«རྟ་སྐྱོགས»དང«ཁྱི་རྒན»གཉིས་ཀྱི་བསྡུར་བ་ལས་འདྲ་བའི་ཆ་གླེང་བ།

 


   རྟ་སྐྱོགས༼Urga༽ནི་སྤྱི་ལོ༡༩༩༡ལོར་ཨུ་རུ་སུའི་གློག་བརྙན་འཁྲབ་ཁྲིད་པ་ནཱེ་ཁི་ཐཱ་མཱེ་ཡཱ་ཁཱོ་ཧྥུས༼Nikita Mikhalkov༽སོག་པོའི་རྩྭ་ཐང་གི་འབྲོག་པའི་འཚོ་བ་བརྗོད་བྱ་བྱས་པའི་དུས་ཡུན་སྐར་མ་བརྒྱ་དང་བཅོ་བརྒྱད་ཡོད་པའི་རིག་རྩལ་གློག་བརྙན་ཞིག་སྟེ། ཨུ་རུ་སུ་བ་ཤེར་ཀེའི་རླངས་འཁོར་རྩྭ་ཐང་ནས་ཆུ་འདམ་ལ་ཟུག་པ་མགོན་པོས་རོགས་བྱས་ཏེ་ཆུ་འདམ་ལས་བླངས་པ་མ་ཟད། ཤེར་ཀེ་རང་ཁྱིམ་དུ་བསུས་ལ་ལུག་གཅིག་བཤས་ནས་སྣེ་ལེན་གཟབ་རྒྱས་བྱས་པས་ཁོ་གཉིས་གྲོགས་པོ་བཟང་པོར་ཆགས།  རྗེས་སུ་མགོན་པོ་ཤེར་ཀེ་དང་མཉམ་དུ་གྲོང་ཁྱེར་ལ་ཡོང་ནས་རང་ཉིད་ཀྱི་འཚོ་བའི་མཁོ་ཅ་སྒྲུབ་དུས། ཆུང་མས་རང་ཉིད་ལ་གཏད་པའི་སྦྲུམ་འགོག་འགྱིག་ཁུགས་རྐྱེན་ག་གེ་མོའི་དབང་གིས་ཉོ་མ་ཐུབ་པར་མ་ཟད། ཤེར་ཀེ་དང་མཉམ་དུ་ཆང་ཁང་ལ་སོང་ནས་དོན་དག་ཕུད་ཅིང་། ཉེན་རྟོག་པས་ཤེར་ཀེ་བཀག་བསྐྱིལ་བྱས་པའི་སྔ་གཞུག་གི་དོན་དག་དང་། མགོན་པོ་རང་ཡུལ་ལ་ལོག་པའི་གནས་ཚུལ་སོགས་ཕབ་ཡོད་ལ། གློག་བརྙན་འདིར་ཨོ་སི་ཁཱའི་གསེར་གྱི་གོ་ལའི་བྱ་དགའ་ཐོབ་མྱོང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ཀྱི་ཁྱི་རྒན་ནི༢༠༡༠ལོར་ཕབ་ནས་འགྲུབ་ཅིང་། ༢༠༡༡ལོར་དངོས་སུ་ཚོང་རར་འགྲེམ་སྤེལ་བྱས་ལ་དུས་ཡུན་སྐར་མ་དགུ་ཅུ་ལྷག་ཅན་གྱི་རིག་རྩལ་གློག་བརྙན་ཞིག་ཡིན། དེའི་ནང་མགོན་པོ་ཕ་བུས་དཔལ་འབྱོར་གྱི་གཡོ་ཧམ་ཆེ་བའི་འཚོ་བའི་ཁྲོད་དུ་སྒོ་ཁྱིའི་ལས་དབང་གི་ཆེད་དུ་འཐབ་རྩོད་རབས་དང་རིམ་པ་བྱས་པའི་དོན་དག་བརྗོད་བྱ་བྱས་འདུག  ཡང་ནས་བསྐྱར་དུ་གློག་བརྙན་འདི་གཉིས་ལ་བལྟས་པ་ཡིན་ཙ་ན། གློག་བརྙན་གྱི་བརྗོད་བྱ་སོགས་ཁྱད་གཤིས་མང་པོ་ཞིག་གཅིག་པ་གཅིག་རྐྱང་ཡིན་པའི་བཟོ་འདུག

