ལུང་ནག་ན་ཞེས་པའི་གློག་བརྙན་གྱི་དབུས་དང་མཐའ།

微信图片_20220110110549.jpg

དང་པོ། གློག་བརྙན་གྱི་དབུས།

༡.གློག་བརྙན་གྱི་སྤྱིའི་ནང་དོན།

        ལུང་ནག་ན་ཞེས་པའི་གློག་བརྙན་གྱི་འདིར་དགེ་རྒན་གྱི་ལས་རིགས་ལ་དེ་འདྲའི་སྤྲོ་བ་མེད་པའི་གྲོང་ཁྱེར་གྱི་ན་གཞོན་ཞིག་གྲོང་གསེབ་དུ་དགེ་རྒན་དུ་མངགས་ཤིང་། ཨོ་རྒྱན་འགྲོ་འདོད་མེད་ནའང་ལོ་ལྔའི་ལས་གནས་ཀྱི་གན་རྒྱ་རྫོགས་མེད་པས་མི་འགྲོ་ཐབས་མེད་དུ་ཆགས། ཨོ་རྒྱན་ལུང་ནག་ནར་ཐོན་མ་ཐག་འཚོ་བ་དང་ཕྱོགས་གང་ཅིའི་ཐད་ནས་ཡི་མ་རངས་བར་ཕྱིར་གྲོང་ཁྱེར་དུ་འགྲོ་འདོད་ཀྱང་འདང་རྒྱབ་མཐར་གནས་དེ་གར་ཡུན་ཙམ་ལ་འདུག་པར་སེམས་ཐག་བཅད་ནའང་བློ་ཕུགས་སུ་རྒྱང་རིང་དང་ཕུགས་བསམ་གཞན་ཞིག་ཉར་ཡོད། ཨོ་རྒྱན་གྱིས་ལུང་ནག་ནར་འཚོ་བའི་དཀའ་ངལ་མཐའ་དག་སེལ་ཅི་ཐབས་བྱས་ནས་སློབ་མ་རྣམས་ལ་སློབ་ཁྲིད་བྱས་ཏེ་ནམ་ཟླ་ཇེ་འཁྱག་ཏུ་ཕྱིན་ཅིང་། རྟིང་མར་ཨོ་རྒྱན་ཡུན་རིང་ལ་བློ་ཕུགས་སུ་ཉར་བའི་རྒྱང་རིང་བའི་གནས་ཤིག་ཏུ་ཆས་པའི་གཏམ་རྒྱུད་ཅིག་བརྗོད་གཞི་བྱས་ཡོད།

༢.གཏམ་རྒྱུད་ཀྱི་སྒྲིག་གཞི།

          གློག་བརྙན་འདིའི་གཏམ་རྒྱུད་ཀྱི་སྒྲིག་གཞི་ནི་བབ་ཆགས་ཤིང་འགྲོས་ལྷོད་པ། བྱུང་རིམ་འཐུས་སྒོ་ཚང་བ། མི་སྣའི་སེམས་ཁམས་ཀྱི་འགྱུར་བ་ཤུགས་ཆེ་བ་དང་གློག་བརྙན་མགོ་བརྩམས་མ་ཐག་རི་མགོ་སྨུག་པས་གཡོགས་ཤིང་ལྗང་ནེམ་ནེམ་གྱི་ནེའུ་གསེང་དང་ནགས་ཚལ་གཞི་གཅིག་ཏུ་འདྲེས་པའི་རི་རབ་ཀྱི་མདུན་དུ་འབྲུག་པའི་ཆ་ལུགས་སྤྲས་པའི་བུད་མེད་ཅིག་གི་རྒྱབ་གཟུགས་མངོན་ཡོང་ལ། བུད་མེད་དེས་འབྲུག་རྒྱལ་ཁབ་ཀྱི་དབྱངས་འགྲོས་སྙན་པའི་དམངས་གཞས་ཤིག་བླངས་བས་ལྟད་མོ་བའི་ཚོར་ཤེས་གློག་བརྙན་གྱི་ཁྲོད་དུ་འདྲེན་པར་བྱེད་ནུས་བླ་ལྷག་ཅིག་ཐོན་ཡོད།བུད་མེད་དེའི་རྒྱབ་གཟུགས་མ་གཏོགས་མི་མཐོང་དེས་ཀྱང་ལྟད་མོ་བར་ལྐོག་གྱུར་དང་གསང་བའི་བརྡ་ཞིག་སྤྲད་དེ་སྔར་ལས་ལྷག་པའི་གློག་བརྙན་དེར་བལྟ་འདོད་ཀྱི་འདུན་པ་ཤུགས་དྲགས་འཕེལ་ཐུབ། དེ་མིན་གློག་བརྙན་གྱི་མཐོ་རླབས་ཀྱི་སྐབས་སུ་འགལ་འདུ་ཤུགས་དྲགས་མཚོན་པར་བྱས་ཤིང་།སྤྱིའི་བྱུང་རིམ་ལ་མཚོན་ཐབས་མང་པོ་ཞིག་སྤྱད་ཡོད། བརྩེ་དུང་དང་སྡེབ་དབྱངས། གྱེས་བྲལ། ཨུ་ཚུགས་དང་བཟོད་བསྲན། རྒྱང་རིང་དང་ཕུགས་བསམ་སོགས་ཀྱིས་མཚོན་པར་བྱས་ཡོད། དེ་ནི་གློག་བརྙན་གྱི་སྒྲིག་གཞིའི་ཁྱད་ཆོས་དང་། མདོར་ན་གློག་བརྙན་གྱི་སྒྲིག་གཞི་ནི་གློག་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་རིགས་ཤིག་རེད།

