བོད་ཀྱི་ཕ་སྐད་གློག་བརྙན་གྱི་འཕེལ་རྒྱས་དང་འབྱུང་འགྱུར།

           དེ་ཡང་རང་རྒྱལ་ནས་ཐོན་པའི་བོད་བརྗོད་གློག་བརྙན་གྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་ལྟ་བྱས་ཚེ། ཕ་སྐད་གཙང་མ་སྤྱོད་པའི་གློག་བརྙན་ནི་དུས་རབས་གསར་བའི་ནང་གཞི་ནས་བྱུང་པ་ཡིན་ལ། ཐོན་ཚད་ཉུང་ཡང་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ཡོད།

           འདིར་བོད་བརྗོད་ཕ་སྐད་གློག་བརྙན་ཞེས་པ་ནི་བོད་སྐད་གཙང་མས་གསར་རྩོམ་དང་འཁྲབ་སྟོན་བྱས་པའི་གློག་བརྙན་ལ་གོ་བ་དང་། དེ་ལས་ཕ་སྐད་གཙང་མས་འཁྲབ་སྟོན་ཞེས་པ་ནི་གློག་བརྙན་ནང་གི་མི་སྣས་བོད་སྐད་གཙང་མ་བཀོལ་སྤྱོད་བྱེད་པར་གོ་བ་ཚང་མས་མཁྱེན་གསལ་རེད། བོད་སྐད་གཙང་མས་གསར་རྩོམ་ཞེས་པ་ནི་འཁྲབ་གཞུང་གི་རྩོམ་པ་པོས་དང་ཐོག་འཁྲབ་གཞུང་ལ་བསམ་གཞིགས་དང་དངོས་སུ་གསར་རྩོམ་བྱེད་སྐབས་སྐད་རིགས་གཞན་མ་ཡིན་པར་བོད་སྐད་གཙང་མ་བེད་སྤྱོད་བྱས་པ་དེ་ཡིན་ལ། བོད་སྐད་གཙང་མས་གསར་རྩོམ་བྱས་པ་ནི་བོད་བརྗོད་ཕ་སྐད་གློག་བརྙན་གྱི་རྩ་བའི་ཁྱད་ཆོས་ཡིན་པ་མ་ཟད་དེ་དང་སྒྲ་བསྒྱུར་གློག་བརྙན་བར་གྱི་རྩ་བའི་ཁྱད་པར་ཡང་ཡིན།

          དུས་རབས་གསར་བར་བོད་བརྗོད་ཕ་སྐད་གློག་བརྙན་དེ་མེད་པ་ནས་ཡོད་པ་དང་། དུས་ཐུང་ངུའི་ནང་དུ་དར་རྒྱས་གོང་འཕེལ་ཡོང་བ་ནི་བོད་ཡུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་དེ་ཉེ་བའི་ལོ་ངོ༣༠ལྷག་གི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་ཁ་བྲལ་ཐབས་མེད། བཅོས་སྒྱུར་སྒོ་དབྱེ་བྱས་པ་ནས་བཟུང་། བོད་ཡུལ་གྱི་སྤྱི་ཚོགས་འཕོ་འགྱུར་དང་དཔལ་འབྱོར་གོང་སྤེལ་གྱི་གོམ་སྟབས་ནི་ཇེ་མགྱོགས་ནས་ཇེ་མགྱོགས་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ནི་ཉིན་བཞིན་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད། དེ་དང་དུས་མཉམ་དུ། ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་དང་འགྲོགས་ནས་ཐོན་པའི་འདུ་ཤེས་གསར་བ་དང་སྲོག་རྒྱུན་རིག་གནས་བར་གྱི་འགལ་བའང་རིམ་བཞིན་ཐོན་བཞིན་ཡོད། དུས་རབས་དང་སྤྱི་ཚོགས་རྒྱབ་ལྗོངས་དེ་ནི་བོད་བརྗོད་ཕ་སྐད་གློག་བརྙན་དར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་དང་། རྒྱུ་རྐྱེན་གཞན་ཞིག་ནི་དུས་སྐབས་འདིར་བོད་ཡུལ་ནས་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་སྐོར་ཞིག་གཅིག་མཇུག་གཉིས་མཐུད་ངང་གློག་བརྙན་ལས་རིགས་སུ་ཞུགས་ཡོད་པ་དེ་ཡིན། མི་རིགས་གཞན་གྱི་གློག་བརྙན་ལས་བྱེད་པ་སོགས་དང་མི་འདྲ་བར། བོད་རིགས་ན་གཞོན་དེ་དག་མིག་ནང་གི་བོད་ཡུལ་དང་བོད་མི་ནི་སྒྲོ་འདོགས་དང་བྲལ་བའི་བཅོས་མིན་གྱི་ཕ་ས་དང་རང་ཉིད་ཀྱི་སྤུན་ཟླ་ཏག་ཏག་ཡིན་པས། རང་ཉིད་ཀྱི་ཕ་ཡུལ་དང་རིག་གནས་ལ་རང་ཤུགས་སུ་ཐོན་པའི་ཤེས་རྟོགས་དང་སེམས་གཏིང་ནས་ཐོན་པའི་དགའ་ཞེན་གྱིས་ཁོང་ཚོས་བརྩམས་པའི་གློག་བརྙན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ལྡན་པ་མ་ཟད་སྒྱུ་རྩལ་གྱི་ཆུ་ཚད་ཀྱང་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད།

            QQ图片20130525090359.jpg

          སྤྱི་ལོ༢༠༠༥ལོར།  པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི《 ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ 》ཞེས་པ་དེས་བོད་བརྗོད་ཕ་སྐད་གློག་བརྙན་དར་བའི་སྒོ་མོ་ཕྱེ་བ་དང་། དེ་བཞིན་དུ་དུས་སྐབས་འདིའི་བོད་བརྗོད་ཕ་སྐད་གློག་བརྙན་གྱིས་དེང་རབས་བོད་ཡུལ་གྱི་སྤྱི་ཚོགས་འཕོ་འགྱུར་དང་རིག་གནས་གསར་རྙིང་བར་གྱི་འགལ་བར་དོ་ཁུར་བྱེད་པའི་ཁྱད་ཆོས་གཙོ་བོ་དེ་གྲུབ་ཡོད། པདྨ་ཚེ་བརྟན་ནི་དེང་རབས་བོད་བརྗོད་ཕ་སྐད་གློག་བརྙན་གྱི་སྲོལ་གཏོད་མཁན་ཡིན་ལ། མིག་སྔའི་གྲུབ་འབྲས་གཅིག་པུར་གཞི་བཟུང་ནའང་བོད་ཙམ་མ་ཟད་ཀྲུང་གོའི་གློག་བརྙན་འཕེལ་རྒྱས་ལོ་རྒྱུས་ཁྲོད་དུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་གདོན་མི་ཟ། གློག་བརྙན《 ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ 》ཞེས་པས་བན་དེ་ཆུང་ཆུང་ཞིག་གི་གནམ་གང་ནས་ཚེས་གསུམ་བར་གྱི་འཚོ་བ་བསྟན་ཡོད་ལ། གློག་བརྙན་གྱིས་བསྡུར་དཔྱད་རིག་པའི་ལམ་ནས་རོང་གྲོང་ཞིག་གི་དུས་སྟོན་བྱ་འགུལ་དང་བན་དེ་ཆུང་ཆུང་གིས་བརྙན་འཕྲིན་ལྟ་བའི་དོན་ཕྲན་གཉིས་བརྒྱུད་དེ་དེང་སྐབས་བོད་ཡུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་གསར་རྙིང་གི་འགལ་ཟླ་ཞིབ་ཕྲའི་སྒོ་ནས་མངོན་ཡོད་པ་དཔེར་ན་བརྙན་འཕྲིན་ལྟ་བ་ལས་བན་དེ་ཆུང་ཆུང་ཞིག་གི་འཚོ་བ་ལ་བྱུང་བའི་འགྱུར་ལྡོག གྲོང་ཁྱེར་དུ་འགྲོ་བའི་འདུན་པ་ལས་ནུ་བོ་ཆུང་ཆུང་གི་སློབ་གསོ་ལྟ་བ་ལ་བྱུང་བའི་འགྱུར་ལྡོག རྒྱུད་འཛིན་པ་ཕ་ཡུལ་དང་བྲལ་བ་ལས་སྲོལ་རྒྱུན་རྡོ་བརྐོས་སྒྱུ་རྩལ་རྒྱུད་འཛིན་ལ་བྱུང་བའི་འགྱུར་ལྡོག རྒྱ་ནང་གི་ལྟད་མོ་བསྟན་པ་ལས་སྲོལ་རྒྱུན་ལྷ་མོའི་འཁྲབ་སྟོན་གྱི་གནས་བབ་ལ་བྱུང་བའི་འགྱུར་ལྡོག སྲོལ་རྒྱུན་དང་དེང་རབས། ཆོས་ལུགས་དང་སེར་སྐྱ། རྒྱུད་འཛིན་དང་རྩ་སྟོངས། དྭངས་གཙང་དང་ཉག་ཉོག་སོགས་གང་ཅིའི་ཐད་ཀྱི་འགལ་ཟླ་ནི་སྦ་གསང་མེད་པར་ཕྱིར་མངོན་ཡོང་ལ། འགལ་ཟླ་དེ་དག་དང་འབྲེལ་བའི་བསམ་གཞིགས་ནི་གློག་བརྙན་ནས་བསྟན་པའི་འགལ་ཟླ་ཉིད་ལས་ལྷག་པ་སྨྲ་མ་དགོས་པ་ཞིག་ཡིན།

            ༢༠༠༧ལོའི《 འཚོལ 》ཞེས་པ་ནི་པདྨ་ཚེ་བརྟན་གྱིས་འཁྲབ་འཁྲིད་གནང་བའི་གློག་བརྙན་གཉིས་པ་ཡིན། གློག་བརྙན་དེའི་ནང་རྒྱལ་བོ་དྲི་མེད་ཀུན་ལྡན་སྐོར་གྱི་འཁྲབ་འཁྲིད་ཚོགས་པ་ཞིག་གིས་གྲོང་ཚོ་དང་དགོན་སྡེ་སོ་སོར་སོང་ནས་རྒྱལ་བོ་དྲི་མེད་ཀུན་ལྡན་འཁྲབ་མཁན་ཞིག་འཚོལ་བའི་བརྒྱུད་རིམ་དང་མྱོང་ཚོར་བསྟན་ཡོད།  ཕྱི་ཚུལ་ནས་བལྟས་ན། 《 འཚོལ 》ཞེས་པའི་གློག་བརྙན་དེའི་བརྗོད་བྱ་གཙོ་བོ་ནི་ཚོང་པ་དང་བུ་མོ་སྒྲོལ་བྷེ་གཉིས་སོ་སོའི་བརྩེ་དུང་གི་གཏམ་རྒྱུད་ཡིན་པར་སྣང་། ཡིན་ན་ཡང་གློག་བརྙན་དེ་ཕོ་མོའི་བརྩེ་དུང་མཚོན་པའི་གློག་བརྙན་ཞིག་ཏུ་རྩིས་ན་ག་ལ་འགྲིག  