གློག་བརྙན་ནང་གི་བོད་ཀྱི་རིག་གནས།

          རིག་གནས་ཞེས་པ་ནི་གོ་དོན་ཧ་ཅང་རྒྱ་ཆེ་བའི་མིང་ཚིག་ཞིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་དུས་ཡུན་རིང་པོར་ཞིབ་འཇུག་བྱས་པ་ལས། སྒྲ་ཡངས་འཇུག་གི་རིག་གནས་ཞེས་པ་ནི་མིའི་རིགས་ཀྱིས་སྤྱི་ཚོགས་དང་ལོ་རྒྱུས་གོང་འཕེལ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་གསར་སྐྲུན་བྱས་པའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་གོ་ཞིང་། སྒྲ་དོག་འཇུག་གི་རིག་གནས་ཞེས་པ་ནི་འདུ་ཤེས་འཛིན་སྟངས་ལས་ཐོན་པའི་བསམ་པའི་དཔལ་ཡོན་ཁོ་ན་སྟེ་དཔེར་ན་ཆོས་ལུགས་དང་། དད་མོས། ཡུལ་སྲོལ། ཀུན་སྤྱོད། བསམ་བློ། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། སྤྱི་ཚོགས་སྒྲིག་གཞི་བཅས་ལ་ངོས་འཛིན་བྱེད་བཞིན་ཡོད།

         གློག་བརྙན་ནི་སྒྱུ་རྩལ་གྱི་རིགས་ཤིག་ཡིན་པའི་ཆ་ནས་ཡུལ་དུས་ངེས་ཅན་ཞིག་དང་བརྗོད་བྱ་ངེས་ཅན་ཞིག་གི་ལོ་རྒྱུས་དང་། སྤྱི་ཚོགས། སྲོལ་རྒྱུན། གོམས་གཤིས། སྒྱུ་རྩལ། མི་གཤིས། སྤྱོད་པ། རིན་ཐང་ལྟ་བ་སོགས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་རྣམས་ཕྱོགས་ཅིག་ཏུ་མངོན་བཞིན་ཡོད། ལོ་རྒྱུས་ཀྱི་རྒྱུན་རིང་ཤིང་ནང་དོན་ཕུན་སུམ་ཚོགས་ལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པའི་བོད་ཀྱི་རིག་གནས་ནི་དེ་བཞིན་དུ་བོད་བརྗོད་གློག་བརྙན་གྱི་བརྗོད་བྱའི་འབྱུང་ཁུངས་དང་རྗོད་བྱེད་ཀྱི་རྣམ་པར་གྱུར་ཡོད། དེ་ཡང་བོད་བརྗོད་གློག་བརྙན་ནང་གི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་མཐའ་ཅིག་ཏུ་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ལ། ང་ཚོས་འདི་གར་རིག་གནས་མ་ལག་གི་རྩ་བའི་གྲུབ་སྟངས་གཞིར་བཟུང་སྟེ་ངོ་སྤྲོད་ཚུལ་གྱིས་བོད་བརྗོད་གློག་བརྙན་ནང་གི་བོད་ཀྱི་རིག་གནས་ལ་ཞིབ་ལྟ་ཞིག་བྱས་ན།

 

དང་པོ།  མཐོ་སྒང་གི་འཚོ་བ་དང་ཞིང་འབྲོག་ཐོན་སྐྱེད་ཀྱིས་ཐག་གཅོད་བྱས་པའི་བོད་ཀྱི་དངོས་པོའི་རིག་གནས།