དང་པོ། བརྗོད་བྱའི་སྲོག་འདྲ་བ་སྟེ། ༼ཁྱི་རྒན༽དང༼རྟ་སྐྱོགས༽གཉིས་ལས་དཔལ་འབྱོར་གྱི་འདུ་འགོད་ཁྲོད་ནས་བོད་སོག་གཉིས་ཀྱི་གདོད་མའི་འཚོ་བའམ་སྲོལ་རྒྱུན་སོགས་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་རྒུད་ཟིན་པའམ་ཉམས་བཞིན་པ།  དུས་ཀྱི་འགྲན་ཁ་འདི་ལས་འཕག་འཚག་རྒྱག་བཞིན་པའི་ལས་དབང་ངམ་གནས་བབ་སྐྱོ་བོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་བསྟན་འདུག་ལ། གློག་བརྙན་གཉིས་ཀྱི་དོན་དག་གི་མཇུག་འབྲས་ཐད་ནས་སོག་པོའི་རྩྭ་ཐང་གི་འབྲོག་པའི་འཚོ་བ་ཤུལ་མེད་དུ་སོང་ལ་མཐའ་མར་བཟོ་གྲྭ་འཛུགས་སའི་གནས་སུ་གྱུར་བ་དང་། བོད་ཀྱི་ཁྱི་རྒན་ཡང་ཚོང་རའི་བརྡབ་གསིག་ལས་ཐར་མ་ཐུབ་པར་མཇུག་ཏུ་རང་གི་བདག་པོ་བྱ་ཐབས་ཟད་པའི་དབང་གིས་ལྔ་བའི་ལམ་དུ་བརྫངས་པའི་སྐྱོ་གར་རང་བཞིན་གྱི་མཇུག་བསྐྱངས་ཡོད་པའང་འདྲ་འདྲ་རེད།