གློག་བརྙན་གྱི་མིང་ལ《 འཚོལ 》ཞེས་པར་བཏགས་པ་ཇི་བཞིན། གློག་བརྙན་ནང་གི་འཁྲབ་འཁྲིད་ཚོགས་པས་སྐབས་བབས་སུ་འཚོལ་བཞིན་པ་ནི་རྒྱལ་བོ་དྲི་མེད་ཀུན་ལྡན་འཁྲབ་མཁན་ཞིག་ཡིན་པ་དང་། དོན་དངོས་སུ་རྒྱལ་བོ་དྲི་མེད་ཀུན་ལྡན་གྱིས་མཚོན་པའི་རླབས་ཆེ་བའི་མི་གཤིས་དང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་འཚོལ་བ་དེ་ཡིན་པར་སྙམ། རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི་སྐྱེས་རབས་ལས་བྱུང་བ་དང་། བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་གྲས་ཤིག་ཀྱང་ཡིན། དེ་ཡང་རྒྱལ་བོ་དྲི་མེད་ཀུན་ལྡན་ཟེར་བ་ནི་རང་བཞིན་གྱིས་གཏོང་ཕོད་ཆེ་བ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་རྩ་ཆེའི་ནོར་བུ་དགྲ་བོར་བྱིན་པ་མ་ཟད། རྒྱང་འབུད་བཏང་བའི་ལམ་དུ་རང་གི་གཅེས་པའི་བཙུན་མོ་དང་སྲས་གཉིས། ཐ་ན་རང་གི་མིག་འབྲས་ཀྱང་སྦྱིན་པ་བཏང་བར་བརྟེན། རྒྱལ་བོ་དྲི་མེད་ཀུན་ལྡན་ནི་བྱམས་སྙིང་རྗེ་ཆེ་བའི་སྐྱེས་ཆེན་དམ་པའི་མཚོན་བྱེད་ཞིག་གི་ཆ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རླབས་ཆེ་བའི་མི་གཤིས་ཞིག་ཏུ་གྱུར་ཡོད། དེ་སྔོན་གྱི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པའི་ནང་ཡང་རྒྱལ་བོ་དྲི་མེད་ཀུན་ལྡན་འཁྲབ་སྟོན་བྱ་རྒྱུ་དེ་གྲོང་ཚོ་ཆུང་ཆུང་དེའི་སྲོལ་རྒྱུན་གྱི་རྟེན་འབྲེལ་མཛད་སྒོའི་མཚོན་རྟགས་ཤིག་ཏུ་རྩིས་ཡོད་པ་ལྟ་བུ།སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་འཚོལ་བ་དེ་ནི་འཁྲབ་ཁྲིད་ཚོགས་པས་ལྷ་མོ་འཁྲབ་སྟོན་དང་འབྲེལ་བ་ཡོད་པའི་གྲོང་ཚོ་དང་།  དགོན་སྡེ། གྲོང་བརྡལ་སོགས་སུ་ཕོ་མོ་རྒན་གཞོན་སོགས་མི་སྣ་འདྲ་མིན་སྣ་ཚོགས་དང་འབྲེལ་གཏུགས་བྱས་པ་ལས་ལྷ་མོའི་སྒྱུ་རྩལ་གྱི་འཚོ་སྡོད་གནས་བབ་དང་སྲོལ་རྒྱུན་རིག་གནས་ལ་ཤུགས་རྐྱེན་ཐེབས་ཤུགས་མངོན་པར་བྱས་ཡོད་པ་ལས་མཚོན་ཐུབ། དེར་བརྟེན་ངལ་བ་ཁྱད་བསད་ཀྱིས་སྲོལ་རྒྱུན་གྱི་ཁྱད་འཕགས་མི་གཤིས་འཚོལ་རྒྱུ་དེ《 འཚོལ 》ཞེས་པའི་གློག་བརྙན་འདིའི་མཐར་གཏུགས་ཀྱི་དམིགས་ཡུལ་ཡིན་ལ། མཐར་གཏུགས་ཀྱི་དམིགས་ཡུལ་དེ་སྒྲུབ་པའི་སྐབས་བབ་ཀྱི་གནད་དོན་ནི་རིག་གནས་གསར་རྙིང་གཉིས་བར་གྱི་འབྲེལ་བ་ལ་བསམ་གཞིགས་ཇི་འདྲ་བྱ་རྒྱུ་དེ་ཡིན།