          རིག་གནས་རིག་པའི་གཞུང་ལུགས་ལྟར་ན། རིག་གནས་མ་ལག་གི་གྲུབ་སྟངས་ནི་རིམ་པ་གསུམ་དུ་དབྱེ་ཆོག་ལ། རིམ་པའི་ཕྱི་མ་ནི་དངོས་པོའི་རིག་གནས་དང་། རིམ་པ་བར་མའི་ལམ་ལུགས་ཀྱི་རིག་གནས། རིམ་པ་ནང་མ་བསམ་བློའི་རིག་གནས་བཅས་ཡིན། དངོས་པོའི་རིག་གནས་ཟེར་བ་ནི་སྤྱིར་བཏང་རིག་གནས་མ་ལག་དེ་ཉིད་འབྱུང་འཕེལ་གྱི་ཁོར་ཡུག་གིས་ཐག་བཅད་ཅིང་ཕྱི་ཚུལ་ནས་མངོན་ཐུབ་པའི་རིག་གནས་ཀྱི་རྣམ་པ་ཞིག་སྟེ། དཔེར་ན་བཟའ་བཏུང་དང་། གྱོན་ཆས། སྡོད་གནས་སོགས་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་བཅས་དང་འབྲེལ་པའི་རིག་གནས་ཀྱི་རྣམ་པ་དང་།  ཞིང་ལས་དང་། འབྲོག་ལས། ནགས་ལས། ཉ་ལས། ཞོར་ལས་སོགས་ཞིང་འབྲོག་ཐོན་སྐྱེད་དང་འབྲེལ་པའི་རིག་གནས་ཀྱི་རྣམ་པ། དེ་ལས་གཞན་ཕྱི་ཚུལ་ནས་མངོན་ཐུབ་པའི་ཚན་རྩལ་གྱི་འབྲས་བུ་སོགས་ཀྱང་དངོས་པོའི་རིག་གནས་སུ་བརྩི་ཆོག 

          སྤྱིར་དངོས་པོའི་རིག་གནས་ལ་ཆ་མཚོན་ནས་བཤད་ན་དེའི་ཐོག་གི་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱས་ཆོས་ཧ་ཅང་མངོན་གསལ་ཡིན། མི་རིགས་མི་འདྲ་བའམ་དུས་རབས་མི་འདྲ་བའི་དངོས་པོའི་རིག་གནས་ལ་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། གློག་བརྙན་ཞིག་གིས་མངོན་པའི་དངོས་པོའི་རིག་གནས་ཀྱིས་མི་རིགས་དང་དུས་རབས་ཀྱི་ཆ་ནས་གློག་བརྙན་དེ་གའི་ངོ་བོ་ཐག་གཅོད་བྱས་ཡོད། གངས་ལྗོངས་བོད་ཀྱི་ཡུལ་ཁམས་ནི་གཞི་རྒྱ་ཆེ་ཞིང་རང་བྱུང་ཁོར་ཡུག་གི་རྣམ་པ་ཕན་ཚུན་མི་འདྲ་བའི་དབང་གིས་མི་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་ལའང་ཁྱད་པར་ཆེ་ལ། བོད་ཀྱི་ལོ་རྒྱུས་གྱི་འཕེལ་རིམ་ཧ་ཅང་ཡུན་རིང་བས་ཕྱིར་མངོན་པའི་དུས་རབས་ཀྱི་ཁྱད་ཆོས་ཀྱང་དེ་བཞིན་དུ་མི་འདྲ། དཔེར་ན་རྩྭ་ས་སྤོ་བ་ལྟ་བུའི་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་བྱེད་སྟངས་ལས་བྱུང་པའི་རིག་གནས《 རྟ་ཇག 》(སྤྱི་ལོ༡༩༨༦)དང་རྨོ་འདེབས་བརྔ་བསྡུའི་རོང་ཁུལ་གྱི་འཚོ་བ《 ཡེ་ཤེས་སྒྲོལ་མ 》 (སྤྱི་ལོ༢༠༠༠)གཉིས་ཁྱད་པར་ཆེ་ལ། མདའ་གྲི་མདུང་གསུམ་གྱིས་གཡུལ་ཏུ་འཐབ་པའི་དུས་རབས《 ཧི་མ་ལ་ཡའི་རྒྱལ་སྲས 》 (སྤྱི་ལོ་༢༠༠༦)དང་དེང་རབས་རིག་གནས་ཀྱི་རླབས་རྒྱུན་རྒོད་པའི་དུས་རབས《 ལྷིང་འཇགས་སུ་གནས་པའི་མ་ཎི་རྡོ་འབུམ 》 (སྤྱི་ལོ་༢༠༠༥)གཉིས་ཀྱི་ཁྱད་ཆོས་གཏན་ནས་མི་འདྲ་བ་ལྟ་བུ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་གློག་བརྙན་གྱིས་རང་གི་བརྗོད་བྱ་དང་བསྟུན་པའི་དངོས་པོའི་རིག་གནས་ཞིག་མངོན་མེད་ན་ཧ་ཅང་དགོད་བྲོ་བའི་གནས་ཚུལ་ཐོན་ངེས་པ་དང་། ཐ་ན་གློག་བརྙན་ཧྲིལ་བོའི་སྤུས་ཚད་ལའང་གནོད་པ་ཐེབས་སྲིད། དཔེར་ན་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་བརྗོད་སྐབས་གློག་བརྙན་ནང་དུ་ཞྭ་སེར་གྱོན་པའི་དགེ་ལུགས་པའི་དགེ་འདུན་པ་མང་པོ་ཞིག་ཐོན་ཡོད་པ《 ཐང་རྒྱལ་གྱི་ཕོ་ཉ 》(སྤྱི་ལོ་༡༩༨༦)ལྟ་བུ།  དེར་བརྟེན། གློག་བརྙན་གྱིས་ངེས་པར་དུ་རང་གི་བརྗོད་བྱ་གཞིར་བཟུང་སྟེ་དེ་དང་བསྟུན་པའི་དངོས་པོའི་རིག་གནས་མངོན་དགོས་པ་དང་། དངོས་པོའི་རིག་གནས་ནི་ལག་རྩལ་གྱི་ཆ་ནས་གློག་བརྙན་གྱི་བརྗོད་བྱ་གསལ་བོར་སྟོན་པའི་དངོས་པོའི་རྨང་གཞི་ཡིན་པ་མ་ཟད། གློག་བརྙན་ཞིག་གི་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་གཉིས་ཀྱི་མཚོན་བྱེད་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