གཉིས་པ། གློག་བརྙན་གཉིས་ནང་གི་མི་སྣའི་སྣང་ཚུལ་ཀྱང་གཅིག་པ་གཅིག་རྐྱང་ཡིན་ཏེ། ཞིབ་དུ་ལབ་པ་ན་གློག་བརྙན་འདི་གཉིས་ནང་གི་མི་སྣ་གཙོ་བོའི་མིང་ལ་མགོན་པོ་ཟེར་ཞིང་ཏག་ཏག་མིང་གཅིག་ཏུ་ཁེལ་འདུག གློག་བརྙན་གཉིས་ལས་མངོན་པའི་མགོན་པོའི་འཚོ་བ་དང་གོམས་གཤིས་སོགས་ཀྱང་ཧ་ཅང་འདྲ་པོ་འདུག  ཕྱོགས་གཅིག་ནས་མགོན་པོ་གཉིས་གྲོང་ཁྱེར་དུ་སླེབས་པ་ཡིན་ན། འགྲོ་འདུག་གི་བར་སྟོང་ཆུང་ལ་འཚོ་བའི་གོ་གནས་ཧ་ཅང་དམའ་སྟེ། གྲོང་ཁྱེར་དུ་བོད་ཀྱི་མགོན་པོར་གཅིན་གཏོང་སའི་གནས་ངེས་ཅན་མེད་པ་དང་། སོག་པོའི་མགོན་པོར་ཁྲོམ་གཞུང་ཙམ་ལས་ངལ་གསོས་ནས་འདུག་ས་མེད། བོད་ཀྱི་མགོན་པོས་གྲོང་ཁྱེར་དུ་ཆང་འཐུང་ནས་བཟི་རྗེས་ཁེར་རྐྱང་གིས་བདག་མེད་བཞིན་ཕྱིར་ཡུལ་ལ་ལོག་པ་དང་། ཡུལ་ལ་ལོག་རྗེས་ཀྱི་ཆུང་མར་འཁང་ར་བྱེད་པའི་བྱ་སྤྱོད་ལས་སུ་ཞིག་གིས་ཁོ་ལ་མིའི་རྩིས་ཐང་སྤྲད་མེད་པའི་གནས་ཚུལ་ཤེས་ཐུབ། སོག་པོའི་མགོན་པོ་ཡང་ཆང་ཁང་དུ་སོང་བ་ན། གྲོགས་པོ་ཤེར་ཀེ་ལས་མི་གཞན་གྱི་འཕྱ་སྨོད་བྱ་སའི་གནས་རྐྱང་རྐྱང་ཡིན། ཕྱོགས་གཞན་ཞིག་ནས་སོག་བོད་གཉིས་ཀྱི་མགོན་པོ་གྲོང་ཁྱེར་དུ་ཡོང་པ་ན། ཉི་མ་གཏོང་ཐབས་དང་ཐང་མ་བརྡལ་ཐབས་བྱེད་པ་ལས་གཞན་པའི་དོན་གང་ཞིག་བསྒྲུབས་ཀྱང་གྲོང་ཁྱེར་དུ་གོ་གནས་ངེས་ཅན་ཡོད་པའི་མི་ལ་བརྟེན་དགོས་པའང་མཚུངས་པ་ཡིན་ཏེ།  བོད་ཀྱི་མགོན་པོ་ཁྱི་སྡོམ་བཞིན་ཕར་མྱུལ་ཚུར་མྱུལ་བྱེད་པ་ཙམ་དང་། སོག་པོའི་མགོན་པོ་གྲོང་ཁྱེར་དུ་ཡོང་ནས་བྱིས་པའི་རྩེད་མོར་རོལ་བ་ཁོ་ན་ཡིན། བོད་ཀྱི་མགོན་པོ་གྲོང་ཁྱེར་དུ་ཡོང་ནས་ཁྱི་རྒན་འཚོང་དུས་ཀྱང་ཉེན་རྟོག་ཁང་གི་ཤ་ཉེར་བརྟེན་དགོས་ལ། སོག་པོ་མགོན་པོའི་གྲོགས་པོ་ཤེར་ཀེ་ཉེན་རྟོག་ཁང་གིས་བཟུང་པ་ན། ཁོས་ཡང་གྲོང་ཁྱེར་གྱི་ཤ་ཉེ་ཁྲིད་ནས་ཉེན་རྟོག་ཁང་དུ་འགྲོ་བཞིན་ཡོད། དེ་ཙམ་མ་ཟད་བྱ་བ་ལ་ཤས་ལ་གཡོལ་ནས་འགྲོ་བ་ནི་མགོན་པོ་གཉིས་ཀྱི་ཐུན་མོང་གི་རང་གཤིས་ཡིན་ཏེ། བོད་ཀྱི་མགོན་པོས་རང་ཉིད་ལ་རིགས་རྒྱུད་སྤེལ་བའི་ནུས་པ་མེད་པ་དང་དུ་ལེན་མི་འདོད་པར་གཞོལ་བ་དང་སོག་པོའི་མགོན་པོ་ཁ་སྐྱེངས་ནས་སྦྲུམས་འགོག་འགྱིག་ཁུགས་ཉོ་བར་གཞོལ་བ་འདྲ་འདྲ་ཡིན། གཞན་གློག་བརྙན་འདི་གཉིས་ལས་རྒན་རབས་པ་དང་ལོ་ཆུང་གཉིས་ཀྱི་བསམ་པའི་འཁྱེར་སོ་ཡང་གཅིག་པ་གཅིག་རྐྱང་ཡིན་ཏེ། རང་ཉིད་ལ་གོམས་ནས་ཡོད་པ་ཐམས་ཅད་མཆོག་ཏུ་འཛིན་པ་ནི་རྒན་རབས་པ་སྟེ། བོད་ཀྱི་རྒན་པོས་རྭ་ཙེ་དང་ཁྱི་རྒན་མི་གཏོང་བ་མ་ཟད། རྗེས་རབས་བྱིས་པ་ཞིག་ཡོད་པར་སྙིང་ནས་རེ་བཞིན་ཡོད། སོག་པོའི་རྒན་མོས་ཀྱང་བརྙན་འཕྲིན་ལ་ཁ་ཡ་མི་བྱེད་པ་མ་ཟད། བྱིས་པ་མང་ཐག་ཆོད་པ་ཞིག་ཡོད་པར་རེ་བ་བཅངས་ནས་ཡོད། གློག་བརྙན་གཉིས་ལས་བྱ་དངོས་གསར་བས་ཡིད་སེམས་བཀུག་ནས་དེ་ལ་དགའ་སྣང་ཆེན་པོ་ཡོད་པ་ནི་ལོ་ཆུང་བྱིས་པ་ཡིན། གཞན་བོད་ཀྱི་ཕ་ཤུལ་མ་ཟིན་པའི་ཁྱི་ཉོ་ལྡོམ་པོ་དང་སོག་པོའི་ཆང་འཐུང་ལྡོམ་པོ་པཱ་ཡཱར་ཐི་གཉིས་ནི་ཕ་མེས་ཀྱི་རྒྱུད་སྐྱོང་མ་ཐུབ་ལ་རིག་གནས་གསར་བ་ནང་དུ་འདྲེན་མཁན་གྱི་མཚོན་བྱེད་དུ་བཞག་པའང་གཅིག་པ་རེད།

