གློག་བརྙན་《བོད་ཀྱི་སྔོན་བྱུང་གཏམ་རྒྱུད 》ལས་བྱུང་བའི་དམངས་སྲོལ་རིག་གནས་ཐད་ཀྱི་ནོར་འཆུག་དོན་ཚན་འགའ།

           བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》(西藏往事)ཟེར་བ་ནི་ཏེ་བེ་ཟེར་བའི་རྒྱ་རིགས་བུད་མེད་འཁྲབ་འཁྲིད་པ་དེས་ཉེ་ལམ་བོད་ཁུལ་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་གཉིས་པ་རེད། ཁོ་མོས་ཕབ་སྐྲུན་བྱས་པའི་གློག་བརྙན《གངས་ལྷ་མེ་ཏོག》ལ་དེ་སྔོན་བལྟས་མྱོང་ལ། དེ་ཡིས་ཁོ་བོར་བཞག་པའི་མྱོང་ཚོར་ནི་རོལ་མོ་དང་བརྗོད་བྱའི་གླུ་གཞས་སྙན་པོ་ཞིག་ཡོད་པ་མ་གཏོགས། གཞན་རྣམས་ནི་ཆུ་ཁར་གཡེང་བའི་ཝུ་བ་ལྟར་སྙིང་བོ་ཆེར་མི་འདུག དེ་ལྟར་ཁོ་མོའི་གློག་བརྙན་གཉིས་པ《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཟེར་བ་དེའི་འོད་སྡེར་ལག་སོན་བྱུང་སྟབས། དེ་འཕྲལ་མགོ་ནས་མཇུག་བར་ཞིབ་ལྟ་ཐེངས་ཅིག་བྱས། ཡིན་ནའང་གློག་བརྙན་དེས་ང་ལ་བཞག་པའི་ཚོར་བ་ཧ་ཅང་སྐྱིད་པོ་མ་བྱུང་བ་དང་། དེའི་ཁྲོད་དུ་བྱུང་བའི་འབྲེལ་ཡོད་བོད་ཀྱི་རིག་གནས་དང་དམངས་སྲོལ། དད་འདུན། འཚོ་སྟངས་སོགས་ཀྱི་ཐད་ལ་བྱུང་བའི་ནོར་འཆུག་ཚབས་ཆེན་ཡིན་ལ། ནོར་འཆུག་དེ་དག་ཡི་གེར་བཀོད་ནས་རྒྱ་ཆེ་བའི་ལྟ་མཁན་དག་གི་སྤྱན་སྔར་ཕུལ་བ་ཡིན།

 0b7b02087bf40ad14a930587572c11dfa8ec8a136327ee63.jpg

གཅིག

            གཏམ་རྒྱུད་མགོ་བརྩམས་ནས་ཅུང་མ་འགོར་བར་ཡུན་ཏི་ཨམ་པའི་ཚོ་ཁག་ལྟ་བུའི་རུ་སྡེ་ཞིག་བྱུང་བ་དང་། དེ་ནས་བྱིས་པ་མང་པོ་ཞིག་གིས་གཡང་མཚོའི་མཐའ་རུ་རུབ་ནས་རྡོ་བ་འཕེན་བཞིན་འདྲེ་མོ། འདྲེ་མོ་ཞེས་འབོད་ཅིང་། འབྱུང་རྐྱེན་ནི་ཁོ་མོའི་སྐྱེས་པ་རི་མགོ་ནས་རྦབ་ཀྱིས་རྒྱབ་ནས་བསད་པས་ཁོ་མོ་ཡུགས་ས་རུ་གྱུར་བ་རེད། དེ་ནས་ལྷ་ས་ནས་ཕེབས་པའི་བླ་ཆེན་ཞིག་གིས་ཁོ་མོ་འདྲེ་མོ་ཡིན་ཟེར་ནས་ཐག་བཅད་པ་དང་དུས་དེ་ནས་བཟུང་མི་ཚང་མས་ཁོ་མོ་ལ་མཐོང་ཆུང་བྱས་པ་རེད་ཟེར། ང་ཚོའི་བོད་པའི་སྲོལ་རྒྱུན་ནང་དུ་བུད་མེད་ཅིག་ཡུགས་སར་བུད་ཚེ་དེ་ནི་མི་རིགས་གཞན་དང་མཚུངས་པར་ལྟ་སྟངས་དེ་འདྲ་ལེགས་པོ་མི་འཛིན་པ་ནི་བདེན་མོད། འོན་ཀྱང་ཡུགས་སར་བུད་ཚེ་འདྲེ་མོ་ཞེས་བོས་ནས་མི་ཚང་མས་བརྙས་སྨོད་མི་བྱེད་པ་དང་། བྱིས་པ་དག་གིས་ཀྱང་དེ་ལྟར་འབོད་མི་སྲིད། ལྷག་པར་དུ་བོད་ཀྱི་བླ་ཆེན་ཞིག་གིས་ཉམ་ཆུང་བུད་མེད་ཅིག་ལ་འདྲེ་མོ་རེད་ཟེར་ནས་མི་ཡི་ཐོབ་ཐང་འཕྲོག་པ་ཞིག་གཏན་ནས་མེད་ལ། གཞུང་གང་དང་གང་དུའང་ཡུགས་ས་ཐམས་ཅད་འདྲེ་ཡིན་པའི་སྒྲུབ་བྱེད་ཅིག་གཏན་ནས་མེད། དེ་ནི་བོད་མིའི་བུད་མེད་ཀྱི་ཐོབ་ཐང་ལ་འཁྱོག་བཤད་བྱས་པ་ཞིག་རེད།