                                                                                     QQ图片20130525013257.jpgQQ图片20130525013257.jpg

གཉིས་པ།  ཆོས་སྲིད་ཟུང་འབྲེལ་དང་ཚོ་བའི་ལམ་ལུགས་ཀྱིས་ཁྱད་ཆོས་བྱས་པའི་བོད་ཀྱི་ལམ་ལུགས་ཀྱི་རིག་གནས།

           ལམ་ལུགས་ཀྱི་རིག་གནས་ནི་མིའི་རིགས་ཀྱིས་མིའི་རིགས་རང་ཉིད་དང་སྤྱི་ཚོགས་སོགས་གོང་འཕེལ་འགྲོ་བའི་དགོས་མཁོར་གཞིགས་ནས་རང་འགུལ་གྱིས་གསར་གཏོད་བྱས་པའི་ཚད་ལྡན་མ་ལག་དག་ལ་ཟེར་ཞིང་། རིག་གནས་རིག་པའི་གཞུང་ལུགས་ལྟར་ན་དེ་ནི་རིག་གནས་མ་ལག་གི་རིམ་པ་བར་མར་གནས་ཡོད་པ་དང་། ཆབ་སྲིད་ལམ་ལུགས་དང་། དཔལ་འབྱོར་ལམ་ལུགས། ཆོས་ལུགས་ལུམ་ལུགས། རིག་གནས་ལམ་ལུགས་སོགས་མིའི་རིགས་སྤྱི་ཚོགས་ཀྱི་ཚད་ལྡན་མ་ལག་ཀུན་ལམ་ལུགས་རིག་གནས་ཀྱི་ཁོངས་སུ་གཏོགས་ཡོད་ལ། བོད་མི་རིགས་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བྱུང་པའི་དཔོན་གནས་སྒྲིག་གཞི་དང་། དམག་དོན་སྒྲིག་གཞི། ཁྲིམས་ལུགས། དཔྱ་ཁྲལ་ལམ་ལུགས། སློབ་གསོ་ལམ་ལུགས་སོགས་ཚང་མ་བོད་ཀྱི་ལམ་ལུགས་རིག་གནས་ཡི་གྲུབ་ཆ་གལ་ཆེན་ཡིན་ལ། གལ་ཏེ་གློག་བརྙན་ཞིག་གིས་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་མངོན་དགོས་ན་ངེས་པར་དུ་བོད་ཀྱི་ལམ་ལུགས་རིག་གནས་ཀྱི་ཁྱད་ཆོས་མངོན་རྒྱུར་མཐོང་ཆེན་བྱེད་དགོས། དཔེར་ན་བོད་བརྗོད་གློག་བརྙན་ཞིག་ཡིན་ཚེ་མི་སྣའི་འགྲོ་ལུགས་འདུག་སྟངས་ངེས་པར་དུ་བོད་ཀྱི་སྤྱིར་བཏང་གི་གུས་ལུགས་དང་མཐུན་དགོས་པ་པ་དང་། གལ་ཏེ་མ་མཐུན་ན་བོད་ཀྱི་སྤྱི་ཚོགས་དོན་དངོས་དང་འགལ་པས་བོད་བརྗོད་གློག་བརྙན་གྱི་མིང་ཙམ་ཡང་ཐོགས་དཀའ།