            གལ་ཏེ་རིག་གནས་གསར་རྙིང་བར་གྱི་འགལ་བ་དེ《 ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ 》དང་《 འཚོལ 》ཞེས་པའི་གློག་བརྙན་དེ་གཉིས་ཁྲོད་དུ་ད་དུང་དེ་ཙམ་གསལ་པོ་མངོན་མེད་པར་ངོས་འཛིན་བྱས་ན། སྤྱི་ལོ་༢༠༡༡ལོར་ཐོན་པའི་གློག་བརྙན《 ཁྱི་རྒན 》ཞེས་པའི་ནང་དེ་གཉིས་བར་གྱི་འགལ་ཟླ་ནི་དེ་བས་ཛ་དྲག་ཏུ་གྱུར་ཡོད། བགྲེས་སོང་ཁོང་གི་ངོས་ནས་བཤད་ན། ཁྱི་རྒན་དེ་རང་གི་ཁྱིམ་མི་བཞིན་མི་ཕྱུགས་གཉིས་ཀྱི་གྲོགས་པོ་དང་བརྟེན་ས་ཡིན། འོན་ཀྱང་མགོན་པོ་སོགས་གཞོན་ནུ་ཚོས་ཁྱི་རྒན་དེ་ནམ་ཞིག་མིས་བརྐུས་ནས་ཚོང་རྒྱུ་ལས་རང་ཉིད་ཀྱིས་བཙོང་ནས་ཁེ་བསང་ཐོབ་ན་དགའ་བར་འདོད། དེང་རབས་ཀྱི་དུས་འདིར། སྤྱི་ཚོགས་འཕོ་འགྱུར་དང་དཔལ་འབྱོར་འཕེལ་རྒྱས་ལས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་དང་འགྲོགས་ཁེ་ཕན་རིང་ལུགས་ཀྱི་ངན་འབྲས་ཡང་རིམ་བཞིན་བཀྲོལ་ཐབས་མེད་པར་གྱུར་ཡོད། ངན་འབྲས་དེས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་ཁྱི་རྒན་སོགས་སེམས་ཅན་ཀུན་གྱི་འཚོ་གནས་འགྱུར་བཞིན་ཡོད་པ་མ་ཟད། དུས་མཉམ་དུ་མི་དང་མིའི་བར་གྱི་འབྲེལ་པ་དང་མིའི་སེམས་གཏིང་གི་འདུ་ཤེས་དང་རིན་ཐང་གི་ལྟ་བ་ལ་ཤན་ཤུགས་ཐེབས་བཞིན་ཡོད། གློག་བརྙན་ནང་མི་རབས་གཉིས་ཀྱི་ཁྱི་རྒན་ཚོང་མི་ཚོང་གི་འགལ་བ་དེ་རིམ་བཞིན་སེལ་ཐབས་བྲལ་ནས་མཐར་ཁྱི་རྒན་བློས་གཏོང་པའི་ཚད་དུ་སླེབས་པ་དང་། བགྲེས་སོང་གིས་འུ་ཐུག་པའི་ཐབས་ཤེས་དེ་འདྲར་བརྟེན་ནས་ཁྱི་རྒན་གྱི་ལ་རྒྱ་སྲུང་ཡོད་ལ་སྲོལ་རྒྱུན་རིག་གནས་ཀྱི་ལ་རྒྱ་ཡང་སྲུང་ཡོད། དེར་བརྟེན་གློག་བརྙན་འདིའི་བསྟན་པའི་མིག་སྔའི་རིག་གནས་གསར་རྙིང་གི་གདམས་ག་དང་། མི་རིགས་རིག་གནས་རྒྱུན་འཛིན་ཁྲོད་ཀྱི་ཐེ་ཚོམ་དང་འགྲན་རྩོད་ནི་ང་ཚོ་སུ་ཡིན་ཡང་གཡོལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