གཉིས།

           རྒན་པོ་བསྟན་འཛིན་གྱིས་སྒྲུབ་ཕུག་ལྟ་བུ་ཞིག་གི་ནང་དུ་ཆོས་འདོན་དུས། མགོ་ཡི་ཞྭ་མོ་སྔར་བཞིན་གྱོན་འདུག་པ་དེ་ནི་བོད་མིའི་སྲོལ་དང་གཏན་ནས་མི་མཚུངས་པར་འདུག བོད་མི་ཞིག་ཡིན་ཕྱིན་སྐྱབས་སུ་མཆི་བ་ནི་དཀོན་མཆོག་གསུམ་ཡིན་ལ། དེ་ལ་ལུས་ངག་ཡིད་གསུམ་གྱིས་དད་པ་བྱེད་དུས་ཆོས་པ་དང་ཁྱིམ་པ་གང་ཡིན་ཀྱང་ཞྭ་མོ་ཕུད་དགོས་པ་ནི་སྲོལ་དང་། རང་གི་མེས་པོ་དང་རྒན་པ་དག་ལ་བཀུར་བསྟི་བྱེད་དུས་ཐོག་མར་ཞྭ་མོ་ཕུད་དགོས་པ་ནི་ལོ་ཆུང་བྱིས་པ་ཚོས་ཀྱང་ཤེས་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྲོལ་ཞིག་ཡིན། བྱེད་ཚུལ་དེ་ནི་བོད་མིའི་རིག་གནས་དང་སྲོལ་རྒྱུན་ལ་གཏན་ནས་འགལ་བ་ཞིག་རེད།

གསུམ།

            གཡང་མཚོ་ཡི་བྱིས་པ་ཚེ་ལས་འདས་ནས་ཁོ་མོས་སྒྲུབ་ཕུག་ཏུ་མཆོད་པ་དང་སྐྱབས་འཇུག་ཞུ་དུས་དང་། བྱིས་པའི་བེམ་པོ་དུར་ལ་བསྐྱུར་དུས་ཀྱི་རྒྱབ་ལྗོངས་རོལ་མོ་ནི་བོད་ཀྱི་དམངས་ཀླུ་ཞིག་བྱས་ཡོད། བོད་མི་ཞིག་ལ་མཚོན་ན་རང་གི་གཉེན་ཉེ་གང་རུང་ཞིག་ཚེ་ལས་འདས་རྗེས་ཉིན་ཞེ་དགུའི་རིང་ལ་སྐྱོ་གདུང་ངང་སྐུ་རིམ་དང་འདས་མཆོད་སྒྲུབ་དགོས་པ་དང་། དེ་ནས་ལོ་གཅིག་ལ་གཟབ་ཆོར་དང་གླུ་ལེན་གར་རྩེད། གཉེན་སྟོན། དགའ་སྟོན་སོགས་ཅི་ཡང་མི་བྱེད་པ་དང་མི་ཞུགས་པར་འདས་པོར་མྱ་ངན་བྱེད། དེ་ལ་འདུན་བྱས་ཟེར་བ་ཡིན། རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ཚེ་ལས་འདས་དུས་རྒྱབ་ལྗོངས་ཏུ་དམངས་གླུ་ཉམས་དགའ་བ་དེ་ལྟ་བུ་ཞིག་བྱས་ཚེ་བོད་མིའི་འཚོ་བ་དང་དད་པ་རྩ་བ་ནས་རྒྱུས་ལོན་མ་བྱས་པས་ལན་པ་རེད། དེ་ནི་ངོ་མ་དགོད་བྲོ་ཞིང་ངུ་འདོད་པའི་རིག་གནས་སྟེང་གི་འཁྱོག་བཤད་ཅིག་རེད།

བཞི།

             གཡང་མཚོའི་འཁྲབ་ཚིག་ཅིག་གི་ནང་འདི་ལྟར་ཟེར། ང་ཚོའི་ཡུལ་འདི་ཧ་ཅང་དབུལ། དགོན་པ་མེད། བླ་མ་མེད། སྟེང་ཕྱོགས་ལྷ་ཡིས་ཀྱང་ང་ཚོའི་གནས་འདི་ལ་ཐུགས་རྗེ་སྤྱན་གྱིས་གཟིགས་མི་སྲིད། འཁྲབ་ཚིག་འདི་ལྟ་བུ་ནི་ངོ་མ་ཡ་མཚར་བ་ཞིག་རེད། ནང་བསྟན་ཆོས་ལུགས་ཀྱི་དགོངས་པ་ནི་མར་གྱུར་སེམས་ཅན་ཐམས་ཅད་ལ་རིས་མེད་ཀྱིས་ཐར་བའི་ལམ་དུ་འགོད་པ་ཞིག་ཡིན་པས། དེ་ལ་དབུལ་ཕྱུག བཙན་གཉོམ། དབང་ཐང་གི་ཆེ་ཆུང་ལྟར་དུ་མགོན་སྐྱབས་གནངས་པ་ཞིག་ཨེ་རེད། དེ་ནི་ནང་བསྟན་རིག་གནས་ཀྱི་དགོངས་གཞི་དང་བོད་མིའི་སྲོལ་རྒྱུན་ལྟ་སྟངས་དང་གཏན་ནས་འགལ་ཟླར་གྱུར་བ་ཞིག་རེད།

