བརྙན་ཐུང་«འུར་ཆ»ལ་བལྟས་པའི་སེམས་ཚོར།—སྨུག་པོ།

                                                   བརྙན་ཐུང་«འུར་ཆ»ལ་བལྟས་པའི་སེམས་ཚོར།


སྨུག་པོ།

  ཉེ་སྔོན་དྲ་ལམ་ནས་བདག་དང་ཕ་ཡུལ་གཅིག་པའི་གྲོགས་པོ་གློག་བརྙན་འཁྲབ་ཁྲིད་པ་དགོན་པ་ཐར་གྱི་གློག་བརྙན་ཐུང་གྲས་«འུར་ཆ»ཞེས་པ་ལ་ཐེངས་གཅིག་བལྟས། གློག་བརྙན་འདིར་ཕྱུགས་བདག་གིས་འབྲི་རྒན་ལག་ཆག་དེ་བཤས་ཟོག་ལ་ཁྲིད་པས། ནོར་རྫི་དྭ་ཕྲུག་དེས་འབྲི་རྒན་གྱི་བེའུ་ཆུང་ཆུང་དེའང་རང་ཉིད་དང་མཚུངས་བར་དྭ་ཕྲུག་ཏུ་གྱུར་པ་ལ་གདུང་སེམས་ཚད་མེད་སྐྱེས་ཏེ་བེའུ་ཆུང་ཆུང་གཉོར་སྐྱོང་གང་ལེགས་བྱས་ནས་མཇུག་མཐར་ཚེ་ཐར་ལ་བཏང་པའི་གཏམ་རྒྱུད་བྲིས་འདུག བརྟེན་ས་ཆགས་ཡུལ་མེད་པའི་དྭ་ཕྲུག་གི་ནང་སེམས་ཀྱི་འཇིག་རྟེན་མཚོན་པར་བྱས་པས་བརྗོད་བྱ་སྐྱོ་ཤས་ཆེ་བའི་བརྙན་ཐུང་ཞིག་རེད།
  སྤྱིར་གློག་བརྙན་འདི་ནི་དུས་ཡུན་སྐར་མ་སུམ་བཅུ་ལས་མེད་པའི་བརྙན་ཐུང་ཞིག་རེད་མོད། འོན་ཀྱང་གློག་བརྙན་ཆེད་ལས་ཀྱི་ངོས་ནས་དཔྱད་ན་སྒྱུ་རྩལ་གྱི་མཛེས་པ་དུ་མ་མངོན་འདུག་པས་ལེགས་འགྲུབ་བྱུང་བའི་བརྩམས་ཆོས་ཤིག་ཏུ་བགྲང་འདོད། སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་དེ་ལས་སྒྱུ་རྩལ་གྱི་ཁྱད་ཆོས་གཅིག་ལྡན་ནའང་སྒྱུ་རྩལ་གྱི་གྲུབ་འབྲས་ཐོན་འདུག་པར་བརྩི་འདོད་དེ། འཛམ་གླིང་གློག་བརྙན་ཐུང་གྲས་གང་ལ་བལྟས་ཀྱང་སྒྱུ་རྩལ་གྱི་ལག་ཐབས་ཉུང་ངུ་ཞིག་གིས་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་མི་སྣ་ཉུང་བའི་གཏམ་རྒྱུད་ཐུང་ངུ་ཞིག་བརྗོད་པ་ཐམས་ཅད་འདྲ་མཚུངས་ཡིན། དེ་བས་གློག་བརྙན་ཐུང་ངུ་ཞིག་གི་ནང་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོ་འཛོམས་རྒྱུ་ནི་ལས་ཁག་པོ་ཞིག་རེད། ཁྱད་པར་དུ་བརྙན་ཐུང་ཡིན་ན་སྒྱུ་རྩལ་གྱི་ལག་ཐབས་མང་པོ་བེད་སྤྱོད་མ་བྱས་ཀྱང་ཆོག་སྟེ། གཙོ་བོ་དོན་རྐྱེན་ཕྲན་བུ་ཞིག་གི་སྟེང་ནས་གནས་ལུགས་ཆེན་པོ་ཞིག་སྟོན་ཐུབ་སོང་ན་བརྩམས་ཆོས་ལེགས་འགྲུབ་བྱུང་འདུག་པར་བརྩིས་ཆོག