          བོད་ཀྱི་ལོ་རྒྱུས་སྟེང་གི་ལམ་ལུགས་རིག་གནས་ལས་དཔལ་འབྱོར་སྟེང་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་ཆབ་སྲིད་སྟེང་གི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་མཚོན་ན། ལམ་ལུགས་དེ་གཉིས་ལས་བོད་རྙིང་བའི་འདྲ་མཉམ་མ་ཡིན་པའི་ཐོན་སྐྱེད་རྒྱུ་ཆས་དབང་པའི་ལམ་ལུགས་དང་། དཔྱ་ཁྲལ་ལམ་ལུགས། ཁྲིམས་གཅོད་ལམ་ལུགས་སོགས་བྱུང་ཡོད་ལ། ལམ་ལུགས་རིག་གནས་དེས་ཀྱང་བོད་རྙིང་པའི་སྤྱི་ཚོགས་ཀྱི་ངོ་བོ 《ཞིང་བྲན》  (སྤྱི་ལོ་༡༩༦༣)གསལ་བཤད་བྱས་ཡོད། རུ་སྐོར་དང་ཚོ་བའི་ལམ་ལུགས་ནི་མདོ་ཁམས་ཡུལ་དུ་ཆགས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་ཞིག་ཡིན་པ་དང་དེའི་ཁྱད་ཆོས་ནི། ཚོ་བ་རེ་རེ་ཉིད་སྲིད་འབྱོར་དམག་གསུམ་གྱི་སྟོབས་ཤུགས་ཧྲིལ་བོ་གཅིག་ཏུ་སྒྲིལ་བའི་བལྟོས་བཅས་ཀྱི་ས་གནས་སྟོབས་ཤུགས་ཤིག་ཡིན་པ་དང་། ཚོ་བའི་འགོ་བའམ་དཔོན་པོ་ནི་ཁྱིམ་རྒྱུད་རྒྱུད་འཛིན་བྱེད་པ། ཚོ་བའི་དབང་ཆ་དང་འོས་འགན་ནི་ཚོ་མི་རྣམས་ཀྱིས་མཉམ་རོལ་མཉམ་འཁུར། ལུགས་དང་འགལ་ན་ཚོ་བ་ནས་མཐར་སྐྲོད་གཏོང་བ་སོགས་བོད་བརྗོད་གློག་བརྙན་ཁ་ཤས་ལས་ཀྱང་མཐོང་ཐུབ་པ《རྟ་ཇག》དང་《 བོད་ཀྱི་སྔོན་བྱུང་གཏམ་རྒྱུད 》 (སྤྱི་ལོ་༢༠༡༡)ལྟ་བུའོ།།

