ཉི་ཐིག་ལ་བཅོལ་བའི་ལས་དབང་། དངོས་བཤུས་གློག་བརྙན《མེ་ཏོག་དཀར་པོ》ལས་འཕྲོས་པ།

微信图片_20200801123959_副本.jpg 

             དངོས་བཤུས་གློག་བརྙན《མེ་ཏོག་དཀར་པོ》ནི་གཙོ་འཁྲབ་པ་བུ་མོ་ཆུང་ཆུང་ཞིག་གི་མིང་ཡིན་ལ་བུ་མོའི་གཤིས་ཀ་ཚུར་སྣང་མཚོན་བྱེད་ཀྱི་མིང་ཡང་ཡིན།  མེ་ཏོག་དཀར་པོ་ནི་གློག་བརྙན་གྱི་མིང་ཡིན་ལ་གློག་བརྙན་གྱི་གཏམ་རྒྱུད་ཀྱི་བྱུང་བ་ལས་མངོན་པའི་ཕྱི་ནང་གི་སྣང་བརྙན་འཛིན་བྱེད་ཀྱི་མིང་ཡང་ཡིན།  མདོར་ན། རུ་སྡེ་དང་གྲོང་སྡེ།  རི་དང་ལུང་བ།  ཐ་ན་གནས་དང་ཟུར་གང་ནའང་མེ་ཏོག་དཀར་པོ་དང་མེ་ཏོག་དཀར་པོ་ལྟ་བུའི་བྱིས་པ་ནི་འཛད་མེད་དུ་སྣང་།  དེ་ནི་མི་རྒན་གྱི་ཀུན་གཞི་ལས་བྱུང་བའི་སྤྱོད་ལམ་གྱི་རིམས་ནད་དང་དངོས་ཡོད་ཀྱི་འགྱུར་གཟུགས་རྒོད་པའི་བྱིས་པའི་གྲིབ་གཟུགས་རེ་རེའང་ཡིན། སྤྱིར་ན་གཉེན་འཐོར་གྱི་ཚད་རིམ་ནི་འཛམ་གླིང་སྤྱིའི་ཕོ་མོ་མཐུན་འཇུག་ལས་བྱུང་བའི་གནད་དོན་གཙོ་ཤོས་ཤིག་ཡིན། གནད་དོན་དེ་ནི་མིའི་སྒེར་གཅོད་ཀྱི་འཚོ་སྟངས་དང་དཔལ་འབྱོར་གྱི་བརྐམ་ཆགས། ལྐོག་འབྲེལ་གྱི་ལོག་གཡེམ།  དངོས་ཡོད་ཀྱི་འགྱུར་སྣང་མང་པོ་ཞིག་གིས་ཐེབས་པའི་མིའི་སྦྱོར་བ་དང་སེམས་ཁམས་ཀྱི་བསླུ་བ་ཅན་ཞིག་ཡིན།  དེ་ཡང་བོད་ཡུལ་ལུང་བ་རུའང་འཛམ་གླིང་གི་ཐོན་སྐྱེད་གསར་བ་དང་དུས་རབས་ཀྱི་ལྟ་སྤྱོད་གསར་བ་རྩྭ་སྐྱ་ལ་མེ་ཤོར་བ་ནང་བཞིན་འགྱུར་ལྡོག་དང་འཕོ་འགྱུར་གྱི་རང་གཟུགས་མངོན་བྱུང་བས།  འདིར་མི་གཞིའི་གནད་དོན་དང་གནས་སྟངས་ཀྱི་གནད་དོན་ལ་དམིགས་ནས་འཁྲབ་ཁྲིད་པའི་བརྙན་མིག་གིས་ཕ་ཡུལ་གྱི་ཉམས་རྒུད་གསར་བ་དང་མི་ཚུལ་རུལ་སུངས་ཀྱི་ཟུར་ངོས་ཤིག་བཟུང་ནས་བཙལ་བ་ཡིན།