  གློག་བརྙན་ཐུང་གྲས་«འུར་ཆ་»ལ་མཚོན་ནའང་མི་སྣ་ཉུང་ལ་གཏམ་རྒྱུད་ཐུང་བའི་སྒོ་ནས་མིའི་ནང་སེམས་ཀྱི་འཇིག་རྟེན་མཚོན་པར་བྱས་པས་ཡིག་ཚོགས་མང་པོས་མཚོན་དགོས་པའི་བརྗོད་བྱ་དེ་དོན་གྱི་བྱུང་རིམ་ཆུང་ངུའི་ནང་དུ་འདུ་བར་བྱས་ཏེ་སྒྱུ་རྩལ་གྱི་ཁྱད་ཆོས་དུ་མས་མཛེས་བར་སྤུད་པ་དང་མི་སྣ་གཙོ་བོའི་ཁེར་རྐྱང་དང་ནང་སེམས་ཀྱི་འཇིག་རྟེན་མཐོང་དུས་རང་སེམས་ལ་ངང་ངམ་ཤུགས་ཀྱིས་ལྗིད་ཏིག་ཏིག་གི་ཚོར་སྣང་སྟེར།
  གཤམ་ནས་གློག་བརྙན་འདི་ལས་མངོན་པའི་སྒྱུ་རྩལ་གྱི་མཛེས་པ་ཁ་ཤས་ཐར་ཆགས་སུ་བཀྲལ་ཏེ་བརྗོད་ན་འདི་ལྟ་སྟེ།

  གཅིག སྤྲོས་བརྗོད་ཀྱི་མཛེས་པ།
  སྤྲོས་བརྗོད་ནི་རྩོམ་རིག་བརྩམས་ཆོས་ཁྲོད་གཏམ་རྒྱུད་འཆད་སྟངས་ཤིག་སྟེ། དེ་ལ་གོ་རིམ་ཇི་བཞིན་དུ་བརྗོད་པ་དང་ལྡོག་སྟེ་བརྗོད་པ། བར་བཅུག་གི་བརྗོད་པ་སོགས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་སྤྲོས་བརྗོད་བྱེད་སྟངས་ཡོད་པ་ལས། འཁྲབ་གཞུང་རྩོམ་པ་པོས་གཏམ་རྒྱུད་ཀྱི་བརྗོད་བྱ་ལྟར་ཐབས་ལམ་སྤྱད་པ་ལེགས་ན་དེ་བཞིན་དུ་སྒྱུ་རྩལ་ཕན་འབྲས་ཐོན་པ་ཡིན། གློག་བརྙན་ཐུང་གྲས་«འུར་ཆ་»ཞེས་པ་འདིར་ཐོག་མར་ནོར་རྫི་གཞོན་ནུ་དེའི་ཕྱུགས་འཚོ་སྐྱོང་གི་རྣམ་པ་དང་ཁོར་ཡུག་སོགས་བསྟན་པ་དང་། དེ་ནས་འབྲི་རྒན་གྱི་ལག་པ་ཆག་པ། དེར་ཕྱུགས་བདག་འོངས་ཏེ་འབྲི་རྒན་བཤས་ཟོག་ལ་ཁྲིད་པ། འབྲི་རྒན་བཤས་ཟོག་ལ་ཁྲིད་རྗེས་གཞི་ནས་གློག་བརྙན་གྱི་བརྗོད་བྱ་དངོས་མངོན་ཏེ་ནོར་རྫིས་བེའུ་ཆུང་ཆུང་ལ་བདག་སྐྱོང་བྱས་པ་མ་ཟད། ཚེ་ཐར་དུ་བཏང་པ་བཅས་ཀྱི་གོ་རིམ་ཇི་བཞིན་དུ་བརྗོད་ཡོད་ལ། གློག་བརྙན་འགོ་བརྩམས་པ་ནས་སྐར་མ་ཉི་ཤུའི་བར་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་དང་རྩོམ་པ་པོའི་བསམ་བློའི་རིང་བཞིན་ཅི་ཡིན་པ་རྟོགས་མི་ཐུབ་པས་ལྟ་མཁན་ལ་ཚོད་དཔག་དང་དོགས་གཞི་སྣ་ཚོགས་སྐྱེས་པར་བྱེད་ལ། ཚོད་དཔག་རེ་རེ་ནི་བསླུ་བྲིད་རེ་རེ་ཡིན་པས་སྤྲོས་བརྗོད་ཀྱི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་མངོན་པར་བྱས་པ་མ་ཟད། ཚོད་དཔག་དང་ལྷན་ཏུ་ཤེས་སྒུག་གི་ཚོར་སྣང་ཡང་སྟེར། དེ་བས་སྤྲོས་བརྗོད་ཀྱི་རང་བཞིན་འདིས་ཤེས་སྒུག་དང་གོ་ནོར་མང་པོ་སྟེར་བའི་སྒྱུ་རྩལ་གྱི་ལས་འགན་ངང་ངམ་ཤུགས་ཀྱི་འགྲུབ་འདུག་པས་གློག་བརྙན་གྱི་ཕྱེད་སྔ་མའི་སྟེང་ནས་ཤེས་སྒུག་དང་གོ་ནོར་གྱིས་ལྟ་མཁན་ལ་ཚོད་དཔག་དང་དོགས་གཞི་སྣ་ཚོགས་སྟེར