         ལམ་ལུགས་རིག་གནས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ་སྤྱི་ཚོགས་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་པས། ཡུལ་དུས་ངེས་ཅན་ཞིག་གི་རིག་གནས་སྣང་ཚུལ་མངོན་པའི་གློག་བརྙན་གཅིག་གི་ནང་དུ་ལམ་ལུགས་རིག་གནས་མི་འདྲ་བ་མང་པོ་འདུས་སྲིད་པ་དཔེར་ན《 ལྷིང་འཇགས་སུ་གནས་པའི་མ་ཎི་རྡོ་འབུམ 》ལས་བོད་ཀྱི་དགོན་སྡེའི་སློབ་གསོ་ལམ་ལུགས་དང་། སྤྲུལ་སྐུའི་ལམ་ལུགས། དམངས་ཁྲོད་དུས་ཆེན་ལམ་ལུགས་སོགས་མངོན་ཡོད་ལ། 《 ཧི་མ་ལ་ཡའི་རྒྱལ་སྲས 》ལས་སྐབས་དེའི་ཚོ་བའི་ལམ་ལུགས་དང་། དམག་དོན་ལམ་ལུགས། གཉེན་སྒྲིག་ལམ་ལུགས། འདས་མཆོད་ལམ་ལུགས་སོགས་རྟོགས་ཐུབ་པ་ལྟ་བུ།

                  

གསུམ་པ།  སངས་རྒྱས་ཆོས་ལུགས་དང་བོན་ཆོས་བསམ་བློས་སྙིང་པོ་བྱས་པའི་བོད་ཀྱི་བསམ་བློའི་རིག་གནས།

            བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་སྤྱིའི་འཕེལ་རིམ་ལས་མཐོང་ཐུབ་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་བོད་ཀྱི་རིག་གནས་གསར་བ་གྲུབ་པའི་དུས་སྔོན་གྱི་ཡུན་རིང་གི་ལོ་རྒྱུས་ནང་ཆོས་ལུགས་རིག་གནས་ནི་བོད་ཀྱི་རིག་གནས་མ་ལག་གི་སྙིང་པོ་ལྟ་བུར་གྱུར་ཡོད། གདོད་མའི་སྤྱི་ཚོགས་སྐབས་ཀྱིསྣང་སྲིད་ལྷའི་རྣམ་རོལ་དུ་འཛིན་པའིགདོད་མའི་དད་པ་དང་། དེ་ནས་བོན་ཆོས་ཀྱིཁམས་གསུམལྟ་བ། དེ་ནས་སངས་རྒྱས་ཆོས་ལུགས་ཀྱིརྟེན་འབྲེལདང་། བྱམས་སྙིང་རྗེ། འཁོར་བསོགས་ཆོས་ལུགས་འདུ་ཤེས་ཀྱིས་བོད་ཀྱི་རིག་གནས་མ་ལག་གི་རིམ་པ་ནང་མར་གནས་ཡོད་པའི་བསམ་བློའི་རིག་གནས་ལ་ཁ་ལོ་བསྒྱུར་བཞིན་ཡོད་ལ། དེའི་ནང་ལྷག་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་འདུ་ཤེས་ནི་དུས་ཡུན་རིང་མོའི་ནང་བོད་མི་རིགས་ཀྱིས་མི་དང་རང་བྱུང་ཁམས་དང་། མི་དང་སྤྱི་ཚོགས། མི་དང་མིའི་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་ཚད་འཛིན་རྨང་གཞིར་གྱུར་ཡོད་པ་ཚང་མས་ཤེས་གསལ་རེད།