གསུམ་པ། ༼ཁྱི་རྒན༽དང༼རྟ་སྐྱོགས༽ཀྱི་པར་མིག་ལས་མངོན་པའི་ཞིབ་ཕྲའི་བྱ་དངོས་སོ་སོ་གང་བྱུང་འདི་བྱུང་དུ་བཞག་པ་ཙམ་མ་ཡིན་པར་སུའེ་ཙེར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨེར་མན་བྷ་རེ་མན་དང་ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་སི་ཐན་ལེ་ཁུ་བྷི་རེ་ཁི་གཉིས་ནང་བཞིན་དོན་དག་ག་གེ་མོའི་ཤུགས་བསྟན་སྲོག་གིས་ཕྱུག་ཡོད་ཕྱིར། ལྟད་མོ་བའི་བསམ་གཞིག་གི་བར་སྟོང་ཤིན་ཏུ་ཡངས།  དེ་ལས་པར་མིག་གི་སྒྱུ་རྩལ་མཚོན་སྟངས་སམ་བེད་སྤྱོད་བྱ་སྟངས་ཀྱང་གཅིག་མཚུངས་ཡིན་ཏེ།  དཔེར་ན། པར་མིག་མིའི་གདོང་བར་བཅར་ནས་ནང་སེམས་ཀྱི་འགྱུར་བ་མངོན་པར་མཚོན་ཡོད་པ་དང་། ཁོར་ཡུག་གི་རྣམ་པ་དང་གནས་པ་སྟོན་པར་པར་མིག་རིང་པོ་བཀོལ་ནས་ལྗོངས་ཧྲིལ་བོ་པར་མིག་ཏུ་མངོན་པར་བྱས་ཡོད། གཞན་པར་མིག་གི་བརྙན་ལེན་ཟུར་ཚད་ཆ་བགོས་ནས་བར་སྟོང་གི་ཟིན་ཚད་ཆེ་ཆུང་གིས་མི་སྣའི་གནས་བབ་དང་ཐོབ་ཐང་མཚོན་ཚུལ་ཡང་འདྲ་བར་འདུག་སྟེ། བོད་ཀྱི་སྒོ་བར་ཆུང་ཆུང་ནས་མངོན་པའི་མནའ་མ་ཁྱིམ་ནང་ནས་གོ་གནས་དམའ་བ་དང་གྲོང་ཁྱེར་གྱི་སྲང་ལམ་དོག་མོ་ནས་མངོན་པའི་སོག་པོའི་མགོན་པོ་གྲོང་ཁྱེར་ན་འཚོ་གནས་ཀྱི་བར་སྟོང་ཆུང་བ་ལྟ་བུ་ཤིན་ཏུ་མང་།  ལྷག་པར་དུ་སོག་པོའི་རྩྭ་ཐང་ན་ཁེར་རྐྱང་གིས་བརྒྱུད་པའི་རླངས་འཁོར་དང་བོད་ཀྱི་འབྲོག་ཐང་གི་ལམ་ནང་དུ་འགྲོ་བའི་འཕྲུལ་རྟ་གཉིས་པར་མིག་ལས་མངོན་སྟངས་འདྲ་བ་མ་ཟད། ཤུགས་སུ་མངོན་པའི་གབ་དོན་ཀྱང་འདྲ་བར་འདུག  འཁྲབ་ཁྲིད་པའི་དོན་དག་གི་འབྱུང་ཡུལ་ལམ་རྩྭ་ཐང་གི་འཚོ་བ་མཚོན་ཆེད་མི་སྣ་གཙོ་བོ་གྲོང་ཁྱེར་དང་རྩྭ་ཐང་སྟེ། ཁོར་ཡུག་མི་འདྲ་བའི་སྣེ་གཉིས་ན་འགུལ་སྐྱོད་བྱ་བཞིན་ཡོད་པའང་འདྲ་འདྲ་རེད།