             ཟོན་ཐར་རྒྱལ་ནི་པདྨ་ཚེ་བརྟན་ལས་གཞན་ཀུན་གྱིས་ཁས་ལེན་ཐོབ་པའི་བོད་རིགས་འཁྲབ་འཁྲིད་པ་ཞིག་ཡིན། ཁོང་ནི་པདྨ་ཚེ་བརྟན་གྱི《 འཚོལ 》ཞེས་པ་སོགས་ཀྱི་བརྙན་ལེན་པ་ཡིན་ལ། སྤྱི་ལོ༢༠༡༠ལོར་ཐེངས་དང་པོར་འཁྲབ་འཁྲིད་གནང་བའི《 དབུས་ལམ་གྱི་ཉི་མ 》ཞེས་པར་ཀུན་གྱི་གདེང་འཇོག་མི་དམན་པ་ཐོབ་ཡོད། གློག་བརྙན་དེའི་ནང་། བུ་ཆུང་ཉི་མས་སྟབས་མ་ལེགས་པར་འདྲུད་འཐེན་འཁོར་ལོ་བཏང་ནས་རང་གི་དྲིན་ཆེན་ཨ་མ་བཅུར་ཏེ་བསད་པས། འགྱོད་བཤགས་དང་སྡིག་པ་དག་པའི་ཆེད་དུ་ཨ་མའི་ཁྲག་ཐིམ་ཡོད་པའི་ས་སྤར་བ་གང་རྫ་ཁོག་དུ་འཁུར་ནས་རྒྱང་ཕྱག་འཚལ་ཏེ་ལྷ་སར་ཆོས་མཇལ་དུ་ཕྱིན་ཡང་འགྱོད་པའི་སྡུལ་བསྔལ་ལས་ཐར་མ་ཐུབ། ཁོང་ཕ་ཡུལ་དུ་ཕྱིར་ལོག་པའི་ལམ་བར་དུ་བགྲེས་སོང་ཞིག་དང་འཕྲད་པ་དང་། བགྲེས་སོང་དེའི་བསླབ་བྱའི་འོག་སེམས་གཏིང་གི་སྡུག་བསྔལ་རིམ་བཞིན་ཡལ་བར་གྱུར་བ་དང་འཚོ་བའི་རེ་བ་སླར་བརྙེད་བྱས་ཡོད། པདྨ་ཚེ་བརྟན་གྱིས་རིག་གནས་གསར་རྙིང་གཉིས་ཀྱི་འགལ་ཟླར་དོ་ཁུར་བྱས་པ་དང་མི་འདྲ་བར། ཟོན་ཐར་རྒྱལ་གྱིས་གློག་བརྙན་དེའི་ནང་མིའི་སེམས་ཁམས་ལ་དོ་ཁུར་བྱས་ཡོད། གློག་བརྙན་ནང་གི་མི་སྣ་གཙོ་བོ་ཉི་མའི“རླངས་འཁོར་ལ་བསྡད་ན་མགྱོགས་དྲགས་སོང་། ངས་ཀྱང་ང་རང་གང་དུ་འགྲོ་དགོས་མིན་མི་ཤེས”ཞེས་པའི་ཐེ་ཚོམ་ནས་བགྲེས་སོང་གི་“སྡུག་གང་འདྲ་ཞིག་མྱོང་ནའང་དུས་ཚོད་དང་བྱིས་པས་བརྗེད་དུ་འཇུག་ཐུབ”ཞེས་པའི་མྱོང་ཚོར་ལས་ཁོང་གཉིས་ཀྱི་མི་ཚེའི་མྱོང་ལེན་མི་འདྲ་བ་བསྟན་ཡོད་ལ། བགྲེས་སོང་གི་ཁ་ཏ་དང་ཉི་མ་རང་གི་སེམས་ཁམས་ཀྱི་ཉམས་ཞིབ་བརྒྱུད། སོམ་ཉི་དང་སྐྱོ་སྡུག་ཁྲོད་ཀྱི་འཚོ་གནས་རིན་ཐང་དང་ཚེ་སྲོག་གི་འདུ་ཤེས་དྭངས་མ་དེ་འཚོལ་ཞིབ་བྱས་ཡོད། དེ་ཡང་བོད་བརྗོད་ཕ་སྐད་གློག་བརྙན་གྱི་འཕེལ་ཕྱོགས་ནས་བལྟས་ན། 《 དབུས་ལམ་གྱི་ཉི་མ 》ཞེས་པ་འདིས་ཕ་སྐད་གློག་བརྙན་གྱི་བརྗོད་བྱ་སྣ་མང་ཅན་དུ་འགྱུར་བར་ཚོད་ལྟ་ཡག་པོ་ཞིག་བྱས་ཡོད་པ་ཁ་ཚོན་གཅོད་ཆོག