ལྔ།

            གཡང་མཚོ་ཡིས་རང་ཉིད་ཀྱི་སྲུང་འཁོར་དེ་རོ་པོ་ཐི་ལ་བྱིན་ནས་བགེག་བར་ཆད་མི་ཡོང་བའི་སྨོན་ལམ་འདེབས་པ་རེད། བོད་མི་རེའི་སྐེ་ན་སྲུང་འཁོར་རེ་ཡོད་པ་དེ་ནི་རང་ཉིད་ཀྱི་དད་འདུན་དང་། ཡང་ན་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་རྐྱེན་ངན་ནད་གདོན་བར་གཅོད་སོགས་སེལ་པར་ཁ་གཏད་ནས་དགོས་མཁོ་ལྟར། ཆོས་པ་གང་རུང་པ་ཞིག་གི་ལུང་བསྟན་ལྟར་གནངས་ནས་འདོག་པ་ཞིག་ཡིན་ལ། དེའི་ནང་གི་རྟེན་རྫས་སོགས་ནི་མི་རེར་ཁ་གཏད་ནས་སྒྲུབ་པ་ཞིག་མ་གཏོགས་དེ་ནི་རྒྱན་ཆ་ཕལ་པ་ལྟར་གང་བྱུང་དུ་མི་ལ་ལེགས་སྐྱེས་སུ་ཕུལ་ཆོག་པ་ཞིག་གཏན་ནས་མིན། དེ་ཡང་བོད་ཀྱི་རིག་གནས་ལ་རྒྱུས་ལོན་མེད་པས་སྒོ་ནས་བྱས་པ་ཞིག་རེད།

དྲུག

             རྒན་པོ་བསྟན་འཛིན་གྱིས་གཡང་མཚོ་ཚང་ནས་རོ་པོ་ཐི་ལ་བཅའ་བ་རིམ་གྲོ་སྒྲུབ་ནས་ཚར་རྗེས། ཁོ་ལ་ལུག་གསུམ་གྱི་འབུལ་བ་སྟེར་དགོས་ཟེར། དེ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། བོད་པའི་ཆོས་གང་དང་དང་ཆོས་ལུགས་ཀྱི་ཆོ་ག་གང་རུང་ལ་མཁས་པའི་མི་སུ་ཡིན་ནའང་། ཆོས་པ་ཞུས་ནས་ཆོས་འདོན་པ་ནི་སེམས་ཅན་གྱི་འགྲོ་དོན་གྱི་ཆེད་དུ་ཡིན་པ་དང་། ཁྱིམ་ཚང་གི་ཆ་རྐྱེན་དང་འདོད་མོས་ལྟར་དུ་ཆོས་པ་དག་ལ་འཚོ་བའི་མཐུན་རྐྱེན་སྦྱར་བ་ཞིག་མ་གཏོགས། དེ་ནི་རང་ཉིད་ཀྱི་ཁེ་ཕན་ལྟར་ཚོང་གཏམ་པ་ལྟ་བུ་ཞིག་ག་ལ་ཡིན། དེ་ལྟར་བྱས་ཚེ་བོད་བརྒྱུད་ནང་བསྟན་གྱི་དགོངས་གཞི་སྤྱི་དང་བོད་མིའི་རིན་ཐང་ལྟ་བ་དང་ཡོངས་སུ་འགལ་བ་ཞིག་རེད།

བདུན།

              གཡང་མཚོ་མཆོད་མཇལ་ལ་འགྲོ་བའི་བསྐོར་ལམ་དུ་མེ་མདའ་འཕོག་ནས་རང་སྲོག་ཤོར། མི་རྣམས་ཀྱི་སེམས་སུ་ལྷད་མེད་དད་སེམས་བཅངས་ནས་རྒྱང་ཕྱག་དང་གསོལ་འདེབས་བྱེད་པའི་ཞི་བདེ་འཆམ་མཐུན་གྱི་གནས་ཤིག་ཏུ། འཁྲུག་རྩོད་དང་མི་གསོད་ཀྱི་དོན་རྐྱེན་བཟོས་ན་དེ་ནི་གཏམ་རྒྱུད་བྱུང་སའི་གནས་ཡུལ་བཀོད་སྒྲིག་བྱས་པ་མི་འགྲིག་པས་ཨེ་རེད། དེ་ལྟར་བྱས་ཚེ་དགོངས་གཞི་གང་ཞིག་དང་སྲོལ་རྒྱུན་གང་ཞིག་ལ་འགལ་ཡོད་པ་གླེན་པ་ཞིག་མིན་ཚེ་ཤེས་ལོས་ཐུབ་སྙམ།

