འཛམ་གླིང་གློག་བརྙན་སྒྱུ་རྩལ་ལ་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་བྱུང་བ་ནི་མིའི་རིགས་ཀྱི་མཛེས་དཔྱོད་དང་རིགས་ལམ་འཐབ་རྩོད་བྱས་པའི་བརྙན་མིག་སྒྱུ་རྩལ་གྱི་བྱུང་བ་ཡིན། གློག་བརྙན་ལག་རྩལ་ལོ་རྒྱུས་ལ་ལོ་ངོ་ཉིས་བརྒྱ་ཉེ་བའི་དུས་རིམ་ནི་ལག་རྩལ་གསར་འབྱེད་ཀྱི་འདས་པའི་བྱུང་བ་ཡིན། བྱུང་རིམ་དེ་དག་ལས་བསྐྱེད་པའི་འཚོ་གནས་ནི་གློག་བརྙན་གྱི་འཚོ་གནས་ཡིན། འཚོ་གནས་ཀྱི་བར་སྟོང་དང་དུས་ཚོད་ཤོར་བ་ནི་གློག་བརྙན་གྱི་འཆི་ལམ་རྐྱང་རྐྱང་བསྙེགས་པ་ཡིན།
གློག་བརྙན་གྱི་འཆི་བ་ལ་རིགས་དང་རིགས་མང་པོ་ཡོད། གློག་བརྙན་ལོ་རྒྱུས་སུ་གློག་བརྙན་ལས་འགུལ་བྱུང་ནས་གློག་བརྙན་གསར་རྙིང་གི་ཤི་གསོན་བསྡུར་བ་དང་སྔ་རབས་གློག་བརྙན་གྱི་སྐད་བརྡ་ཡིས་ཕྱི་རབས་གློག་བརྙན་གསར་བའི་ཚབ་བྱེད་མི་ཐུབ་པའི་གློག་བརྙན་གྱི་བསྒྲགས་གཏམ་ཡང་བྱུང་མྱོང་། གློག་བརྙན་གྱི་འཆི་བ་ལ་འབྲེལ་བའི་འཆི་ལུགས་ཁ་ཁ་ཡིན་ཏེ། དཔེར་ན། གློག་བརྙན་ལས་འགུལ་དང་གློག་བརྙན་རང་ལུགས། གློག་བརྙན་བསྒྲགས་གཏམ། གློག་བརྙན་འཚོལ་ཞིབ་ཀྱི་རྣམ་པ་བརྒྱུད་ནས་གློག་བརྙན་དཔེ་མཚོན་ཅན་གསོན་བཞེངས་དང་། གློག་བརྙན་རྙིང་ཤས་འཆི་ལམ་དུ་བརྫངས་པའང་ཡོད། དེ་ནི་གློག་བརྙན་ལོ་རྒྱུས་ཁྲོད་ཀྱི་འཆི་ལུགས་ཤིག་ཡིན།
དེ་ཡང་ཕྱི་ནང་གི་རྐྱེན་འགྱུར་ཐད་ནས་བལྟས་ན། གློག་བརྙན་གྱི་འཆི་བ་ལ་འཆི་ལུགས་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཕྱི་རྐྱེན་གྱི་སྒྲོམ་གཞི་ཡིན། སྒྲོམ་དེ་ནི་མིའི་སྒེར་གཅོད་དང་སྒྲིག་འཛུགས་ལས་བྱུང་བའི་བདག་དབང་ལ་འབྲེལ་བ་ཡོད། གལ་སྲིད་གློག་བརྙན་ཡག་ཤོས་གང་ཞིག་ཕབ་སྐྲུན་གྱི་སྙན་ཞུའི་རིམ་པ་ལ་ཆོག་མཆན་མ་ཐོབ་ཚེ། ཆེས་ཡིད་དུ་འོང་བའི་བརྩམས་ཆོས་ཀྱི་ཚེ་སྲོག་འགག་སོང་བ་ནང་བཞིན་གློག་བརྙན་འཁྲབ་ཁྲིད་པ་དང་དཔུང་སྡེ་ཞིག་ལ་གོད་ཆག་བྱུང་བ་ཡིན། ཅིག་ཤོས་ནི་ནང་རྐྱེན་ཡིན། ནང་རྐྱེན་ནི་ཡུལ་དུས་གཉིས་ཡིན། གློག་བརྙན་གང་ཞིག་ལེགས་འགྲུབ་བྱུང་ཡང་དེ་ལ་འགྲེམ་བརྙན་གྱི་དུས་ཚོད་དང་གློག་བརྙན་ཁང་གི་བར་སྟོང་མེད་ཚེ། གློག་བརྙན་གང་དེ་དུས་ཚོད་ཀྱི་ཁ་ཟས་སུ་འགྱུར་འགྲོ་བ་ཡིན་ལ། བརྩམས་ཆོས་དེ་ཉིད་ཤུལ་མེད་རྗེས་མེད་དུ་འགྱུར་ཉེན་ཆེ་བས། དེའང་གློག་བརྙན་དུར་སྦས་བྱེད་སྟངས་ཤིག་ཅི་ལ་མིན།
