམར“མ་བཀྲ”འདི་ཉིད་བཙལ་མྱོང་བ་རེད། ཡིན་ཡང་ཆེས་མཇུག་མཐར་ལག་དམར་སྦྱིན་པ་ཕ་གསོད་ཀྱི་ལག་དམར“མ་བཀྲ”ཚང་གི་ཁྱིམ་ཏུ་སླེབས་ནས། ཁོ་ལ་ངོས་སུ་ཁ་ངོ་འཕྲད་ཀྱང་ལག་དམར་སྦྱིན་པས་སྡང་སྡུག་དང་རང་གཤིས་ཁྲེགས་པོའི་རྣམ་འགྱུར་ཕྲན་ཙམ་ཡང་མ་བསྟན་པར་ཁོའི་རྒྱུན་ལྡན་གྱི་རང་གཤིས་ཕྲེང་བ་ལྟར་རྒྱུན་ཐག་གཅིག་གི་སྟེང་ལ་མཐུད་པ་ནི་ཆེས་མཐའ་མཇུག་སྦྱིན་པ་གཉིས་ཀྱི་ནང་སེམས་ཀྱི་མཛེས་པ་གཉིས་ཀ་འདྲ་བ་ར་སྤྲོད་ཀྱི་རྒྱུ་གལ་ཆེན་ཞིག་ཏུ་གྱུར་འདུག 

ས་ནག་ལུང་བར་ཐོན་པ་ན་སྦྱིན་པ་གཉིས་ཀ་སོ་སོའི་ཕྱོགས་སུ་བཏང་བ་རེད། འདི་ཡང་འདྲ་བའི་ནང་ནས་ཡང་མི་འདྲ་བའི་ཚུལ་ཞིག་སྟོན། གཅིག་འདྲེན་འཐེན་འཁོར་ལོ་སྐོར་ནས་དངོས་ཟོག་སྐྱེལ་འདྲེན་མཁན་ཞིག གཅིག་ཤོས་ནི་མི་ལོ་ཉི་ཤུའི་ཡར་སྔོན་གྱི་ཕ་གསོད་པའི་ལག་དམར“མ་བཀྲ”འཚོལ་ཏུ་འགྲོ་མཁན་ཞིག་རེད། གཉིས་ཀ་ལམ་འགྲོ་བ་ཞིག་ཡིན་ཡང་གཉིས་ཀའི་འཚོ་བ་དང་འཚོལ་བའི་དམིགས་ཡུལ་མི་འདྲ་བ་བསྟན་ཡོད། 