་བའི་སྒྱུ་རྩལ་གྱི་ལག་ཐབས་མངོན་པར་བྱས། གློག་བརྙན་གྱི་ཕྱེད་ཕྱི་མའི་སྟེང་ནས་བརྗོད་སྙིང་དང་རྩོམ་པ་པོའི་ཕུགས་བསམ་མཚོན་པར་བྱས་ཏེ་ལྟ་མཁན་གྱི་སེམས་ཀྱི་དོགས་གཞི་རེ་རེ་བཞིན་སེལ་བར་བྱས་པ་མ་ཟད། རྫི་བོ་དྭ་ཕྲུག་ཅིག་གིས་བེའུ་དྭ་ཕྲུག་ཞིག་ལ་གདུང་སེམས་སྐྱེས་པའི་སྤྱོད་སྟངས་ཀྱིས་མི་སེམས་ཀྱི་བརྩེ་བ་འབྲིད་པར་བྱས་ཏེ། ནོར་རྫི་གཞོན་ནུ་དང་དུད་འགྲོ་བེའུ་སོགས་འཇིག་རྟེན་དུ་གཉེན་ཉེ་དུ་དང་བྲལ་བའི་ཁེར་རྐྱང་གི་རྣམ་པ་གང་ཡིན་ཡང་གདུང་སེམས་དང་སྙིང་རྗེས་སྐྱེས་འོས་པ་ཞིག་ཡིན་ལ། མགོན་མེད་གཉེན་བྲལ་གྱི་གང་ཟག་སེམས་ཅན་ཀུན་གྱི་ནང་སེམས་ཀྱི་འཇིག་རྟེན་ཕྱིར་མཚོན་བྱས་པས་ལྟ་མཁན་གྱི་སེམས་ལ་ལྗིད་ཏིག་ཏིག་གི་ཚོར་སྣང་ཞིག་སྟེར།
  གལ་སྲིད་གློག་བརྙན་འདིའི་ཕྱེད་སྔ་མའི་ནང་དོན་མེད་པར་ཕྱེད་ཕྱི་མའི་སྐར་མ་བཅུའི་ནང་དོན་གྱིས་འཐུས་པར་བྱས་པ་ཡིན་ན། སྤྲོས་བརྗོད་ལ་སྒྱུ་རྩལ་ལག་ཐབས་ཅི་ཡང་མ་སྤྱད་པར་ཐད་ཀར་ཕ་མེད་མ་མེད་ཀྱི་མི་དང་གནག་ཕྱུག་གཉིས་ཀྱི་ནང་སེམས་དེ་ཐད་ཀར་མཚོན་པ་ཡིན་པས་བརྩམས་ཆོས་ཀྱི་བརྗོད་བྱ་གང་ཡིན་པ་དེ་ཀ་ཀོར་མེད་པར་ལྟ་མཁན་ལ་ཐད་ཀར་བརྗོད་པས། ལྟ་མཁན་ལ་ཤེས་སྒུག་དང་གོ་ནོར། དོགས་གཞི་དང་ཚོད་དཔག་གི་ཚོར་བ་ཅི་ཡང་སྟེར་མི་ཐུབ་པར་སྒྱུ་རྩལ་གྱི་ཕན་འབྲས་ཞན་དུ་འགྱུར་སྲིད། དེར་མ་ཟད་ད་དུང་གློག་བརྙན་ཕྱེད་སྔ་མའི་ཞིབ་འབྲི་ཡིས་ཕྱེད་ཕྱི་མའི་བརྗོད་དོན་མཚོན་པ་ལ་གཏམ་རྒྱུད་ཀྱི་མ་གདན་འདིང་བ་དང་བརྗོད་དོན་ཟུར་གྱི་མཚོན་པའི་སྒོ་ནས་མཇུག་གི་བརྗོད་སྙིང་དངོས་མཚོན་ཤུགས་ཆེ་རུ་གཏོང་བར་ནུས་པ་བླ་ལྷག་ཏུ་ཐོན་འདུག
  དེར་བརྟེན་གློག་བརྙན་ཐུང་ངུ་འདིར་བརྩམས་ཆོས་དངོས་དང་མཐུན་པའི་སྤྲོས་བརྗོད་ཀྱི་ཐབས་ལམ་སྤྱད་པ་ནི་ལྕགས་ལ་རྣོ་དང་ཡག་ལ་རྒྱན་བཏགས་པའི་ཚུལ་དུ་ཡོད།

  གཉིས། བརྩེ་ཚོར་གྱི་མཛེས་པ།
  སྤྱིར་བརྩམས་ཆོས་ཐུང་ངུ་ཞིག་ལས་བརྩེ་བའི་ཚོར་སྣང་ཡག་པོ་ཞིག་སྟོན་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན། རྒྱུ་མཚན་ནི་བརྩེ་བ་ཟབ་མོ་ཞིག་འབྲི་ན་དེ་ལ་སྔོན་གྱི་འབྱུང་རྐྱེན། བར་གྱི་འཕེལ་རྒྱས། མཇུག་གི་འབྲས་བུ་བཅས་གོ་རིམ་ངེས་ཅན་ཞིག་བྲིས་ན་ད་གཟོད་ལྟ་མཁན་ལ་བརྩེ་བའི་ཚོར་སྣང་ཟབ་མོ་ཞིག་སྟེར་ཐུབ། འོན་ཀྱང་གློག་བརྙན་འདིར་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་བརྩེ་བའི་རྣམ་པ་ལེགས་པོ་ཞིག་ཞིབ་འབྲི་བྱས་འདུག