            གདོད་མའི་དུས་ཀྱིསྣང་སྲིད་ལྷའི་རྣམ་རོལ་དུ་འཛིན་པའིབསམ་བློ་ལས་བྱུང་བའི་རང་བྱུང་ཁམས་ལ་དད་པ་དང་། དད་པ་དེ་ལས་བྱུང་བའི་འཛེམ་བྱའི་རིག་གནས་སྣ་ཚོགས་རྗེས་སུ་བོན་ཆོས་དང་སངས་རྒྱས་ཆོས་ལུགས་ཀྱིས་མུ་འཐུད་དུ་འཐུས་ཚང་བཏང་ཡོད་པས་ད་ལྟའང་བོད་ཀྱི་དམངས་ཁྲོད་རིག་གནས་ནང་ཁྱབ་རྒྱ་ཆེ།  དཔེར་ན《 ཧི་མ་ལ་ཡའི་རྒྱལ་སྲས 》ནང་གི་གནས་རིར་དད་པ་དང་། 《 ཁྲག་དམར་ལུང 》 (སྤྱི་ལོ༢༠༠༦)ནང་གི་བླ་མཚོའི་འཛེམ་བྱ། 《 རྟ་ཇག 》ནང་གི་ལབ་རྩེ་བསྟོད་པ་དང་། 《 སྐོར་བ》 (སྤྱི་ལོ༢༠༡༡)ནང་གི་རླུང་རྟ་བསྐུར་བ་སོགས་ལྟ་བུའི་ཡུལ་སྲོལ་རྣམས་ནི་འདུ་ཤེས་རིག་གནས་དེ་འདྲ་བའི་མངོན་ཚུལ་ཞིག་ཡིན། བོན་ཆོས་ཀྱིས་གདོད་མའི་དད་པ་དེ་དག་ཚད་ལྡན་ཅན་དང་འཐུས་ཚང་ཅན་དུ་བསྒྱུར་ནས་བོད་ཀྱི་རིག་གནས་ཀྱི་རྨང་གཞི་བཏིངས་ཡོད་ལ། ཁམས་གསུམགྱི་ལྟ་བ་དང་བཙན་གཉན་ཀླུའི་རིག་གནས་ལས་བྱུང་བའི་ཕྱག་འཚལ། སྐོར་བ། བསྟོད་པ། མཆོད་པ། མོ་འདེབས། ལྷ་འབབ། གཏོ་བཅོས་སོགས་བོན་ཆོས་རིག་གནས་ཀྱི་ཕྱི་ཚུལ་རྣམ་པ་བོད་བརྗོད་གློག་བརྙན་མང་པོའི་ནང་དུ་མཐོང་རྒྱུ་ཡོད།

          སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་འདུ་ཤེས་ཕྱིར་མངོན་ཡོད་པ་བོད་བརྗོད་གློག་བརྙན་ནང་དུ་མཐོང་རྒྱུ་དེ་བས་མང་། དེ་ཡང་བོད་ནི་ཆོས་དད་མི་རིགས་ཡིན་པ་དང་བོད་རིགས་རིག་གནས་ནང་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་ཆེ་བས། ད་བར་བོད་བརྗོད་གློག་བརྙན་ཞིག་ཡིན་པའི་ཚེ་ན་རང་གི་བརྗོད་བྱར་དགོས་ངེས་ཡིན་མིན་ལ་བསམ་བློ་མ་བཏང་བར་དགོན་པ་དང་། དགེ་འདུན་པ། མཆོད་མེ། མ་ཎི་འཁོར་ལོ། དར་ལྕོག་སོགས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་མཚོན་བྱ་དག་ཨུ་ཚུགས་ཀྱིས་གློག་བརྙན་ནང་དུ་བཅུག་ཡོད་པའི་སྣང་ཚུལ་མང་པོ་ལས་ཆོས་ལུགས་བསམ་བློའི་རིག་གནས་དང་གློག་བརྙན་གྱི་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་པ་གསལ་བཤད་བྱེད་ཐུབ། སྤྱིར་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་འདུ་ཤེས་དེ་བོད་མི་རིགས་ཀྱི་འཚོ་བ་དང་ཐོན་སྐྱེད་སོགས་ཕྱོགས་གང་ཐད་ལ་ཚུད་ཡོད་པ་དང་། དཔེར་ན་བྱམས་སྙིང་རྗེ་དང་། སྦྱིན་པ། འདྲ་མཉམ། རྟེན་འབྲེལ། འཁོར་བ་སོགས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་འདུ་ཤེས་གཙོ་བོ་དེ་དག་གློག་བརྙན་གྱི་སྐད་ཆ་མི་འདྲ་བ་བཀོལ་ནས་མངོན་ཆོག་སྟེ། པད་མ་ཚེ་བརྟན་གྱི《 ལྷིང་འཇགས་སུ་གནས་པའི་མ་ཎི་རྡོ་འབུམ 》དང་《 འཚོལ》(སྤྱི་ལོ༢༠༠༩)ཞེས་པའི་གློག་བརྙན་གཉིས་ནང་དུ་བྱམས་སྙིང་རྗེ་དང་སྦྱིན་པའི་བསམ་བློའི་ཚབ་མཚོན་དུ་འོས་པའི་རྒྱལ་པོ་དྲི་མེད་ཀུན་ལྡན་དེ་ཉིད་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་བརྩིས་ནས་བརྗོད་བྱའི་དམིགས་བྱ་ཇེ་གསལ་དུ་བཏང་ཡོད་པ་དང་།  ཡང《 རྟ་ཇག 》དང་《 ཨ་ཆེན་གངས་རྒྱབ 》(སྤྱི་ལོ་༢༠༠༤)ནང་ནས་བསྟན་པའི་ཕུང་པོ་བྱ་གཏོར་གྱི་ལུགས་སྲོལ་གྱིས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་འདུ་ཤེས་གཙོ་བོ་དེ་དག་མཐའ་ཅིག་ཏུ་མངོན་ཡོད་པ་ལྟ་བུ།