 微信图片_20200801124011.jpg

             དེ་ཡང་བྱིས་པའི་མཐོང་སྣེ་ནས་བརྙན་རིས་ཀྱི་གཏམ་རྒྱུད་བདེན་ངེས་ཅན་གྱི་ས་བོན་བརྙེས་ནས་བརྙན་མིག་རང་ག་བའི་ཟུར་དང་ཟུར་ཚད་ཀྱི་ལམ་ནས་བྱིས་པ་ཞིག་གི་གཏམ་རྒྱུད་ནི་བོད་ཡུལ་གྱི་ལུང་བ་རུ་གནས་པའི་གཏམ་རྒྱུད་ཀྱི་ཡང་སྙིང་བཙལ་འདུག་པས། གློག་བརྙན་འདི་ལ་བརྙན་མིག་གི་ལག་ཐབས་དང་བརྙན་འགྲོས་ཀྱི་འགྱུར་བ་ནི་གཏམ་རྒྱུད་ཀྱི་ཆགས་སྡང་ངང་གིས་བསླངས་བྱུང་།  ལར་དངོས་བཤུས་གློག་བརྙན《མེ་ཏོག་དཀར་པོ》ལ་བརྙན་ཐབས་གཉིས་དམིགས་སུ་བཀོལ་ཡོད་དེ། གཅིག་ནི་བརྙན་མིག་གཏད་སའི་འགྱུར་བ་དང་འགྲོགས་ནས་བཅར་འདྲིའི་ཐབས་སུ་བརྙན་མིག་གི་སྣང་བརྙན་གསར་བཞེངས་བྱས་པ་དེ་ཡིན། ཅིག་ཤོས་ནི་འཁྲབ་ཁྲིད་པས་ཡུལ་དངོས་ཀྱི་གང་ཅི་འགྱུར་བ་ལ་འབྲེལ་ནས་བརྙན་མིག་གི་གཏམ་རྒྱུད་འཚོལ་བ་ཡིན། གཞན་ཡང་འཁྲབ་ཁྲིད་པའི་བྱིས་པའི་སེམས་ཁམས་དང་དངོས་ཡོད་སྐྱ་འཐབ་ནས་ཡང་སྙིང་སྙོབ་པའི་དགོས་པ་གང་ཞིག་གི་ཆེད་དུ་རྗེས་འདེད་བརྙན་མིག་གི་ལག་ཐབས་ནི་གློག་བརྙན་འདིའི་གཏམ་རྒྱུད་ཕྱི་ནང་འབྲེལ་བྱེད་ཀྱི་གཟུང་ཐག་གཙོ་ཤོས་སུ་འགྲོ། བྱེ་བྲག་ཏུ་བརྙན་མིག་ལ་ཡིད་འགྱུར་གཅིག་བསྡུས་སུ་གྲུབ་པའི་མཛེས་པའང་མངོན་འདུག  དེ་ནི་བྱིས་བློ་དྭངས་གཙང་ཅན་དང་གཉུག་གཤིས་ཅན་གྱི་སྣང་བརྙན་གང་དེ་བཞེངས་པ་ལ་འཁྲབ་ཁྲིད་པས་བརྙན་ཐབས་ཀྱི་འགྱུར་བ་རེ་རེ་ནི་སྤྱིར་བཏང་གི་བརྙན་མིག་དང་སྐབས་བསྟུན་གྱི་བརྙན་མིག  རྗེས་འདེད་བརྙན་མིག  མངོན་ལྐོག་གི་བརྙན་མིག  བསྐྱར་བསྐོར་བརྙན་མིག་ལས་གཏམ་རྒྱུད་ཀྱི་འགྱུར་བ་ནི་ལྟད་མོ་བའི་ནང་སེམས་ལ་ཆགས་སྡང་གི་རླབས་རྒྱུན་སྐྱོམས་སུ་འཇུག་པའི་བརྙན་རིས་ཀྱི་མཛེས་སྡུག་ཡིན། གློག་བརྙན་གྱི་ལམ་ནས་མི་སྣའི་གཤིས་ཀ་བཞེངས་སྐྲུན་དང་དགའ་སྡུག་རྐྱེན་འགྱུར།  མི་ཚེའི་མག་མོག་གི་རྣམ་པ་གཅིག་བསྡུས་སུ་གྲུབ་ནས་མི་གཞིའི་གཉོམ་སོ་བསྙབས་ཡོད་ལ་མི་ཚུལ་གྱི་འཆིང་རྒྱ་གྲོལ་མེད་པའི་ཟབ་སའང་ཟུར་ངོས་ནས་སྣང་ཡོད།  འཁྲབ་ཁྲིད་པས་བྱིས་པའི་འཇིག་རྟེན་གྱི་མཐོང་སྣེ་ནས་མིའི་གཏིང་དང་ཤུབས་ཀྱི་བར་ཁྱད་མངོན་པར་གསལ་འདོན་བྱས་པས།  མི་རེ་རེ་ཡི་འཚོ་བའི་བསྡུས་གཟུགས་ནི་བརྙན་མིག་གི་འགྱུར་བ་དང་བཅར་འདྲིའི་ཟུར་འཁྲབ་ལས་བདེན་པ་གང་ཞིག་གི་མཛེས་བ་མངོན་འདུག   མི་ནི་འོད་ལས་འཚོ་བ་ཡིན་ལ་མུན་ནག་ལས་ཀྱང་འཚོ་བ་ཡིན།  འོད་ནི་རེ་བ་གང་ཞིགི་འཚོ་གནས་ཀྱི་བརྡ་རྟགས་ཡིན་པས། མེ་ཏོག་དཀར་པོས་འོད་ལ་འཁྱུད་ནས་འོད་ཐིག་ལ་རེ་བ་ཐེངས་གསུམ་བཅོལ་བ་དེ་ནི་མིའི་མ་མཐའི་སེམས་ཁམས་ཀྱི་དགོས་མཁོ་དང་དངོས་ཡོད་ཀྱི་བརྡ་ལན་ཡིན།  གློག་བརྙན་གྱི་མཇུག་མཐའི་བརྙན་རིས་ལས་རེ་བ་ནི་ཉི་ཐིག་ཅིག་ལ་བཅོལ་བའི་བུ་མོ་ཆུང་ཆུང་གི་མི་ཚེ་ནི་མ་གཞི་ནས་འདྲི་གཞི་ཆེན་པོ་ཞིག་ཏུ་གྱུར་བ་རེད།  