ཚེ་ཐག་རིང་བའི་གློག་བརྙན་ནི་དུས་ཚོད་ཁོ་ནས་ར་སྤྲོད་བྱས་པ་མིན། གཙོ་བོ་གློག་བརྙན་རང་སྟེང་དུ་གནས་པའི་མཛེས་སྡུག་གི་བསླུ་བྲིད་ཡིན། བསླུ་བྲིད་ཀྱི་ཐབས་རྩལ་ནི་མིའི་མིག་འབྲས་སུ་སྨིན་པའི་མཛེས་སྡུག་གི་བརྙན་ཡོལ་མཚར་སྒྲུང་དུ་གྱུར་པས། གློག་བརྙན་གང་དེས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བདེན་དོན་གྱི་མཛེས་པ་བཞེངས་ངེས། མི་སེམས་ལ་བརྗེད་མེད་ཀྱི་དྲན་ཤིང་འཇོག་པ་དེའང་གློག་བརྙན་ཞིག་གི་ཚད་གཞི་དང་བདེན་པ་ཡིན། ཏག་ཏག་དངོས་ཡོད་ཀྱི་འཐབ་ར་ལས་གློག་བརྙན་གྱི་ཐར་ལམ་བརྙེས་སོང་བ་ཡིན།
གློག་བརྙན་ནི་ལོ་རྒྱུས་ཀྱི་མཐའ་འབྲས་ཡིན་ཡང་། དུས་སྐབས་མི་འདྲ་བའི་མཐོང་སྣེ་ནས་གློག་བརྙན་ནི་གཟུགས་འཛིན་གྱི་ཐབས་ལམ་མི་འདྲ་བ་དང་བརྡ་རྟགས་མི་འདྲ་བ་ཡིན། འཁྲབ་ཁྲིད་པ་གང་ཞིག་ལ་འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་བརྒྱའི་རྣམ་དཔྱོད་དང་ཤེས་རྟོགས་མེད་ཚེ། གློག་བརྙན་རང་ངོས་ཀྱི་བརྙན་མིག་དང་བརྙན་ཐབས་ལ་དགོད་སྒྲུང་གི་ལེ་ཚན་ལས་མེད། དེ་བས། འཁྲབ་ཁྲིད་པ་ནི་གློག་བརྙན་གྱི་རྣམ་ཤེས་ཡིན། རྣམ་ཤེས་དང་བྲལ་བའི་གློག་བརྙན་ལ་སྒྱུ་རྩལ་གྱི་ཕྲ་ཕུང་ཐམས་ཅད་ཤི་ཚར་བ་ཡིན།
བརྙན་དཔྱད་དང་གློག་བརྙན་གྱི་འབྲེལ་ཆོས་ནི་གཏན་ཚིགས་ཀྱི་འཁོར་ལམ་ཡིན། གློག་བརྙན《འཕོ་ལྷུང་》ལ་བརྙན་དཔྱད་ཀྱི་སྡེ་དང་སྨྱན་གཟུགས་ཀྱི་སྡེ་དུས་གཅིག་ཏུ་སྟོང་ཕྲག་གཉིས་ལྷག་བརྒལ་བས། འཛམ་གླིང་གི་ཡུལ་ཁམས་དང་མངའ་སྡེ་སོ་སོར་གློག་བརྙན་དེ་ཡིས་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་བཟོས་པ་མ་ཟད། གློག་བརྙན་སྤ་སེ་ཉོ་ཚོང་ལ་ཨ་སྒོར་ཚད་རིམ་དུང་ཕྱུར་ཉེར་བརྒྱད་ལ་བརྒལ་བྱུང་། གལ་སྲིད་གློག་བརྙན་རང་ངོས་ཀྱི་ཁྱད་གཞི་མེད་པ་དང་ལྟད་མོ་བའི་གྲངས་ཀ་ཤོར་བ། བརྙན་དཔྱད་ཀྱི་དཔུང་སྡེ་ཆད་པ། སྨྱན་མང་གཟུགས་ཀྱི་འགྲེམ་བརྡ་དབེན་ཚེ། གློག་བརྙན་དེའང་དུར་སྦས་བྱས་ཡོད་པ་གདོན་མི་ཟ།
སྤྱི་ཚོགས་ནི་མི་རེ་རེའི་གྲིབ་གཟུགས་ཡིན། གྲིབ་གཟུགས་ནི་མ་གཞི་ནས་མུན་ནག་ཡིན། གློག་བརྙན་གྱི་ལམ་ནས་འོད་བཙལ་བ་དེ་ནི་གློག་བརྙན་གྱི་གདམ་ཀ་དང་འཚོལ་སྟངས་ཡིན། རྒྱུ་མཚན་སྒྱུ་རྩལ་བ་ནི་མཇུག་མཐའི་བདེན་དོན་སྲུང་མཁན་གྱི་བདག་ཉིད་ཡིན་པས། འོད་ཁམས་ཀྱི་ལམ་ནས་མིའི་ནང་སེམས་ཀྱི་སྤང་བླང་དང་སྤྱོད་འཇུག་གི་སྙིང་བོ་བརྙན་ཡོལ་ལས་བཞེངས་ཤིང་བརྙན་མིག་ལས་འཚོལ་བ་ཡིན་མོད། འོན་ཀྱང་། སྤྱི་ཚོགས་ཀྱི་ཟ་དང་ཟུར་སྣེ་མང་པོ་ཞིག་ན་སྒྱུ་རྩལ་གློག་བརྙན་སྔར་བཞིན་འབུ་སྲིན་གྱིས་ཁེབས་པའི་སེང་གེའི་རོ་དང་མཚུངས་སོ། །
ཟུར་བཀོད།
རྩོམ་པ་པོའི་བརྩམས་ཆོས་གཞན་དག་བཀླག་འདོད་ཚེ། གོང་ལྟར་དྲ་བའི་བཤེར་འཚོལ་ནང་རྩོམ་པ་པོའི་མིང་གཏགས་ནས་གནད་ཚིག་ལྟར་གདམ་རྗེས་ཐད་ཀར་ཀློག་ཐུབ།
དཔྱད་མཆན་ཡོད།