བརྒྱད།

               གཡང་མཚོ་ལ་བྱིས་པ་སྐྱེས་ནས་ནངས་མོ་ནས་བཟུང་རས་གོས་དམར་པོ་ཞིག་གིས་བཏུམ་སྟེ་རྒྱབ་ལ་འཁུར་ནས་གང་ས་གང་དུ་རྒྱུགས་བཞིན་ཡོད། བུད་མེད་ཅིག་གིས་སྐྱེས་མ་ཐག་གི་བྱིས་པ་དམར་འབྱར་ཞིག་རྒྱབ་ལ་འཁུར་ནས་འགྲོ་བ་ཞིག་ཡོད་སྲིད་དམ། ལྷག་པར་དུ་རས་དམར་པོ་ཐར་རྐྱང་ཞིག་གི་སྐེ་ལ་བྱིས་པ་བཏུམ་ཡོད། བོད་ཀྱི་ས་ཆ་ལ་ལར་བྱིས་པ་སྐྱེས་མ་ཐག་རས་སམ་གྱོན་གོས་དམར་པོ་སོགས་ཚོན་མདོག་ཅན་གྱི་ལྭ་བས་དེ་འཕྲལ་མི་བཏུམ་པའི་དཔེ་སྲོལ་ཡོད། བྱིས་པས་མིག་འབྱེད་ཐུབ་པ་དང་ལག་པའང་འགུལ་ཐུབ་དུས་ཕ་མས་རས་མདོག་ཅན་ཁ་ཤས་བསྟན་ཚེ། བྱིས་པས་མདོག་གང་ཞིག་ལ་ལག་པས་རེག་ཚེ་དེ་ནི་བྱིས་པ་དེའི་མི་ཚེ་འདིར་མཚམས་པའི་གོན་སྐལ་དང་ཚོན་མདོག་རེད།

དགུ

                  གློག་བརྙན་ལས་བསྟན་འཛིན་གཉེན་སྒྲིག་བྱེད་པར་མགོ་དཔོན་ཀྱི་ཆོག་མཆན་ཐོབ་དགོས་ཟེར། དེ་ལྟར་མ་བྱས་ཚེ་གཉེན་སྒྲིག་གི་ཐོབ་ཐང་དང་དབང་ཆ་མེད་ཟེར། དེ་ལྟ་བུའི་སྲོལ་ཤིག་བོད་ཀྱི་ལོ་རྒྱུས་ཡིག་ཚངས་གང་ཞིག་ཏུ་འདུག སྐུ་དྲག་དང་མགོ་དཔོན་དག་གིས་ཁྱིམ་མི་གཉེན་སྡེབས་བྱེད་ཚེ་ཁྱིམ་ཚང་མཐོ་དམན་དང་། རིགས་རུས་ཆོ་འབྲང་ལ་ལྟ་བ་བདེན་མོད། བོད་ཀྱི་ལོ་རྒྱུས་ཏུ་འབངས་མི་སུ་ཡིན་ཡང་ཁོ་ཚོས་རང་རང་གི་གྲས་སུ་མཛའ་གྲོགས་བསྒྲིག་པ་དང་། གཉེན་སྒྲིག་པ་སོགས་ལ་སུས་ཀྱང་ཐེ་གཏོག་བྱེད་ཀྱིན་མེད་པར་རང་དབང་ཡོད་ལ། དེར་སྐུ་དྲག་དང་མགོ་དཔོན་སུ་ཞིག་གིས་ཀྱང་ཆོག་མཆན་ཐོབ་དགོས་པའི་ལོ་རྒྱུས་ངོ་མ་ཞིག་མ་མཐོང་ངོ།།

བཅུ།

                   གློག་བརྙན་ནང་གི་གཡང་མཚོ་ཚང་གི་རྟ་སྒ་དང་། གཞན་རྩྭ་ཐང་སྟེང་གི་སྐྱ་མི་ཚང་མའི་རྟ་སྒ་དེ་ད་ལྟའི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྒ་རེད། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་མཚོ་བོད་མཐོ་སྒང་དུ་དམག་སྒ་དེ་ཡོད་སྲིད་དམ།

བཅུ་གཅིག

                 གློག་བརྙན་ནང་གི་ཕོ་མོ་མི་སྣ་ཚང་མའི་གྱོན་པའི་བོད་ལྭ་དེ་ནི། ལོ་རབས་བརྒྱད་ཅུའི་སྐབས་སུ་བོད་ཁུལ་དུ་དར་བའི་ཟི་ཚར་རམ་མིས་བཟོས་ལུག་པགས་ཏག་ཏག་རེད། མཐའ་ན་འཁྲབ་སྟོན་པ་གཙོ་བོ་གཡང་མཚོའི་ལྭ་བའང་དེ་ལྟར་རེད། དེ་འཁྲབ་ཁྲིད་པས་མ་ཤེས་ཡིན་ནམ། ཡང་ན་བསམ་བྱས་ནས་དེ་ལྟར་བྱས་པ་རེད།