 微信图片_20200801124007.jpg

                གློག་བརྙན་འདི་ནི་འཁྲབ་ཁྲིད་པས་ཏག་ཏག་ལོ་ངོ་གསུམ་ཙམ་གྱི་དུས་ཡུན་ལ་ཡུལ་དངོས་ཇུས་བཀོད་དང་བརྙན་ཕབ་ཟུར་འཇུག  བཟོ་སྐྲུན་ལས་རིམ་དག་བརྒྱུད་ནས་དོན་དངོས་ཀྱི་གཏམ་རྒྱུད་དང་དངོས་བྱུང་ལ་གཞིགས་ནས་གློག་བརྙན《མེ་ཏོག་དཀར་པོ》ཞེས་པ་བཞེངས་སྐྲུན་བྱས་པ་ལས་བྱིས་པ་བརྗོད་གཞི་རུ་འཛིན་པའི་གློག་བརྙན་ཡག་ཤོས་སུ་འགྲོ།  བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་འཕེལ་རིམ་ལས་བྱིས་པ་བརྗོད་གཞི་དང་བྱིས་པའི་འཇིག་རྟེན་མཐོང་བའི་གློག་བརྙན་ནམ་བརྙན་ཐུང་ནི་ཐོར་རེ་ཙམ་ལས་མི་འདུག་ཡང་།  ལོ་ངོ་འདི་དག་གི་རིང་ལ་གློག་བརྙན《ཆུ་ལྷམ་ཆུང་ཆུང》དང《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས》《མེ་ཏོག་དཀར་པོ》སོགས་བྱུང་བ་རེད།  གཏམ་རྒྱུད་ཀྱི་བཙལ་སའི་ཡུལ་ནི་བྱིས་པ་ཡིན་ལ་བྱིས་པའི་འཇིག་རྟེན་གྱི་མཐོང་སྣེ་སྤྱད་དེ་བྱིས་པའི་ལས་དབང་དང་བྱིས་པའི་དངོས་ཡོད།  བྱིས་པའི་ཕུགས་འདུན།  བྱིས་པའི་གཤིས་ཀ་དང་་ངང་ཚུལ་ཅི་རིགས་ནི་བརྙན་མིག་མི་འདྲ་བ་དང་བརྙན་རིས་ཀྱི་སྡེབ་ཁ་མི་འདྲ་བ་ལས་བྱུང་བ་ཡིན། དེ་ནི་བོད་བརྙན་འཕེལ་སྟངས་གསར་བའི་ལོ་རྒྱུས་ཀྱི་ཁ་ཚོན་ཞིག་ཡིན།  