གོང་དུ་བརྗོད་པ་བཞིན་གློག་བརྙན་གྱི་ཕྱེད་སྔ་མའི་སྟེང་ནས་རྫི་བོ་གཞོན་ནུ་དེའི་ཁེར་རྐྱང་གི་རྣམ་པ་ཞིབ་འབྲི་བྱས་པ་བརྒྱད་དེ་མི་སེམས་ཀྱི་སྟོང་འཇགས་དང་བརྟེན་ས་ཆགས་ཡུལ་བྲལ་བའི་ཆ་མངོན་པར་མཚོན་པའི་རྨང་གཞིའི་སྟེང་ནས། གློག་བརྙན་གྱི་ཕྱེད་ཕྱི་མའི་མ་བུ་ཁ་བྲལ་བའི་གདུང་སེམས་མཚོན་པར་བྱས་པ་ནི་རྩོམ་པ་པོས་གྲ་སྒྲིག་ཡོད་པའི་སྒོ་ནས་སྔོན་དུ་ཁེར་རྐྱང་གི་ཕྱིའི་རྣམ་པ་མཚོན་པ་དང་ཕྱིས་སུ་ཁེར་རྐྱང་གི་ནང་སེམས་ཀྱི་འཇིག་རྟེན་ཕྱིར་མཚོན་བྱས་པས་ལྟ་མཁན་སུ་ཡིན་ཡང་ཡིད་འགུལ་དང་གདུང་སེམས་ཀྱི་ཚོར་སྣང་མི་སྐྱེས་པ་ཞིག་ཡོད་མི་སྲིད།
  སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་གཏམ་རྒྱུད་ཁྲོད་ཀྱི་མི་སྣའི་སེམས་ཀྱི་འཇིག་རྟེན་དང་བརྩམས་ཆོས་རོལ་མྱོང་བྱེད་མཁན་གྱི་མིའི་སེམས་ཀྱི་འཇིག་རྟེན་གཉིས་ཐབས་མཁས་ཀྱིས་སྦྲེལ་རྒྱུ་ནི་བརྩེ་བ་འཕྱོར་འབྲི་བྱེད་པའི་དམིགས་ཡུལ་དངོས་ཡིན། གློག་བརྙན་ཐུང་གྲས་«འུར་ཆ་»ཞེས་པས་ཀྱང་མི་སྣ་གཙོ་བོ་རྫི་བོ་གཞོན་ནུའི་ཕྱི་ཁོར་ཡུག་གི་སྟེང་ནས་ཁོའི་ཁེར་རྐྱང་གི་འཚོ་བ་ཞིབ་འབྲི་བྱས་པའི་རྨང་གཞིའི་སྟེང་ནས་ཁོའི་ནང་སེམས་ཀྱི་ཁེར་རྐྱང་མཚོན་འདུག དེ་ཡང་རྩོམ་པ་པོས་མི་སྣའི་སེམས་ཀྱི་བརྟེན་ས་ཆགས་ཡུལ་བྲལ་བའི་ཁེར་རྐྱང་ཁོ་ན་མཚོན་པ་མ་ཡིན་པར། རྫི་བོ་ཁོ་རང་ཉིད་དང་མཚུངས་པ་ཀུན་གྱི་ནང་སེམས་ཀྱི་ཁེར་རྐྱང་ལ་གདུང་སེམས་མཚོན་པ་བྲིས་པས་བརྩེ་བའི་ཚོར་སྣང་དེ་ནི་ན་ཟུག་མེད་པའི་འཁུན་སྒྲ་ཙམ་མ་ཡིན་པར་ཤུགས་དྲག་པོའི་སྒོ་ནས་མཚོན་པར་བྱས་འདུག ཡང་ན་མིའི་སེམས་ཀྱི་བརྟེན་ས་ཆགས་ཡུལ་བྲལ་བའི་ཁེར་རྐྱང་གི་སྐྱོ་བ་དེ་ནི་ཁོས་བེའུ་ཆུང་ཆུང་དེ་བདག་སྐྱོང་བྱས་ཏེ་མཐའ་མཇུག་ཚེ་ཐར་ལ་བཏང་བའི་སྟེང་ནས་མཚོན་པར་བྱས་པ་ནི་གཏམ་རྒྱུད་ཀྱི་འབྲི་ཐབས་དང་རྩོམ་པ་པོའི་བསམ་བློའི་རང་བཞིན་མཚོན་སྟངས་གང་གི་ཆ་ནས་བལྟས་ཀྱང་མཚོན་སྟངས་ཁྱད་པར་བ་ཞིག་ཡིན་པས་བརྩམས་ཆོས་ཀྱི་སྒྱུ་རྩལ་བཞེངས་བསྐྲུན་ལེགས་འགྲུབ་བྱུང་བའི་ཚོད་དུ་འདུག