གློག་བརྙན་འདིའི་མཇུག་ཏུ་ཕྱི་དྲོ་ཞིག་ནས་ས་སྲོལ་བར་ཏུ་སྦྱིན་པ་གཅིག་པུ་རྡོ་ལམ་སྐྱ་མོ་སྟེང་དུ་བསྐྱོད་དུ་བཅུག   ལམ་བར་དུ་སྦྱིན་པས་རྡོ་ལམ་སྐྱ་མོའི་འགྲམ་ན་ཡོད་པའི་གློག་སྡོང་གི་སྟེང་ན་ཡོད་པའི་བྱ་ཞིག་མཐོང་ནས་ཅུང་ཙམ་གྱི་རྗེས་ནས་གློ་བར་ཏུ་ཁོའི་འདྲུད་འཐེན་འཁོར་ལོའི་འཁོར་ལོ་གཅིག་གི་ནང་དུ་དབུགས་ཟད་པའི་དོན་རྐྱེན་བྱུང་། འདི་ནི་སྦྱིན་པའི་ལམ་བར་གྱི་ཆེས་མཇུག་མཐའ་དོན་རྐྱེན་རེད་ལ་གློག་བརྙན་འདིའི་ཆེས་མཇུག་གི་སྤྱི་ཁོག་ལ་ར་སྤྲོད་བྱེད་པའི་དོན་རྐྱེན་ཞིག་ཏུ་རྩིས་ཆོག་སྙམ། སྦྱིན་པས་འདྲུད་འཐེན་འཁོར་ལོའི་འཁོར་ལོ་བརྗེ་ཚར་རྗེས་ཁོའི་ནང་སེམས་ཀྱི་འགལ་འདུ་མང་བོའི་གནོན་ཤུགས་ཀྱི་ངལ་དུབ་ཀྱིས་ངལ་གསོ་ཙམ་གྱིས་གཉིད་དུ་ཡུར་པ་མ་ཟད། རྨི་ལམ་གྱི་དབང་དུ་ཁྲིད། རྨི་ལམ་དུ་འཁྲབ་སྟོན་པ་གཙོ་བོ་སྦྱིན་པ་ཁོ་རང་ལག་དམར་སྦྱིན་པར་བརྫུས་ནས་ལོ་ལྔ་བཅུ་ལྷག་ལ་ཐོན་པོ་བགྲེས་པོ“མ་བཀྲ”ཚང་གི་ཚོང་ཁང་དུ་སོང་ནས“མ་བཀྲ”བསད་རྗེས་དུར་ཁྲོད་དུ་བྱ་སྦྱིན་བྱས་པ་རེད། འདི་ནི་འདྲུད་འཐེན་ཁ་ལོ་བ་སྦྱིན་པས་ལག་དམར་སྦྱིན་པ་བཙལ་བའི་དམིགས་ཡུལ་དང་རྒྱུ་རྐྱེན་ཆེས་གཙོ་བོ་རེད། ལག་དམར་སྦྱིན་པས་རང་ཉིད་ཀྱི་ཕ་གསོད་ཀྱི་ལག་དམར་མ་བསད་པར་“མ་བཀྲ”ཚང་ནས་ངུ་ཞོར་དུ་སྒོ་ལ་བུད་པ་དང་། འདྲུད་འཐེན་ཁ་ལོ་བ་སྦྱིན་པས་ཁོ་རང་བཙལ་བའི་དམིགས་ཡུལ་གཉིས་ཀྱི་སྟེང་ནས་ང་ཚོའི་མི་རིགས་ར་སྤྲོད་བྱེད་ཀྱི་སྡོམ་ཚིག་ཅིག་ཏུ་ཆགས་འདུག 

ནམ་ཡང་འཁྲབ་སྟོན་པ་གཙོ་བོ་སྦྱིན་པའི་གདོང་གི་ངོ་སྡུག་ཅི་འདྲའི་བཙོག་ན་ཡང་ནང་སེམས་ནི་སུས་ཀྱང་མཐོང་ཐབས་བྲལ་བའི་ཡིད་དུ་འོང་བའི་མཚོ་མོ་ཞིག་ཏུ་ཆགས་འདུག གང་ལེགས་ཞེས་ན་སྦྱིན་པས་ལུག་ཅིག་ལྔ་ལམ་ཏུ་བརྫངས་རྗེས་བསྔོ་བ་ཞུ་དང་དགོན་པའི་མང་གི་གྲྭ་བ་བགྲེས་པོར་རྟེན་ཞུའི་ལན་དུ་སྒོར་ལྔ་བརྒྱ་བྱིན་པ། དེ་ནས་ལུག་རོ་བྱ་སྦྱིན་བྱས་པ་དང་ལག་དམར་སྦྱོན་པ་བཙལ་བ་བཅས་ཀྱི་སྟེང་ནས་སྦྱིན་པའི་ཕྱིའི་རྣམ་པ་རྫིག་རྫིག་དང་རྫབ་རྫོབ་ཅི་འདྲ་ཡིན་ཡང་ནང་སེམས་ན་ནམ་ཡང་བརྩེ་བ་དང་སྙིང་རྗེ། བྱང་ཆུབ་སེམས་དཔའ་ཞིག་མ་ཡིན་ཡང་བྱང་ཆུབ་སེམས་པའི་སེམས་པ་ལྡན་པའི་མི་ཞིག་ཡིན་པ་ང་ཚོར་ར་སྤྲོད་བྱས་འདུག 