བཅུ་གཉིས།

                 མགོ་དཔོན་ཚང་གི་སྦྲ་ནག་དང་སྣོད་ཅ་ལག་ཚང་མ་གཡང་མཚོ་ཚང་དང་ཕལ་ཆར་འདྲ་ལ། མགོ་དཔོན་བཟའ་ཟླས་སྐེ་ལ་བཏག་པའི་མགུལ་རྒྱན་དེ་ད་ལྟ་ཚོང་ར་གང་སར་ཁྱབ་པའི་གཡུ་བྱུར་རྫུས་མའི་རྒྱན་ཆ་དེ་རེད། སྐབས་དེར་དཔོན་པོ་དང་འབངས་མི་ཕལ་བ་ཞིག་གི་འཚོ་བའི་ཆ་རྐྱེན་དེ་འདྲ་གཅིག་མཚུངས་ཨེ་ཡིན་ནམ།

བཅུ་གསུམ།

                མཚན་མོ་རོ་པོ་ཐི་ལུག་རྫི་ནས་ཕྱིར་སྦྲ་ནང་དུ་ཡོང་དུས། གཡང་མཚོ་ཡིས་རས་གོས་དཀར་པོ་ཞིག་གིས་ནུབ་ཕྱོགས་ཀྱི་བག་མ་གསར་བའི་གྱོན་པའི་རྒྱན་གོས་ཤིག་གྱོན་འདུག དེ་ནི་ངོ་མ་དགོད་བྲོ་བོ་འདུག བཟོ་སྟངས་དེ་སུ་ཞིག་གིས་ཁོ་མོར་བསླབས་པ་ཡིན། རྒྱུ་ཆ་དེ་རོ་པོ་ཐི་ཡི་མཁའ་འབབ་གདུག་ཡིན་ནམ་ཡང་ན་སུ་ཞིག་གིས་གནངས་པ་རེད།

 བཅུ་བཞི།

                རྒན་པོ་བསྟན་འཛིན་གྱི་སྒྲུབ་ཕུག་གི་གྱང་ངོར་ཐང་ཀ་མང་པོ་གཤམའདུག དགོད་བྲོ་བ་ཞིག་ལ་ཐང་ཀ་དེ་དག་ནི་ད་ལྟ་ཚོང་ར་གང་ཡིན་སར་ཁྱབ་ཡོད་པའི་ཤོག་གུ་དང་འགྱིག་ཤོག་གི་སྟེང་། གློག་ཀླད་ནང་མར་ཕབ་ནས་བསྐྱར་སྐྲུན་བྱས་པ་ཏག་ཏག་རེད། འདི་ལྟར་རྫུན་བཟོ་བྱས་ཚེ་བོད་ཀྱི་རིག་གནས་ལ་རྒྱུས་ལོན་མེད་པའི་མི་རིགས་གཞན་པའི་ལྟ་མཁན་དག་གི་རེ་ཞིག་མགོ་གཡོག་ཐུབ་མོད། འདི་ལྟ་བུའི་བྱ་སྤྱོད་དེ་ལ་དོན་སྙིང་ཅི་ཞིག་ཡོད་དམ།

བཅོ་ལྔ།

                 འབྲོག་པའི་སྦྲ་ནག་ནི་རང་གི་མི་རབས་དུ་མའི་འཚོ་སྡོད་བྱེད་སའི་ཁྱིམ་ཡིན། སྦྲ་ནག་ཕུབ་ན་གྲལ་འགྲིག་པོ། ཅ་དག་པོས་ངང་ནས་ཕུབ་པ་ནི་ཁོ་ཚོའི་འཇོན་ཐང་ཤེས་རིག་ལ་རག་ལས་ཡོད། གློག་བརྙན་ནང་དུ་བྱུང་བའི་སྦྲ་ནག་དེ་དག་ནི་འགྱེལ་མ་ལངསདང་། ནར་མ་ནོར་དུ་ཕུབས་འདུག་ལ། ཕར་བལྟས་ཚེ་གཡུལ་འཁྲུག་གང་ཞིག་བྱུང་པའི་ཤུལ་རྗེས་ལོས་ཡིན་སྙམ་པའི་སྣང་བ་སྟེར། ཁྱོད་ཀྱིས་བལྟས་པའི་ཕྱི་གླིང་གློག་བརྙན་ནང་གི་ཡུན་ཏི་ཨམ་པའི་ཚོ་ཁག་དང་། ཨ་ལ་པོ་ཡིས་འབྲོག་པའི་འཚོ་བ་ལྟ་བུ་ཞིག་ག་ལ་ཡིན།