  གསུམ། བརྙན་མིག་གི་མཛེས་པ།
  གློག་བརྙན་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་གཞན་ཞིག་ནི་བརྙན་མིག་གི་སྟེང་ན་ཡོད་པར་སྙམ། སྤྱིར་བརྙན་མིག་ནི་འཁྲབ་གཞུང་ལ་འབྲེལ་བ་ཆེན་པོ་མེད་པར་འཁྲབ་ཁྲིད་པའི་བསམ་བློའི་དགོངས་གཞི་ཉིད་ཡིན། ཡིན་ཡང་བརྙན་མིག་གི་བེད་སྤྱོད་ཀྱིས་འཁྲབ་གཞུང་དུ་བྲིས་པའི་གཏམ་རྒྱུད་འཆད་པར་རམ་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད། དེ་བས་བརྙན་རིང་གི་བེད་སྤྱོད་ནི་སྤྲོས་བརྗོད་བྱེད་ཐབས་ཀྱི་ཟུར་བརྒྱན་ལྟ་བུའི་དགེ་མཚན་ལྡན།
  གློག་བརྙན་ཐུང་གྲས་«འུར་ཆ་»ལས་བརྙན་རིང་长镜头འགའ་བེད་སྤྱོད་བྱས་ཡོད་པ་འདིས་སྤྱི་གློག་བརྙན་གྱི་སྤྲོས་བརྗོད་དང་བརྗོད་དོན་མཚོན་པ་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་འདུག
  བརྙན་རིང་ཞེས་པ་ནི་གློག་བརྙན་བརྙན་ཕབ་བྱེད་སྐབས་དུས་ཚོད་ཀྱི་གོ་རིམ་མི་གཅོད་པར་གཏམ་རྒྱུད་བྱུང་རིམ་ལས་རྒྱུན་རིང་བོ་ཞིག་བརྙན་མིག་གཅིག་ཏུ་བླངས་པ་སྟེ། འདི་ལ་བདེན་སྣང་ཆེ་བ་དང་། ལྟ་མཁན་གྱི་བསམ་གཞིག་བསྐྱེད་པ། དངོས་དོན་ལ་རབ་རིབ་དང་དོགས་གཞི་སྣ་ཚོགས་སློང་བ་སོགས་ཀྱི་མཛེས་དཔྱོད་ཀྱི་ཁྱད་ཆོས་ལྡན།
  ཧོ་ལེ་ཝུའུ་གློག་བརྙན་ཁྲོད་དུ་བརྙན་རིང་བེད་སྤྱོད་བྱས་པ་ཤིན་ཏུ་མང་། དཔེར་ན་«སྲོག་དགུ་»«九条命»Nine Lives,2005ཞེས་པའི་གློག་བརྙན་ཧྲིལ་བོ་བརྙན་རིས་དགུས་གྲུབ་པར་བྱས་ཡོད་ལ་བརྙན་རིས་རེ་རེ་ནི་སྐར་མ་བཅུ་རེ་ཡོད་པའི་བརྙན་རིང་བླངས་ཡོད་པ་སོགས་བརྙན་རིང་བླངས་པའི་གློག་བརྙན་མང་པོ་ཡོད། ཁོ་ཚོས་བརྙན་རིང་ནི་མིང་ཐེ་ཆིས་མ་ཡིན་པའི་ལག་ཐབས་གཞན་ཞིག་ཏུ་ངོས་འཛིན་བྱེད།
  གློག་བརྙན་ཐུང་གྲས་«འུར་ཆ་»ལས་འགོ་བརྩམས་མ་ཐག་པའི་སྐབས་ཀྱི་བརྙན་རིས་དང་པོ་དེར་དུས་ཡུན་སྐར་མ་གཅིག་གི་བརྙན་རིང་བླངས་འདུག་ལ། དེའི་འཕྲོར་སྐར་ཆ་ཉི་ཤུ་ཅན་གྱི་བརྙན་རིང་བླངས་པ་སོགས་གློག་བརྙན་གྱི་འགོ་བརྩམས་པ་ནས་བརྙན་རིང་གི་ལག་ཐབས་སྤྱད་དེ་གློག་བརྙན་སྤྱིའི་བརྗོད་བྱའི་ཁེར་རྐྱང་ལ་སྟོང་འཇགས་དང་རྒྱུན་རིང་བའི་བསམ་གཞིག་སྟེར་བའི་ཁྱད་ཆོས་བསྒོས་འདུག