སྤྱིའི་ཆ་ནས་བརྙན་མིག་འདིའི་དལ་མགྱོགས་དང་རིང་ཚད་ནི་ཐར་ལོ་ཆ་འདྲ་བོ་འདུག མ་ཟད་ཚོན་མིག་ཀྱང་ཐར་ལོ་ལས་ཚོན་ལྡན་ལ་བཏང་ཡོད་པས་སྤྱིའི་ཆ་ནས་ཐ་ལོ་ནང་བཞིན་སྐྱ་མདོག་སྤྱད་འདུག

ཡིན་ཡང<ཐར་ལོའི>བརྙན་མིག་ལྡོག་པའི་ལམ་ནས་བཟོས་ཡོད། <ཐར་ལོའི>ནང་དུ་ཐད་ཀར་འཁྲབ་སྟོན་པའི་ཕྱོགས་སུ་བརྙན་མིག་མང་ཤོས་ཁ་མ་བཏད་པར་མེ་ལོང་ནང་གི་འཆར་གཟུགས་ཕབ་ལེན་བྱས་ཡོད། ལྷག་པར་ཐར་ལོ་ཐོབ་ཐང་དཔང་ཡིག་གི་དོན་དུ་རྫོང་ལ་ཡོང་ནས་སྐྲ་བཞར་ཁང་དུ་ཐོན་པའི་རྗེས་ཀྱི་བརྙན་མིག་ཕལ་ཆེར་བ་མེ་ལོང་དུ་འཆར་ཡོད་པའི་འཆར་གཟུགས་ཕབ་ལེན་བྱས་ཡོད། ཡིན་ཡང་ད་རེ<ལག་དམང>འདི་མགོ་མཇུག་བར་གསུམ་ཏུ་ཐད་གར་འཁྲབ་སྟོན་པའི་དྲང་ཐད་ལ་ཕྱོགས་ཡོད། འདི་ཞོར་ནས<ཐ་ལོ>སྐོར་ནས་ཉུང་ཙམ་གླེང་འདོད་པས་ཡིན། 

གློག་བརྙན་འདིའི་ནང་ན་ཡ་མཚར་བ་དང་གོ་བ་ལོན་དཀའ་བའི་བརྙན་མིག་རེ་འགའ་ཡང་འདུག ལྷག་པར་གློག་བརྙན་འདི་མགོ་བརྩམས་ནས་ཅུང་མ་འགོར་བའི་སྐབས་གླག་རྒོད་ཅིག་ལྕགས་ཚེར་ཞིག་གི་སྟེང་ནས་རང་དབང་གི་ནམ་མཁར་འཕུར་བཞིན་པའི་སྐབས། གློ་བུར་དུ་གནམ་གྲུ་ཞིག་ཏུ་འགྱུར་བ་དང་གློག་བརྙན་འདིའི་ཆེས་མཇུག་གི་དུར་ཁྲོད་ཀྱི་ཐང་དཀར་ཞིག་ནམ་མཁར་འཕུར་རྗེས་ཡང་གནམ་གྲུ་ཞིག་ཏུ་འགྱུར་བ། སྐབས་འདི་གཉིས་ཀྱི་བརྙན་མིག་གིས་ང་རང་བསམ་དབང་དྲན་དབང་མེད་པར་བསམ་གཞིགས་ཀྱི་བར་སྣང་དུ་རྡོ་བ་བཞིན་འཕངས་སོང་། མཚོན་བྱ་དང་ར་སྤྲོད་བྱ་གང་ཞིག་ཡིན་མིན་ངོ་མ་ཡ་མཚར་བོ་ཞིག་རེད། འདི་འབྲི་བཞིན་པའི་སྐབས་ངས་དཔལ་དོན་འགྲུབ་རྒྱལ་གྱི<<རྐང་ལམ་ཕྲ་མོ>>ཡིད་ལ་ཝ་ལེར་དྲན་བྱུང་། ཡིན་ཡང་གློག་བརྙན་འདིའི་སྐབས་ཀྱི་བརྙན་མིག་ནི་མཚོན་བྱ་གང་ཡང་མེད་པའི་ཚོར་སྣང་ཞིག་འདུག་སྙམ་པ་མ་ཟད། 《རྐང་ལམ་ཕྲ་མོ》ལྟ་བུའི་རིག་གནས་གསར་རྙིང་གཉིས་ཀྱི་མཚོན་བྱ་ཞིག་ཅིས་ཀྱང་བྱིན་མ་བྱུང་། 

འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་སྦྱིན་པས་ས་སྟོང་ལུང་སྟོང་ཞིག་ནས་ལུག་ཅིག་ལྔ་ལམ་ཏུ་བརྫངས་རྗེས། རྣམ་རྟོག་ཅིག་གིས“ལྟས་ངན”ཞེས་ཐེངས་བཞི་ལ་བསྐྱར་བཟླས་པ། ལུག་རོ་དགོན་པའི་ནང་དུ་ཁྱེར་ནས་བསྔོ་བ་ཞུས་འདི་སྦྱིན་པ་རང་ཉིད་ཀྱི་སེམས་ཀྱི་རྣམ་རྟོག་དང་འདུ་ཤེས་སུ་གཉེར་ཡོད་པའི་ལྟས་ངན་ཙམ་བཟློག་པའི་ཆེད་དུ་ངོས་འཛིན་པ་ལས་གཞན། ལྷག་པར་ལུག་རོ་འདི་དུར་ཁྲོད་ཅིག་ཏུ་ཁྱེར་ནས་བྱ་སྦྱིན་བཏང་བ་ཡང་ང་ཚོའི་དངོས་ཡོད་ཀྱི་འཚོ་བ་དང་འཕང་ཁ་མི་འཕྲོད་པ་མ་ཟད། སྦྱིན་པའི་སེམས་ཀྱི་རྣམ་རྟོག་དང་འདུ་ཤེས་ཀྱི་ལྟས་ངན་བཟློག་པའི་ཆོ་ག་ཙམ་ལ་ངོས་བཟུང་ན་ཨེ་འགྲིག་སྙམ། དེ་མིན་ནང་བའི་རྗེས་འཇུག་པ་དང་སེམས་དཔའ་ཆེན་པོ། ཐེག་པ་ཆེན་པོ་སོགས་ཀྱི་སྙིང་ཁམས་གསར་བཞེངས་བྱས་པ་ཞིག་ཏུ་ཨེ་འགྲོ་སྙམ་པའི་རང་སེམས་ཀྱི་འགལ་འདུ་ཙམ། མ་གཞི་ང་ཚོའི་མི་རིགས་དང་ལྷག་པར་སྟོན་པ་སྐྱབས་སུ་འཛིན་པའི་བོད་མིའི་བརྩེ་བ་དང་བྱམས་པ། ལྷགས་བསམ་དང་སྙིང་རྗེ། སྦྱིན་པ་སོགས་བླ་ན་མེད་པ་ཞིག་ཡིན་ཡང་། སྦྱིན་པ་ལྟ་བུའི"སྦྱིན་པ"འདི་ང་ཚོའི་དངོས་ཡོད་འཚོ་བའི་ཁྲོད་མེད་པ་ཀུན་གྱི་སེམས་ན་གསལ་ངེས། མ་ཟད་མཚན་མོའི་རྨི་ལམ་དང་སྐྱབས་འཇུག་ཞུ་བའི་ཚུལ་ཏུ་ཡོང་ཡོད་ག་ལ་སྲིད།