བཅུ་དྲུག

             གློག་བརྙན་ནང་དུ་གཡང་མཚོར་རྒན་པོ་བསྟན་འཛིན་གྱིས་ཁ་ཏ་བྱེད་དུས། གཡང་མཚོ་ལག་པ་གཡུག་ནས་ཕར་སོང་ཕར་སོང་ཟེར་ནས་རྣམ་འགྱུར་རྩོག་པ་བཏོན་འདུག བོད་མི་སུ་ཞིག་ཡིན་ནའང་རང་ལས་ན་ཚོད་མཐོ་བའི་རྒན་པོ་ཞིག་གིས་ཁ་ཏ་སློབ་གསོ་དང་སྐད་ཆ་གང་ཞིག་བཤད་ནའང་ཕྱིར་གུས་མེད་བྱེད་མི་སྲིད་ལ། ལྷག་པར་དུ་གཡང་མཚོ་ལྟ་བུའི་བུ་མོ་ལོ་ཆུང་ཞིག་གིས་གུས་མེད་སྐད་ཆ་དེ་ལྟ་བུ་དང་། རྣམ་འགྱུར་དེ་ལྟ་བུ་ཞིག་སྟོན་པ་དཔེ་མི་སྲིད་པ་རེད། དེ་ལྟ་བུ་ནི་བོད་མིའི་གུས་ལུགས་དང་ཡོངས་སུ་འགལ་བ་ཞིག་མིན་ནམ།

བཅུ་བདུན།

             འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ལོ་རབ་བཞི་བཅུའི་དུས་སུ་རོ་པོ་ཐི་གནམ་གྲུ་ལས་ལྷུང་སའི་བོད་བྱང་ཐང་དུ་རླངས་འཁོར་སོགས་འཁོར་ལོ་རྒྱུགས་སའི་གཞུང་ལམ་ཞིག་ཡོད་མི་སྲིད། གཡང་མཚོ་སོགས་གནས་རི་ལ་མཇལ་སྐོར་དུ་འགྲོ་བའི་ལམ་ནི་ད་ལྟ་རླངས་འཁོར་སོགས་འགྲོ་བའི་གཞུང་ལམ་རེད། འདི་དག་འཁྲབ་ཁྲིད་པའི་ཤེས་དགོས་པའི་དོན་བྱ་ཞིག་མིན་ནམ།

བཅོ་བརྒྱད།

              རོ་པོ་ཐི་འཛིན་དུ་རྒྱུགས་སྐབས་མི་སྐོར་ཞིག་གིས་རུ་འདབས་སུ་གདན་ཆ་བརྒྱབ་ནས་ཆང་འཐུང་ནས་ཤ་བཟའ་བཞིན་འདུག ཡིད་ཕམ་པ་ཞིག་ལ་ཁོ་ཚོས་བཏུང་བྱའི་ཆང་སྣོད་ནི་ད་ལྟའི་རྫ་ཤུན་ནག་པོ་ཁ་ལེབ་འགྱིག་རྫས་དཀར་པོ་ཞིག་རེད། བཟའ་བའི་བག་ལེབ་ནི་ད་ལྟ་བཟའ་ཁང་དང་ཚོང་ར་ན་བཙོང་བཞིན་པའི་རྒྱ་མིའི་བག་ལེབ་མིང་ལ་པེ་པིན་ཟེར་བའི་བག་ལེབ་ལེབ་མོ་ཆུང་ཆུང་དེའི་རིགས་རེད། འདི་ལྟར་བསམ་གཟས་ནས་འཁྱོག་བཤད་རྒྱག་དོན་ཅི།

བཅུ་དགུ

              རོ་པོ་ཐི་དང་གཡང་མཚོ་གཉིས་རྩྭ་ཐང་དུ་ལྷན་དུ་སྡོད་དུས། ཁོར་ཡུག་ཏུ་ལྕགས་སྐུད་ཀྱིས་རྩྭ་ས་སྐོར་ཡོད། ད་ལྟའི་བོད་ཁུལ་དུ་ཡོད་པའི་རྩྭ་ས་ར་བ་དེ་རེད། དེ་དུས་སུ་སུ་ཞིག་གིས་རྩྭ་ས་འཛུགས་སྐྲུན་དེ་ལྟ་བུ་ཞིག་བྱས་པ་རེད། ཤིན་ཏུ་དགོད་བྲོ།

ཉི་ཤུ།

               གཡང་མཚོ་ཚང་གི་སྒོ་ཁ་རུ་བཏགས་པའི་རྟ་དེ་གནས་གཅིག་ཏུ་འགུལ་མེད་ཚོར་མེད་ངང་བཏགས་འདུག་པ་དང་། གཏམ་རྒྱུད་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྟ་དེ་གནས་གཅིག་ཏུ་སྔར་བཞིན་འདུག དེ་ནི་འཁྲབ་ཁྲིད་པས་ཐུགས་མཉམ་མ་བཞག་པས་ཨེ་ཡིན།