གློག་བརྙན་ཁྲོད་ཀྱི་བརྙན་རིང་བེད་སྤྱོད་བྱས་པ་ལས་ལྟ་མཁན་ལ་བརྗོད་བྱའི་མཚོན་སྟངས་ཐད་རབ་རིབ་དང་དོགས་གཞི་སློང་བའི་རམ་འདེགས་བྱེད། དོག་གཞི་ཡོད་ན་བསམ་གཞིག་ནི་དེ་དང་བསྟུན་ནས་རིང་དུ་འཕྲོ་བ་ནི་བརྗོད་མི་དགོས་པ་ཞིག་རེད། བརྙན་རིང་འདི་དག་གིས་ལྟ་མཁན་གྱི་སེམས་ལ་ཤེས་སྒུག་གི་བྲེད་ཤ་དང་འཚུབ་ཆ་སློང་ཡང་སྔར་བཞིན་ཞི་ལྷོད་ཀྱིས་མཇུག་སྐྱོང་དགོས་པའི་རྟོལ་བྲལ་གྱི་སྣང་བའང་འགོག་མེད་དུ་སྟེར།
  རྩོམ་མཁན་གྱིས་རྫི་བོའི་ནང་སེམས་ཀྱི་སྟོང་འཇགས་དང་འཚོ་བའི་ཐད་ཀྱི་དལ་ཞིང་ལྷོད་དྲགས་པའི་སྐྱོ་སྣང་གི་རྣམ་པ་དེ་བརྙན་རིང་གིས་མཚོན་པར་བྱས་ཏེ། གྲོང་ཁྱེར་གྱི་འཚོ་བ་བཞིན་འདུ་འཛི་དང་འཁྲིགས་ཟིང་ཆེ་བའི་ཆ་ལས་ལྡོག་སྟེ་དལ་ལྷོད་དང་ཆིག་རྐྱང་ཅན་དུ་སྣང་བའི་ཁེར་རྐྱང་གི་འཚོ་བའི་རྣམ་པ་འདིས་མི་སྣ་གཙོ་བའི་སེམས་ཀྱི་བརྟེན་ས་ཆགས་ཡུལ་བྲལ་བའི་ཆ་འདི་ལ་རམ་འདེགས་དང་དྲན་སློང་བྱེད་པ་བཞིན་དུ། བརྙན་རིང་གི་ལག་ཐབས་འདིས་ཀྱང་ལྟ་མཁན་གྱི་སེམས་ལ་མི་སྣའི་ལས་དབང་ལ་གདུང་སེམས་བསྐྱེད་པའི་དྲན་སློང་བྱེད། འདི་ནི་བརྙན་མིག་བེད་སྤྱོད་ལས་མངོན་པའི་མཛེས་དཔྱོད་ཀྱི་ཁྱད་ཆོས་ཤིག་ཅི་ལ་མིན།
  གལ་སྲིད་དེ་ལས་ལྡོག་སྟེ། ཁོར་ཡུག་དལ་ཞིང་སྟོང་འཇགས་སུ་འདུག་པ། མི་སྣ་གཅིག་ཁེར་རྐྱང་ངང་སྟོང་འདང་གི་ཁྲོད་དུ་ཡོད་པའི་འཚོ་བའི་རྣམ་པ་ཞིག་བརྙན་མིག་ཐུང་ངུའི་སྒོ་ནས་སྐད་ཅིག་སྐད་ཅིག་ལ་བརྙན་རིས་བརྗེས་ན། ཕན་ཚུན་གོ་མི་མཚུངས་བ་ཞིག་ཏུ་འགྱུར་བ་གདོན་མི་ཟ།

  བཞི། རོལ་དབྱངས་ཀྱི་མཛེས་པ།
  གློག་བརྙན་གྱི་བརྙན་རིས་དང་འཁྲབ་ལྗོངས། རོལ་དབྱངས་སོགས་ཀྱིས་བརྗོད་བྱ་མཚོན་པར་རམ་འདེགས་བྱེད་དགོས། དེ་བས་གཏམ་རྒྱུད་ཀྱི་འཕོ་འགྱུར་དང་བསྟུན་ནས་རྒྱབ་ལྗོངས་རོལ་དབྱངས་ལའང་དེ་དང་མཐུན་པའི་འགྱུར་ལྡོག་བྱས་ན་འགྲིག
  གློག་བརྙན་འདིར་མི་སྣ་ཕན་ཚུན་ལ་ཁ་བརྡ་བྱེད་པའི་སྐབས་མ་ཡིན་པའི་དུས་སྐབས་གཞན་དུ་རྒྱབ་ལྗོངས་རོལ་དབྱངས་འཇམ་ཞིང་མཉེན་ལ། དལ་ཞིང་ལྷོད་པ་ཞིག་གིས་ལྟ་མཁན་གྱི་རྣ་དབང་དང་དྲན་ཚོར་ཁྲིད་འགྲོ། རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ལྟ་མཁན་གྱི་དྲན་ཚོར་དེ་སྐབས་རེར་རྒྱང་རིང་གི་སྒྱུ་འཕྲུལ་འཇིག་རྟེན་ཞིག་ཏུ་ཁྲིད་འགྲོ་ལ་སྐབས་རེར་ང་ཚོ་རང་ཉིད་ཀྱི་འཚོ་བ་ལས་བྱུང་བའི་དགའ་བ་དང་སྐྱོ་བའི་