སྦྱིན་པ་ཇ་ཁང་དུ་སོང་ནས་སྦྱིན་བདག་མར“ཁམས་པའི་མིའི”<ལག་དམར་སྦྱིན་པ>པའི་གནས་ཚུལ་འདྲི་པའི་སྐབས་ཀྱི་ཕྱིར་དྲན་བརྙན་མིག་དང་བོ་སྤྱད་ཡོད། ཡིན་ཡང་སྐབས་དེའི་ཕྱིར་དྲན་བརྙན་མིག་ཁྲོད་ན་ཅུང་བསྐྱར་ཟློས་འདུག སྦྱིན་པ་ཇ་ཁང་དུ་ཐོན་རྗེས་སྒེའུ་ཁང་ནས་ཕྱིར་རོལ་ཏུ་ལྟ་བའི་སྐབས་ཀྱི་ཕྱིའི་ཁོར་ཡུག་ཁྲོད་ཀྱི་དངོས་པོ་དང་སྐྱེ་འགྲོའི་བྱ་འགུལ་ནི་ལག་དམར་སྦྱིན་པའི་གནས་ཚུལ་ཕྱིར་དྲན་སྐབས་ཀྱི་བརྙན་མིག་གཉིས་ཀ་འདྲ་མཚུངས་སོང་འདུག ཁ་གསལ་བོ་བཤད་ན་ལག་དམར་སྦྱིན་པ་ཇ་ཁང་དུ་ཡོང་བའི་རྗེས་ཀྱི་ཁོའི་རྒྱབ་ལོག་གི་རྒྱན་འཇོག་པའི་སྐབས་ཀྱི་བརྙན་མིག་དང་གཡས་ཀྱི་བགྲེས་པོའི་ཁ་བརྡ། སྒེའུ་ཁང་ནས་ཕྱི་རོལ་ཏུ་བལྟས་པའི་ཕྱི་རོལ་གྱི་བྱ་དངོས་དང་དེའི་འགུལ་སྐྱོད་སོགས་བསྐྱར་བཟླས་ལ་སོགས་འདུག 

དེ་བས་འདི་དག་ནི་བཟང་ཕྱོགས་དང་ངན་ཕྱོགས་གཉིས་སུ་བསམ་གཞིགས་བྱེད་ཆོག་སྙམ། ཁོ་བོར་མཚོན་ན་གློག་བརྙན་སྒྱུ་རྩལ་གྱི་ཕྱོགས་ན་རྒྱུན་ཤེས་ཙམ་ཡང་མེད་པས་འདི་དག་གི་སྒྱུ་རྩལ་རང་བཞིན་ལ་གོ་བ་ལེན་མ་ཐུབ་པ་རེད་སྙམ་ཡོད། གློག་བརྙན་འདི་བལྟས་ཚར་རྗེས་སྐབས་རེར་སང་རས་ཀྱིས་བཏུམ་པའི་རིན་པོ་ཆེ་ཞིག་ཏུ་འདོད། གཞན་ཁེད་དང་གབ་ཚིག་གང་རུང་གི་ལན་ལྟ་བུ་རང་ཉིད་ཀྱིས་ཁེད་ཀྱིན་མེད་པའི་ཚོར་བ་ཞིག་འདུག 

   མིག་སྔར་ང་ཚོའི་བོད་མི་རིགས་ཀྱི་སྒྱུ་རྩལ་ལས་རིགས་ཀྱི་ཕྱོགས་ནས་སྔོན་མ་དང་བསྡུར་ན་དར་རྒྱས་དང་འཕེལ་རྒྱས་བླ་ན་མེད་པ་ཞིག་དུ་འགྲོ་བཞིན་པ་མ་ཟད། ལྷག་པར་བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་ཕྱོགས་ནས་སྐུ་ཞབས་པདྨ་ཚེ་བརྟན་དང་སྐུ་ཞབས་ཟོན་ཐར་རྒྱལ་གཉིས་ལྟ་བུའི་བོད་པ་མང་བོ་ཞིག་གིས། རང་མི་རིགས་ཀྱི་གློག་བརྙན་སྒྱུ་རྩལ་འདི་མི་རིགས་ནས་རྒྱལ་ཁབ། རྒྱལ་ཁབ་ནས་རྒྱལ་སྤྱིའི་ཕྱོགས་སུ་ཁྱེར་ནས་འགྲོ་བཞིན་མཆིས། དེ་བས་མ་འོངས་པར་ཁོ་རྣམ་པ་གཉིས་ལྟ་བུའི་གློག་བརྙན་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ། འཁྲབ་སྟོན་པ་རེ་བ་ཅན་རེ་གངས་ཅན་ཁ་བའི་ལྗོངས་ནས་འཁྲུངས་ཤིང་འཛམ་གླིང་གི་ཕྱོགས་སུ་ཁོམ་ཁ་བསྒྱུར་ཐུབ་པའི་བཀྲ་ཤིས་སྨོན་འདུག་ཞུ།

  ༢༠༡༩/༠༥/༢༨མཚན་གུང་གྲུབ།

དཔྱད་མཆན་ཡོད།