ཉེར་གཅིག

               མགོ་པ་ཚང་གི་སྦྲ་ནང་གི་ཁེལ་མགོར་བཀལ་ཡོད་པའི་ཏ་ལེན་དེ་ནི་ད་ལྟ་ཚོང་ར་རུ་ཡོད་པའི་རས་ཀྱིས་བཟོས་ཤིང་གང་ས་གང་ལ་ཁྱབ་པའི་ཏ་ལེན་དེ་དག་རེད། འཁྲབ་ཁྲིད་པའི་ཏ་ལེན་དེ་ཡི་ཚོན་མདོག་ཡག་པོ་རེད་བསམ་ནས་དེ་རུ་ཆེད་དུ་བཀལ་བ་ཨེ་རེད།

ཉེར་གཉིས།

               དཔོན་ཚང་དུ་ད་ལྟའི་ལྕགས་ཐབ་དང་ལྕགས་ཀྱི་དུད་ཁུང་། ད་དུང་སོ་ཕག་དམར་པོ་སོགས་འདུག དེ་དུས་བོད་ཁུལ་དུ་ལྕགས་ཐབ་དར་ཡོད་འདུག་ཤེས་དཀའ་མོད། ཡིན་ནའང་མཐའ་རྒྱན་ཟངས་དམར་བཞག་པའི་ད་ལྟའི་ལྕགས་ཐབ་དེ་ལྟ་བུ་ཡོད་མི་སྲིད། དེ་ལྟ་བུའི་སོ་ཕག་ཅིག་ཀྱང་གཏན་ནས་ཡོད་མི་སྲིད།

ཉེར་གསུམ།

                མཇལ་སྐོར་བ་མང་པོའི་ཁྲོད་བུད་མེད་ཅིག་གིས་ད་ལྟའི་ཉིས་ལོང་གི་ལྭ་བ་ཞིག་གྱོན་ཡོད་ལ། ད་དུང་མཇལ་བ་མང་པོའི་ཁྲོད་དུ་ད་ལྟའི་སྐེ་རགས་དང་། ལྷམ། གྱོན་པ་གྱོན་ཡོད་པ་ཏག་ཏག་རེད། འདི་ཚང་མ་ཅི་ལྟར་བྱ།

ཉེར་བཞི།

                གནས་རིར་མཇལ་བའི་ལམ་བར་དུ་མཇལ་སྐོར་དེ་འདྲའི་མང་པོ་ཡོད་ལ། དེ་ལྟ་བུའི་མི་ཚོགས་ཁྲོད་དུ་རི་པོ་ཐི་དང་གཡང་མཚོ་གཉིས་ངོ་ཐུག་བྱུང་ལ། འཛེམ་བྱ་ཅི་ཡང་མེད་པས་སྒོ་ནས་ཕན་ཚུན་འཐམ་འཁྱུད་བྱས་ན་དེ་ནི་བོད་མིའི་སྲོལ་དང་ཨེ་མཐུན།

ཉེར་ལྔ།

                  གློག་བརྙན་གྱི་མིང་བོད་ཡིག་ཏུ《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཟེར་ནས་བསྒྱུར་འདུག 《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཟེར་ན་དེ་ནི་བོད་མིའི་རིག་གནས་དང་ལོ་རྒྱུས། དམག་དོན་སོགས་བོད་སྤྱི་ལ་ཁྱབ་པའི་མིང་ཞིག་དང་། ད་དུང་དེ་ནི་བོད་མིའི་བྱུང་བ་བརྗོད་པའི་གནའ་བོའི་གཏམ་རྒྱུད་ཅིག་ལ་འཁྲུལ་ཡང་སྲིད། གློག་བརྙན་དེ་ནི་ཕྱི་གླིང་པའི་གནམ་གྲུའི་ཁ་ལོ་བ་ཞིག་དང་། བོད་པའི་བུ་མོ་ཞིག་གི་བར་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན་སྟབས། གཏམ་རྒྱུད་དེར་དམིགས་ནས་མིང་འདོག་རྒྱུ་མ་གཏོགས་བོད་ཟེར་བའི་མིང་ཆེན་པོ་དེ་ལྟ་བུ་ཞིག་འདོག་དོན་གཏན་ནས་མེད།

ཉེར་དྲུག

                  གཡང་མཚོའི་བྱིས་པ་ཚེ་ལས་འདས་ནས་ཁོ་མོ་སྒྲུབ་ཕུག་ཏུ་སོང་ནས་ལག་ལ་མཆོད་ཀོང་བཟུང་ནས་མྱ་ངན་བྱེད་ཅིང་མིག་ཆུ་འདོན། ལག་ཏུ་མཆོད་ཀོང་བཟུང་ནས་དེ་ལྟ་བུ་བྱེད་སྲོལ་ཅིག་བོད་ས་གནས་གང་ཞིག་ཏུ་ཡོད་དམ།

ཉེར་བདུན།

                 གཡང་མཚོའི་བྱིས་པའི་བེམ་པོ་མི་འགའ་ཡིས་བཟུང་ནས་མཚོ་ཡི་ཕྱོགས་སུ་སོང་ནས་མཚོ་ནང་ལ་བསྐྱུར་བའམ་ཡང་ན་མཚོ་ངོགས་སུ་བཅུག་པ་གང་ཡིན་མི་ཤེས་མོད། གང་ལྟར་དེ་ནི་བོད་ཀྱི་སེམས་ཁོངས་སུ་གོ་གནས་འགངས་ཆེན་བཟུང་བའི་ཡར་འབྲོག་གཡུ་མཚོ་ཡིན་ལ། དེ་ནི་བོད་པའི་བླ་མཚོ་རེད། དེ་ལྟ་བུའི་མཚོ་མོའི་ནང་དུ་གང་འདོད་དུ་བྱས་ཆོག་པ་ཞིག་ག་ལ་ཡིན།