གཏམ་རྒྱུད་ཀྱི་ཁྲོད་དུ་དྲངས་འགྲོ། དེ་ལྟར་རོལ་དབྱངས་ཀྱི་འགྱུ་བ་དང་བསྟུན་ནས་ཡང་བསྐྱར་མི་སྣ་གཙོ་བོ་ནོར་རྫི་གཞོན་ནུའི་སྟེང་དུ་འཕོས་ཏེ་ཁོའི་ལས་དབང་དང་ནང་སེམས་འཁྱེར་སོ་དང་ལྷན་དུ་བསམ་གཞིག་གི་གཡང་ལ་ལྷུང་འགྲོ། འདི་ལྟ་བུའི་དྲན་ཚོར་སྟེར་བ་ནི་རོལ་དབྱངས་ཀྱི་མཛེས་པ་ཡིན་ཏེ། རོལ་དབྱངས་ལ་བརྟེན་ནས་མི་སྣའི་སེམས་ཁམས་དང་འཚོ་བ་དངོས། འཁྲབ་ལྗོངས་བཅས་རྐྱ་གཅིག་ཏུ་བསྡེབས་པའི་སྒོ་ནས་མཚོན་པ་ལ་རོལ་དབྱངས་ཀྱི་རྒྱུན་ཐག་ནི་ཅི་འདྲིའི་རྨད་དུ་བྱུང་བ་ཞིག་རེད་ཨང་།
  གློག་བརྙན་ཁྲོད་ཀྱི་སྐྱོས་ཤས་ཆེ་བའི་གཏམ་རྒྱུད་འདི་བརྙན་རིས་ལས་མིག་དབང་བརྒྱུད་པ་མ་ཟད། རོལ་དབྱངས་ལས་རྣ་དབང་བརྒྱུད་དེ་ང་ཚོའི་དྲན་པའི་རྔ་ཆེན་དྲག་ཏུ་བརྡུང་པ་འདི་ལས་རླབས་ཆེ་བའི་སྒྱུ་རྩལ་གྱི་མཛེས་པ་ཞིག་གང་ན་མཆིས་སམ།
  ཧོ་ལེ་ཝུའུ་གློག་བརྙན་«བསམ་དོན་ལྷུན་གྲུབ་»«梦想成真》What Dreams May Cowe,1998དང་«འཕྲུལ་ཆས་ཀྱི་བདག་གཉེར་བ།»«机器管家»Millenniun,1999«སེམས་ཀྱི་རེག་ཟིག་»«心灵点滴»Patch Adams,1998སོགས་གློག་བརྙན་མང་པོའི་རོལ་དབྱངས་ཀྱི་མཛེས་པས་མི་སེམས་ལ་དྲན་ཤིང་བཞག་པ་བགྲང་ལས་འདས། དེར་བརྟེན་གློག་བརྙན་ཐུང་གྲས་«འུར་ཆ་»ལས་ཀྱང་རོལ་དབྱངས་ཀྱི་མཛེས་པས་སྒྱུ་རྩལ་གྱི་ཕན་འབྲས་བླ་རུ་བཏེགས་ཡོད་ཅེས་སྨྲ་བར་སྤོབས།

  ལྔ། ཤུགས་མཚོན་གྱི་མཛེས་པ།
  གློག་བརྙན་ཐུང་གྲས་སམ་བརྙན་ཐུང་ནི་གཏམ་རྒྱུད་ཐུང་ངུ་ཞིག་ལ་བརྟེན་ནས་ནང་དོན་ཆེན་པོ་ཞིག་སྟོན་པ་ཡིན་ཏེ། གློག་བརྙན་ཐུང་གྲས་«འུར་ཆ་»ཞེས་པ་འདིར་རྫི་བོ་གཞོན་ནུ་ཞིག་གིས་བཤས་ཟོག་ལ་ཁྲིད་ཟིན་པའི་འབྲི་རྒན་དེའི་བེའུ་ཆུང་ཆུང་དེར་གཉོར་སྐྱོང་བྱས་ཏེ་ཚེ་ཐར་དུ་བཏང་པའི་དོན་རྐྱེན་ཕྲན་བུ་འདི་ལ་བརྟེན་ཚེ་སྲོག་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་གདུང་སེམས་དང་བསམ་གཞིག་གཏིང་ཟབ་མོ་བྱས་ཡོད་པ་ཤུགས་སུ་བསྟན་ཡོད། ཚེ་སྲོག་འདྲ་མཉམ་གྱི་ལྟ་ཚུལ་དེའང་གང་ཟག་མི་ཁོ་ནའི་སྟེང་མ་ཡིན། དུད་འགྲོ་དང་བཅས་པའི་སེམས་ཅན་སྲོག་ཆགས་ཐམས་ཅད་ཀྱི་ཚེ་སྲོག་ལ་གཅེས་སྐྱོང་དང་འདྲ་མཉམ་བྱེད་འོས་པའི་བསམ་བློའི་དགོངས་གཞི་བསྟན།