བཞི་བ། ༼ཁྱི་རྒན༽དང༼རྟ་སྐྱོགས༽ གཉིས་ཀྱི་པར་མིག་ལ་བདེན་པའི་ཤུགས་ཆེ་སྟེ། བོད་སོག་གཉིས་ཀྱི་དངོས་ཡོད་འཚོ་བ་དང་གནས་བབ་མཚོན་པའི་རིག་རྩལ་གློག་བརྙན་ཞིག་ཡིན་པའི་ཆ་ནས་ལྟད་མོ་བའི་རེ་བ་དང་འདོད་འདུན། ཚོང་རའི་འཁོར་རྒྱུག་སོགས་ལ་ཁ་ཕྱོགས་པར་རིང་དུ་གྱེས་ནས་དོན་དངོས་འཚོ་བ་ལས་འགལ་བའི་མཛེས་ཆས་དང་རྫུན་བཟོ་གང་ཡང་བྱས་མེད་པར་བོད་སོག་གཉིས་ཀྱི་འགྲོ་སྟངས་འདུག་སྟངས་སོགས་མི་རིགས་ཀྱི་བྲོ་བ་མ་ཡལ་བར་ཇི་བཞིན་བསྟན་ཡོད། དཔེར་ན། འཁྲབ་སྟོན་པ་དེ་ཆེད་ལས་མ་ཡིན་པར་རང་མི་རིགས་ཀྱི་རིག་གནས་ཐམས་ཅད་དང་ཤ་འདྲེས་པགས་འདྲེས་སུ་ཡོད་པའི་མི་སྣ་ཕལ་བ་དག་བདམས་ཡོད་པ་དང་འཁྲབ་ཚིག་མཐའ་དག་བརྙན་ཕབ་ལེན་བྱ་སའི་ས་ཁོངས་ཀྱི་སྐད་ཆ་དེ་ག་རང་གཞིར་བཟུང་ནས་བརྙན་དུ་བཅུག་ཡོད། དེ་བས་གློག་བརྙན་འདི་གཉིས་ནི་བོད་སོག་མི་རིགས་ཀྱི་འཚོ་བའི་གོམས་གཤིས་དང་འདུ་ཤེས་འཛིན་སྟངས། ཁོར་ཡུག་གི་གནས་བབ་སོགས་བདེན་པ་བདེན་དྲང་གིས་རྒྱ་ཆེའི་ལྟད་མོ་བར་ངོ་སྤྲོད་བྱ་བཞིན་པའི་དངོས་བཤུས་གློག་བརྙན་ཞིག་དང་འདྲ་བའི་བཟོ་འདུག