image004.jpg

              འཁྲབ་ཁྲིད་པ་མཁར་བྱམས་རྒྱལ་ནི་ན་གཞོན་གློག་བརྙན་གྱི་སྡེ་ནས་གློག་བརྙན་ལ་འཇུག་པའི་བློ་སྤོབས་དང་སྙིང་རུས་ནི་ནམ་ཡང་ཞུམ་པ་མེད་པའི་ན་གཞོན་སྟག་གི་ཐིག་ལེ་ཅན་ཞིག་ཡིན་པ་ཁོའི་བརྩམས་ཆོས་དང་བརྩམས་ཆོས་ཀྱི་བྱུང་བ་ལས་བདེན་དཔང་བྱས་ཡོད།  མང་པོ་ཞིག་གིས་སྙིང་ཁམས་ཀྱི་འཕར་རྩ་དང་བསྟུན་ནས་ལབ་བརྡོལ་རླུང་ལ་འདྲེས་ནས་དབྱིངས་རིམ་བརྟོལ་ཡང་དོན་གྱིས་བསམ་བློའི་ས་མིག་ཙམ་ཡང་ཟིན་ཐབས་མི་འདུག ཡིན་ཡང་།  འཁྲབ་ཁྲིད་པ་ཁོའི་གློག་བརྙན་ལ་གཞིགས་ནས་ཕ་ཡུལ་ལུང་བའི་བདེ་སྡུག་དང་དར་རྒུད་བརྙན་མིག་གིས་བཙལ་ཞིང་བརྙན་རིས་ཀྱི་གཏམ་རྒྱུད་དུ་བཞེངས་ཡོད།  དཔེར་ན། གློག་བརྙན《དཔའ་བོའི་ལུང་བ》དང《མེ་ཏོག་དཀར་བོ》ལྟ་བུ་ཡིན།  ཐོག་མའི་བརྩམས་ཆོས《དཔའ་བོའི་ལུང་པ》ལ་སྔ་ཕྱིར་ཧྥ་རན་སིའི་རང་ཧུའུ་ཧྲི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་།  (Jean Rouch International Film Festival)དང་དབྱི་ཊ་ལིའི་མིའི་རིགས་རིག་པའི་གློག་བརྙན་དུས་སྟོན།  (Intimate Lens Film Festival)སོགས་སུ་གཟེངས་རྟགས་དང་འདེང་འཇོག་གི་ཚད་རིམ་མཐོ་བ་མ་ཟད།  ཨ་རིའི་སྒྱུ་རྩལ་འགྲེམ་སྟོན་ཁང་གི་དེང་རབས་ཡ་གླིང་སོགས་སུ་འགྲེམ་བརྙན་གྱི་སྡེ་བར་ཚུད་པའི་སྐབས་གླགས་ཀྱང་བྱུང་མྱོང་།  ཉེ་ཆར་ཁོས་གློག་བརྙན《མེ་ཏོག་དཀར་པོ》ཞེས་པ་ལེགས་འགྲུབ་བྱུང་བ་དང་སྦྲགས།  གློག་བརྙན་འདི་ལ་སྐབས་བཅུ་བཞི་བའིfirst ན་གཞོན་གློག་བརྙན་དུས་སྟོན་གྱི་སྐས་རིམ་ལ་བརྙེས་པ་མ་ཟད།  ན་གཞོན་གློག་བརྙན་འགྲེམས་བརྙན་གྱི་སྡེ་ཚན་བྱ་དགའ་དང་དཔྱད་འཇོག་མཐུན་ཚོགས་ཀྱི་གཟེངས་རྟགས།  ལངས་ཕྱོགས་བརྟན་པའི་རྩེ་གྲའི་དངོས་བཤུས་གློག་བརྙན་རྟགས་མ་བཅས་ཐོབ་པ་རེད།  རྒྱུས་ལོན་པ་ལྟར་ན།  མཚོ་བོད་མཐོ་སྒང་གི་གློག་བརྙན་དུས་སྟོན་ཆེན་མོ་འདི་ལས་བོད་བརྙན་གྱི་ངོས་ནས་གློག་བརྙན་གཟེངས་རྟགས་ཐོག་མ་འཐོབ་པའི་གྲས་ཡིན་པར་སྐད།  


གསལ་བཤད། ཆོག་མཆན་མེད་པར་གང་བྱུང་དགོད་མི་རིགས།

དཔྱད་མཆན་ཡོད།