  ཁྱད་པར་དུ་གློག་བརྙན་གྱི་མཚན་བྱང་འུར་ཆ་ཞེས་པའང་ཕྱུགས་ཟོག་འདུལ་བའི་ཡོ་བྱད་དུ་མི་གོ་བར་ཕྱུགས་ཟོག་སྐྱོང་བའི་ཡོད་བྱད་དུ་གོ་ན་དེའང་ཤུགས་མཚོན་གྱི་གོ་བ་ཡོད་པ་རྟོགས་ཐུབ།
  མི་ཕལ་བའི་སྣང་ངོར་མིའི་ཚེ་སྲོག་རླབས་ཆེ་བ་ཞིག་ཡིན་པས་དེ་ལ་གནོད་འཚེ་གཏོང་མི་རུང་ལྟ་བུའི་ངོས་འཛིན་བྱེད་ཀྱང་། འདིར་རྩོམ་པ་པོས་མི་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་དང་ཆགས་སྡང་ལ་དོ་སྣང་བྱེད་འོས་པའི་རླབས་ཆེན་གྱི་འདུ་ཤེས་བཅངས་ཡོད། འདི་ལྟ་བུའི་རླབས་ཆེན་གྱི་བསམ་བློ་ནི་རྩོམ་པ་པོས་ཐད་ཀར་དུ་མ་བརྗོད་པར་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་དྭ་ཕྲུག་དེས་རང་གི་གཏམ་རྒྱུད་བརྗོད་པ་དང་བེའུ་ཆུང་ཆུང་ལ་གཉོར་སྐྱོང་བྱས་ཏེ་ནར་སོན་རྗེས་ཚེ་ཐར་དུ་བཏང་བའི་གཏམ་སྤྱོད་ཀྱི་སྟེང་ནས་མཚོན་པར་བྱས་པས་སྒྱུ་རྩལ་གྱི་ཕན་འབྲས་མཐོ་རུ་བཏེགས་ཡོད་ལ། གློག་བརྙན་དངོས་ཀྱི་གཏམ་རྒྱུད་ལས་ཤུགས་བསྟན་གྱི་བསམ་བློ་ནི་རྒྱ་ཆེ་བ་ཞིག་རེད།
  སྤྱིར་གློག་བརྙན་ཐུང་གྲས་ཀྱིས་སྤྱི་ཚོགས་སྣང་ཚུལ་ངན་པ་ལ་སུན་འབྱིན་དང་ཟུར་ཟ་བྱེད་པ་ཤུགས་ཆེ་མོད། འདིར་གཏམ་རྒྱུད་ཕྲན་བུ་ཞིག་གི་སྟེང་ནས་མི་དང་དུད་འགྲོའི་ཚེ་སྲོག་དང་བསམ་བློའི་ཆགས་སྡང་གི་ཐད་འདྲ་མཉམ་དང་ཕན་ཚུན་བདག་གཞན་མཉམ་བརྗེས་ཀྱི་སྒོ་ནས་བསམ་གཞིག་གཏིང་ཟབ་པ་བཏང་བ་ལས་གཏམ་རྒྱུད་མཇུག་རྫོགས་ཀྱང་བསམ་གཞིག་ནམ་ཡང་མཇུག་མི་རྫོགས་པའི་ཤུགས་བསྟན་གྱི་ཁྱད་ནུས་དང་མཛེས་པ་དེ་མངོན་གསལ་དུ་ཐོན་འདུག
  མདོར་ན། གློག་བརྙན་ཐུང་ངུ་སྐར་ཆ་སུམ་ཅུ་ལས་མེད་ལ་དོན་རྐྱེན་ཡང་ཕྲན་བུ་ཞིག་བྲིས་པ་ཡིན་མོད། ང་ཚོའི་སེམས་ལ་བསམ་གཞིག་ལྕི་མོ་ཞིག་ལྗིད་ཏིག་གེར་བཞག་པ་ནི་གློག་བརྙན་ཐུང་གྲས་འདིའི་ཤུགས་བསྟན་གྱི་ཁྱད་ཆོས་ཡིན་པས། བསམ་གཞིག་གི་མདུད་རྒྱ་གྲོལ་དགོས་ན། བདག་དང་གཞན། དབང་ཤུགས་དང་བྲན་གཡོན། བཙན་པོ་དང་གཉོམ་ཆུང་། མཐོ་རིམ་དང་དམའ་རིམ་སོགས་དོ་མི་མཉམ་པའི་འཇིག་རྟེན་སྣང་ཚུལ་གྱི་མདུན་དུ་ནམ་ཡང་ཕན་ཚུན་ལ་དོ་ཁུར་དང་བརྩི་བཀུར་གྱི་མཐུན་ལམ་འཚོལ་དགོས་པའི་བློ་བསྐྱེད་ཀྱང་ཐོབ་སོང་། འདི་ནི་ཤུགས་བསྟན་སྒྱུ་རྩལ་གྱི་མཛེས་སྡུག་ཅིག་མིན་ཞེས་སུས་སྨྲ་བར་སྤོབས་སམ།

  སྤྱི་ལོ2019ལོའི་ཟླ5ཚེས31ཉིན།

དཔྱད་མཆན་ཡོད།