༣.འཁྲབ་ཁྲིད་པའི་ལྟ་བ།

          གློག་བརྙན་གང་ཡིན་ཡང་སྤྱིའི་ཆ་ནས་འཁྲབ་ཁྲིད་པའི་ལྟ་བ་ཤུགས་ཆེ་བར་མངོན་ཡོད་པར་འདོད། ལུང་ནག་ན་ཞེས་པའི་གློག་བརྙན་ཡང་དེ་ལས་མ་འདས། གློག་བརྙན་གྱི་མགོ་མཇུག་བར་གསུམ་དུ་སློབ་གསོའི་གལ་ཆེན་རང་བཞིན་མཚོན་པར་བྱས་ནས་ཡོད་ལ། སློབ་གསོའི་གལ་འགངས་ནི་འཁྲབ་ཁྲིད་པའི་ལྟ་བ་དང་གློག་བརྙན་གྱི་བརྗོད་བྱའང་ཡིན་པར་འདོད་ཡོད།

༤.ཁ་བཏགས་ཡུག་གཅིག་གི་ལེགས་སྐྱེས།

          ཨོ་རྒྱན་སྙིང་ཉེ་བའི་དགའ་མ་དང་ནང་མི་སོགས་ལ་གྱེས་ཏེ་བློས་མི་ཐོངས་ཐམས་ཅད་བློས་བཏང་ནས་གྲོང་ཁྱེར་དང་ཁ་ཐག་རིང་བའི་ལུང་ནག་ནར་དགེ་རྒན་དུ་ཕེབས་ཤིང་། དུས་ཡུན་རིང་ཙམ་ཕྱིན་རྗེས་གནས་དེ་དང་བྲལ་མི་འདོད་པའི་ཞེན་ཆགས་དང་བརྩེ་དུང་གི་རྣམ་འགྱུར་གྱིས་མཚོན་པའི་མིག་མདངས་ལས་མི་མངོན་པའི་གསང་ཚིག་ཅིག་ཀྱང་བསྐུངས་འདུག  དེ་ལྟ་ནའང་སྐར་ཚོགས་བཞིན་འདུས་ཤིང་སྐར་ཚོགས་བཞིན་བྲལ་དགོས་པ་ནི་ལས་དབང་ཞིག་དང་གྱེས་བྲལ་གྱི་མདུན་དུ་མི་ནི་ཉམ་ཆུང་བ་ཞིག་རེད། དེ་བས་བུད་མེད་དེས་ཀྱང་གྱེས་བྲལ་གྱི་མདུན་ནས་ཧ་ཅང་ཉམ་ཆུང་བའི་ཟོལ་གྱིས་ཁ་བཏགས་ཡུག་གཅིག་གི་ལེགས་སྐྱེས་སུ་ཕུལ་ནས་ནམ་ཞིག་སླར་ཡང་ལྷན་འཛོམས་ཀྱི་དུས་ཤིག་ལ་སྨོན་པ་བཏབས། འདི་ནི་ཡིད་འགུལ་ཐེབས་ཤིང་ཕན་ཚུན་བློས་མི་ཐོངས་བའི་རྣམ་འགྱུར་དེ་ནི་གློག་བརྙན་གྱིས་ང་ཚོར་གནང་བའི་སེམས་ཀྱི་བསམ་གཞིག་དང་མིག་གི་ལོངས་སྤྱོད་ཅིག་ཀྱང་ཡིན་ངེས།