ལྔ་བ། ༼ཁྱི་རྒན༽དང༼རྟ་སྐྱོགས༽གཉིས་ཀྱི་ལྟ་བ་རྟག་ཆད་ཀྱི་མཐའ་གཉིས་སུ་མ་ལྷུང་བར་བསམ་གཞིག་གི་ཁུར་བོ་དང་གདམ་གསེས་ཀྱི་དབང་ཆ་ལྟད་མོ་བར་བཞག་ཡོད་དེ།  སྲོལ་རྒྱུན་རིག་གནས་ལ་གཟེང་བསྟོད་དང་རིག་གནས་གསར་བའི་སིམ་འཛུལ་ལ་དགག་བཞག་གང་ཡང་མེད་པར་འཚོ་བའི་གནས་བབ་དངོས་ཕབ་ལེན་བྱེད་པ་ཙམ་དུ་ཟད་པའང་འདྲ་འདྲ་ཡིན་འདུག
    མཐར་གཏུགས་ནས་བཤད་ན། པད་མ་ཚེ་བརྟན་གྱི་༼ཁྱི་རྒན༽ནི་ནཱེ་ཁི་ཐཱ་མཱེ་ཡཱ་ཁཱོ་ཧྥུའི༼རྟ་སྐྱོགས༽བསྐྱར་དུ་བརྡབས་པ་མིན་ནམ་སྙམ་པའི་དོགས་པ་རེའང་སྐྱེས་ཡོང་། ཁོང་གི༼ཁྱི་རྒན༽ནི་འཛམ་གླིང་གོ་ལ་ཧྲིལ་བོའི་གློག་བརྙན་སྒྱུ་རྩལ་གྱི་སྒྱུ་རྩལ་ཐུན་མོང་ཡོངས་གྲགས་དུ་ཡོད་པ་ཀུན་འཛོམས་ནས་ཡོད་ཅེས་བཤད་ན་ཆོག་མོད། ཁོང་གི་སྒྱུ་རྩལ་ལ་རང་ཉིད་ཀྱི་བདེན་པ་ཡོད་ཅེས་བསྔགས་དགོས་ན་ཧ་ཅང་ཁག་པོ་རེད།  ཡིན་མོད་ཀྱང༼ཁྱི་རྒན༽ཞེས་པའི་གློག་བརྙན་འདིར་རྒྱལ་སྤྱིའི་གློག་བརྙན་པའི་ཐུན་མོང་གི་སྒྱུ་རྩལ་མང་དག་འཛོམས་པས་ན། འདི་ནི་པད་མ་ཚེ་བརྟན་ལགས་ནས་བོད་ཀྱི་གློག་བརྙན་པའི་སྡེར་བསླངས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་སྟེ།  ཁོ་རང་ཉིད་དང་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཁག་གིས་རེ་ཞིག་སྒྱུ་རྩལ་གྱི་ཚད་དེ་ལས་འགོངས་ཐབས་མེད་པར་འདོད་དོ།།

    གློག་བརྙན་ལས་པར་མིག་དངོས་ཤུགས་བརྒྱུད་གསུམ་ནས་འདྲ་བའི་ཆ་ཤིན་ཏུ་མང་བས། འདིར་ཚབ་མཚོན་རང་བཞིན་གྱི་པར་མིག་ཁ་ཤས་འགོད་པར་བྱ།

1.JPG.JPG

2.JPG3.JPG4.JPG5.JPG6.JPG7.JPG8.JPG9.JPG10.JPG11.JPG


__________

མཆན། རྒྱའི་སྐད་དོད་དུ套马杆ཟེར་བ་དེ་སྲབ་སྐྱོགས་དང་དབྱིབས་རྣམ་ནུས་པ་སྤྱོད་སྒོ་སོགས་འདྲ་བའི་ཆ་ནས་འདིར་ཁོ་བོས་རྟ་སྐྱོགས་ཞེས་མིང་འདོགས་པར་མཛད་ཡོད། 

ཟུར་ལྟའི་རྒྱུ་ཆ།

པྲ་དྲ།     http://filmtbt.com    

བོད་བརྙན་དྲ་བ།        http://www.bosubtitle.com

博格斯皮特里著,张菁郭侃俊《看电影的艺术》[M] 北京大学出版社,2010

大卫·波德维尔汤普森著;曾伟祯《电影艺术》[M]世界图书出版公司2008


 རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་ཡིན།

 

 

   

དཔྱད་མཆན་ཡོད།