            གོང་གི་བོད་བརྗོད་ཕ་སྐད་གློག་བརྙན་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་དེ་དག་ཚང་མས་དངོས་མཚོན་གློག་བརྙན་གྱི་ཐབས་ལམ་ཞིག་སྤྱད་ཡོད་པ་དང་། གློག་བརྙན་དེ་དག་གི་ནང་དུ། བོད་ཡུལ་ནི་ལྕགས་རས་བཅད་པའི་རྩྭ་ས་དང་ཨར་འདམ་གྱིས་བསྐྲུན་པའི་ཐོག་ཁང་ཡིན་ལ་དུང་སྒྲ་དང་དར་ལྕོག་གིས་ཁེངས་བའི་ཞིང་ཁམས་མིན། བོད་མི་ཡང་ཞིང་འབྲོག་གི་ལས་ལ་བྲེལ་ཞིང་ལྟོ་གོས་ཀྱི་ཆེད་དུ་འབད་པའི་མི་སེར་ཕལ་བ་རྐྱང་རྐྱང་ལས་ཉིན་ལྟར་ཇ་ཆང་དང་གླུ་གར་གྱི་ལོངས་སྤྱོད་དུ་ཚུད་པའི་ཕོ་གསར་མོ་གསར་མིན། དེར་བརྟེན། འུར་བསྟོད་དང་དང་དམའ་འབེབས་སོགས་མཐའ་གཉིས་ལ་མ་ལྷུང་བར་བོད་ཁུལ་གྱི་སྤྱི་ཚོགས་དང་བོད་མིའི་འཚོ་བ་ཇི་མ་ཇི་བཞིན་དུ་ཕྱིར་མངོན་ཡོད་པ་ནི་དུས་རབས་གསར་བའི་བོད་བརྗོད་ཕ་སྐད་གློག་བརྙན་གྱི་ཐུན་མོང་གི་ཁྱད་ཆོས་ཡིན། བོད་བརྗོད་ཕ་སྐད་གློག་བརྙན་གྱི་འབྱུང་འགྱུར་ལ་བསམ་གཞིགས་བྱས་ཚེ། མ་རྩ་དང་ཆེད་ལས་མི་སྣ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གྱི་དབང་གིས་བོད་བརྗོད་ཕ་སྐད་གློག་བརྙན་དེ་དུས་ཐུང་ངུའི་ནང་དུ་ཉུང་ཚོགས་གློག་བརྙན་གྱི་བཀག་རྒྱ་ལས་ཐར་མི་ཐུབ་པ་དང་། མང་ཆེ་ཤོས་རིག་རྩལ་གློག་བརྙན་གྱི་ལམ་དུ་ཞུགས་ཡོད་པས་གློག་བརྙན་ཚོང་རའི་ཁྲོད་ནས་ཁེ་འབབ་ཆེན་པོ་ཐོབ་པའི་རེ་བ་ཡང་མེད། ཡིན་ན་ཡང་། ད་ལྟའི་བོད་རིགས་ན་གཞོན་མང་པོ་ཞིག་བོད་བརྗོད་ཕ་སྐད་གློག་བརྙན་དེ་དག་གི་སྣེ་ཁྲིད་འོག་གཅིག་མཇུག་གཉིས་མཐུད་ངང་ཕ་སྐད་གློག་བརྙན་གསར་རྩོག་གྱི་ལས་ལ་ཞུགས་དང་ཞུགས་བཞིན་ཡོད་པས།   དགའ་འོས་པའི་སྣང་ཚུལ་དེས་ང་ཚོར་བོད་བརྗོད་ཕ་སྐད་གློག་བརྙན་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་ཡོད་པ་ར་སྤྲོད་བྱས་ཡོད།

 

དཔྱད་མཆན་ཡོད།