༥.ལྷ་གཡག་དང་དྲིན་གཟོ།

         ལྷ་གཡག་དང་སློབ་ཁང་གི་བར་དུ་སྐད་ཆའི་མཚོན་ཐབས་མེད་པའི་བྱམས་བརྩེ་ཞིག་དང་མདོར་ཐབས་མེད་པའི་ཁྲེལ་གཞུང་ཞིག་ཡོད་པས་ལྷ་གཡག་ཀྱང་སློབ་ཁང་དུ་དགེ་སློབ་དང་ལྷན་དུ་བདེ་སྡུག་མཉམ་ཁུར་བྱས་ཆོག་པར་གྱུར། དེ་ནི་ལུང་ནག་ནའི་མི་སེར་གྱིས་ཚེ་སྲོག་ལ་བཟུང་བའི་འདུ་ཤེས་དང་ལྷག་པར་ལྷ་གཡག་ལ་བཟུང་བའི་འདུ་ཤེས་ཤིག་མཚོན་གྱིན་འདུག  འདི་ནི་དཔལ་ལྡན་འབྲུག་པ་རྒྱལ་ཁབ་ཀྱི་ཁྱད་ཆོས་ཤིག་དང་བསྡུས་གཟུགས་ཤིག་ཀྱང་རེད།

༦.འགལ་འབྲེལ་གྱི་ཆ།

         གློག་བརྙན་ཁྲོད་ཀྱི་འགལ་འབྲེལ་ནི་གཏམ་རྒྱུད་ཀྱི་རམ་འདེགས་ལྟ་བུ་ཡིན། དཔེར་ན་ཨོ་རྒྱན་དང་ནང་མིའི་བར་གྱི་འབྲེལ་བ། ཨོ་རྒྱན་དང་ཕུགས་བསམ་གྱི་བར་ཐག འཚོ་བའི་གནོན་ཤུགས་ཀྱིས་གཏན་རྒྱུད་ལ་ཁ་གསལ་གོ་བདེའི་ངང་ནས་རམ་འདེགས་བྱ་ནུས། འགལ་བ་ལས་གཏམ་རྒྱུད་མགོ་བརྩམས་ཤིང་། འགལ་བ་ལ་བརྟེན་ནས་འབྲེལ་བ་གྲུབ་ཅིང་འགལ་བ་བརྟེན་ནས་གཏམ་རྒྱུད་ཀྱི་མཐོ་རླབས་འཕྱུར་མགོ་ཚུགས་པ་ཡིན། དེ་ནི་མཚོན་ཐབས་ཤིག་དང་འཆར་ཡན་གྱིས་ཕྱུག་པའི་སྒྱུ་རྩལ་རིགས་ཤིག་གོ།།

微信图片_202201101105491.jpg

གཉིས་པ། གློག་བརྙན་གྱི་མཐའ།

མྱོང་བ་ཕྲན་བུ།

          ངའི་མི་ཚེ་འདིར་ཕྱི་རོལ་ནས་སྨུག་ལང་ལོང་ཆར་ཟམ་ཟིམ་ཁྲོད་དུ་བརྙན་ཡོལ་རླུང་གིས་སྒུལ་ཞོར་སྐྱ་སེར་སྟོང་ཕྲག་གཅིག་ལྷག་དང་མཉམ་དུ་གློག་བརྙན་ལ་བལྟས་པ་ནི་ཐེངས་དང་པོ་ཡིན། དེ་བས་གློག་བརྙན་ཁང་སོགས་ནས་བལྟས་པ་དང་མི་འདྲ་བར་ཚོར་བ་དམིགས་བསལ་རེ་ཡོང་གིན་འདུག  སློབ་གླིང་འདི་གའི་སློབ་མ་མང་ཤོས་ཀྱིས་གློག་བརྙན་ལ་ལྟ་བ་ནི་སློབ་སྦྱོང་གི་ངལ་དུབ་སེལ་ཕྱིར་ཡིན། འོན་ཀྱང་ངས་དེ་ལྟར་དུ་འདོད་ཀྱིན་མེད། གློག་བརྙན་ལ་ལྟ་བ་ནི་གློག་བརྙན་སློབ་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་གྱིན་ཡོད། ཉེ་བའི་ཆར་གློག་བརྙན་ནི་འཛམ་གླིང་ཐུན་མོང་གི་བརྡ་སྤྲོད་ཅིག་ཏུ་ངོས་འཛིན་གནང་གི་ཡོད་ལ། བརྙན་གཟུགས་དུས་རབས་འདིར་དེ་ལྟར་དུ་ངོས་འཛིན་གནང་ཡང་ཆོག་པ་འདྲ།