                                     QQ图片20130525083245.jpg        

          བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་པ་དང་དམངས་གཙོའི་བཅོས་བསྒྱུར་བྱས་པ་ནས་བཟུང་བོད་ཀྱི་ལོ་རྒྱུས་དང་རིག་གནས་གོང་འཕེལ་འགྲོ་བའི་ལམ་བུ་གསར་བ་ཞིག་གི་འགོ་ཚུགས་ཡོད་པ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་པར་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་། བོད་གྱི་རིག་གནས་ཀྱང་དེ་བཞིན་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་བའི་ལམ་དུ་མཆོངས་སྐྱོད་བྱས་ཡོད། 《 ཞིང་བྲན》ནས《 རྟ་ཇག 》དང། དེ་ནས《 ཡེ་ཤེས་སྒྲོལ་མ 》《 ལྷིང་འཇགས་སུ་གནས་པའི་མ་ཎི་རྡོ་འབུམ 》སོགས་དུས་རབས་གསར་བའི་བོད་བརྗོད་གློག་བརྙན་གསར་པ་དག་གིས་བོད་རིགས་མི་དམངས་ཀྱིས་རང་ཁྱིམ་རང་བདག་དང་བཅོས་བསྒྱུར་སྒོ་དབྱེའི་རླབས་ཆེ་བའི་གྲུབ་འབྲས་རྒྱ་ཆེན་པོར་མངོན་ཡོད་ལ། ཡུན་རིང་བའི་བོད་ཀྱི་རིག་གནས་སྲོལ་རྒྱུན་དང་རྩ་ཆེ་བའི་བོད་ཀྱི་རིག་གནས་རིན་ཐང་ཡང་མངོན་ཡོད། དེ་ཡང་བོད་ཀྱི་རིག་གནས་མུ་འཐུད་དུ་འཕེལ་རྒྱས་དང་ཕུན་སུམ་ཚོགས་པར་འགྲོ་བའི་རླབས་རྒྱུན་གྱི་སྐུལ་འདེད་འོག  བོད་བརྗོད་གློག་བརྙན་ཁྲོད་ཀྱི་བོད་ཀྱི་རིག་གནས་ནི་དེ་བས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་རྒྱུ་ནི་སྨྲ་མ་དགོས་པ་ཞིག་རེད་སྙམ།

 

དཔྱད་མཆན་ཡོད།