              ལུང་ནག་ན་ཞེས་པའི་གློག་བརྙན་གློག་འདི་ནི་ཡུལ་ལྗོངས་ཀྱི་མཛེས་པ་དང་ཡིད་སེམས་འགུལ་བའི་མི་སྣའི་བྱམས་བརྩེ། སློབ་གསོའི་གནས་བབས། ལོག་ཕེབས་དང་གྱེས་བྲལ། དྲིན་བཟོ་མཚོན་པའི་བསྟོད་གླུ་སོགས་མདོར་ན་འཆར་ཡན་གྱིས་ཕྱུག་པའི་གཏམ་རྒྱུད་ཡག་ཤོས་ཤིག་རེད།    ལུང་ནག་ན་ཞེས་པའི་གློག་བརྙན་ལ་བལྟས་རྗེས་ངས་བརྩེ་དུང་དང་གྱེས་བྲལ། རྒྱང་རིང་དང་ཕུགས་བསམ། དྲིན་གཟོ་དང་བྱམས་བརྩེ། གཙང་བོ་དང་གངས་རི་སོགས་ཕྱི་ནང་གི་ཆ་གཉིས་སུ་ཕྱེས་ཆོག་པར་འདོད། དེ་ནི་གློག་བརྙན་གྱི་ཁྲོད་དུ་བརྩེ་དུང་དང་གྱེས་བྲལ། རྒྱང་རིང་དང་ཕ་ཡུལ་གྱི་བར་དུ་རང་གི་ཕུགས་བསམ་ཁོ་ན་བློས་མི་ཆོད་པ་ནི་ཕྱི་ནང་གི་འགལ་འབྲེལ་རིགས་ཤིག་རེད། ན་གཞོན་དག་རྒྱང་རིང་ལ་འཁྲང་ཞིང་རྒྱང་རིང་ནས་ཅི་ཞིག་ལྷག་སོང་བ་ལྟ་བུའི་རེ་འབྲས་ཤིག་ཡོད་པ་ནི་ཡིད་ཆེས་ཀྱི་སེམས་ཁམས་ཤིག་རེད།   ཡང་ན་བསྡུས་གཟུགས་ཤིག་རེད།     ཕན་ཚུན་འབྲལ་མི་ཐུབ་པའི་ཟོལ་གྱིས་ཧ་ཅང་ཉམ་ཆུང་བའི་ངོ་གདུང་ནི་ཅི་འདྲའི་སྙིང་ཉེ་བ་ཞིག་རེད་ཨང་། གློག་བརྙན་འདིའི་གྱེས་བྲལ་གྱི་ངོ་གདོང་ནི་ང་རང་ཕ་ཡུལ་དང་གྱེས་ཁའི་ཨ་མའི་ངོ་གདོང་དང་འདྲ་བར་ཧ་ཅང་བློས་མི་ཆོད་པའི་བྱམས་བརྩེ་དེར་འདྲ་ཨང་། དེ་མིན་ངག་གི་མཆོད་པས་ལྷ་གཡག་ལ་བསྟོད་གླུ་བླངས་ཤིང་ཉམ་ཆུང་བའི་ཚེ་སྲོག་རེ་རེ་དྲང་ཐིག་གཅིག་གི་ལྟ་བ་བཟུང་ནས་བྱམས་བརྩེ་བླ་ལྷག་ཅིག་མངོན་པར་བྱས་ཡོད་དེ་མི་དང་སྲོགས་ཆགས་བར་དུ་མཐོ་དམན་གྱི་ཁྱད་པར་ཆེ་ཞིག་མེད་པ་དེས་འབྲུག་པའི་བྱམས་བརྩེ་དང་ཁྲལ་གཞུང་མཚོན་ཞིང་། གཙང་བོ་དང་ཟམ་པ། གངས་རི་གཞི་གཅིག་ཏུ་སྤྲེལ་བའི་ཡུལ་ལྗོངས་ཀྱི་མཛེས་པ་ནི་ང་ལ་མཚོན་ན་གློ་བུར་དུ་དང་ལེན་ཡང་བྱ་ཐུབ་མེད་པ་རེད། དང་ལེན་བྱེད་ཐུབ་མེད་པའི་མཛེས་པ་དེ་ནི་བདེ་སྐྱིད་ཅིག་རེད། ངས་གློག་བརྙན་ལས་མཛེས་པ་གཞན་ཞིག་མཐོང་བྱུང་། དེ་བས་གློག་བརྙན་ལ་རོལ་བ་ནི་སེམས་ཀྱི་ལོངས་སྤྱོད་ཅིག་རེད།

  微信图片_202201101105492.jpg

 ༢༠༢༡-༤-༡༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་བྲིས། 

རྒྱ་ཡིག་གིས་གློག་བརྙན་འདིའི་མིང་ལ་教室里的一头牦牛ཟེར།


                  གློག་བརྙན་གཟིགས་གནས། 

https://mp.weixin.qq.com/s?__biz=MzA5MjAwNjMzOA==&mid=2649783725&idx=1&sn=8e52e1e1ec27144dc14602636475d3be&exportkey=AUgNQr7gfWX0qFNn5a6mce0%3D&acctmode=0&pass_ticket=mxo2CSnMUaHAaAdT5wCp86T3uIlyt9hU5rsBhTfTJF6TvRAYNGVRxi08TWQjzW%2F0&wx_header=0

དཔྱད་མཆན་ཡོད།