ཉེར་བརྒྱད།

                 གློག་བརྙན་འདིའི་འཁྲབ་མཁན་གཙོ་བོ་བུ་མོ་དེའི་གྱོན་ཆས་གྱོན་ལུགས་དང་། གོམ་པ་འགྲོ་སྟངས། ལས་ཀ་ལས་སྟངས། སྐད་ཆ་བཤད་སྟངས་སོགས་བོད་རིགས་བུ་མོ་ཞིག་གི་སྣང་བརྙན་དང་ཧ་ཅང་ཐག་རིང་ལ། མཐའ་ན་མིག་མདངས་དང་། བརྩེ་ཉམས་སྟོན་ཚུལ་སོགས་ཀྱང་བོད་མོ་ཞིག་དང་ཡོངས་སུ་འགལ་འདུག ལྷག་པར་དུ་གཡང་མཚོའི་གདོང་དང་། རྒྱ་མཚོའི་གདོང་ལ་དྲི་ནག་གམ་རྫས་ནག་པོ་ཅི་ཞིག་བྱུག་པ་མི་ཤེས་མོད། བོད་མའི་རང་བྱུང་གི་ཤ་མདངས་དང་སྡུར་ཚེ་ཤིན་ཏུ་རྫུན་འདུག

                 མདོར་ན་གློག་བརྙན་འདི་ནི་བོད་ཀྱི་འཚོ་བ་མཚོན་པའི་རྒྱལ་ནང་གི་གློག་བརྙན་གཞན་དང་འདྲ་བར་བོད་མིའི་དམངས་སྲོལ་དང་། རིག་གནས། འཚོ་བ། དད་པ་སོགས་འགལ་པ་ཅུང་ཚབས་ཆེན་ཡིན་པའི་གློག་བརྙན་ཞིག་རེད།

                 འཁྲབ་ཁྲིད་པས་བོད་མི་རིགས་ཀྱི་རིག་གནས་དང་དམངས་སྲོལ། དད་འདུན། འཚོ་སྟངས་སོགས་དང་རིང་ནས་འགལ་པའི་གློག་བརྙན་འདི་ལྟ་བུ་ཞིག་ཕབ་བསྐྲུན་བྱས་ནས། ཡང་སྙིང་སུ་ཞིག་ལ་སྟོན་འདོད་པ་ཡིན། ཕྱིར་བོད་མི་རིགས་ལ་མཐོང་དུ་མི་འཇུག་པས་ཆེད་ཨེ་ཡིན། འདི་ལྟར་འཁྱོག་བཤད་དང་འགལ་ཟླ་མང་པོ་ཞིག་བསྐྲུན་ཚེ་ཁྱོད་གློག་བརྙན་སྒྱུ་རྩལ་པ་ཞིག་ཡིན་ན་རྒྱུ་འབྲས་དང་འགན་འཁྲི་ཞིག་ཡོད་དགོས་ལ། ཁྱོད་ཀྱིས་བསམ་ཤེས་རྒྱུ་འབྲས། འགན་ཁྲི་གང་ལ་སོང་།

                 ཁོ་བོ་ནི་གློག་བརྙན་ལ་ཞིབ་འཇུག་དང་གློག་བརྙན་ལ་དཔྱད་བརྗོད་སྤེལ་མཁན་ཞིག་མིན་ལ། རྩོམ་ཡིག་འདི་ནི་བོད་རིགས་ལྟ་མཁན་དཀྱུས་མ་ཞིག་གི་མཐོང་སྣང་ལ་ཤར་བའི་བསམ་ཚུལ་ངོ་མ་ཞིག་ཡིན། རེ་བར་བོད་ཀྱི་རིག་གནས་སྤྱི་དང་བོད་མིའི་འདུ་ཤེས་འཛིན་སྟངས་ལ་རྒྱུས་ལོན་མེད་པའི་གློག་བརྙན་པ་དག་གིས་མི་རིགས་ཤིག་གི་རིག་གནས་འཁྱོག་བཤད་བརྒྱབ་ནས། མི་རིགས་སོ་སོའི་བར་གྱི་འཆམ་མཐུན་ལ་གནོད་པའི་ལས་མ་བྱས་ན་ལེགས་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གློག་བརྙན་བདག་དམ་ལས་ཁུངས་ནས་ཀྱང་གློག་བརྙན་འདི་ལྟ་བུ་དྲིལ་བསྒྲོག་དང་འགྲེམ་སྤེལ་གྱི་ཕྱོགས་ལ་གཟབ་ནན་བྱས་ནས། མི་རིགས་སོ་སོའི་མཐུན་སྒྲིལ་འཆམ་མཐུན་གྱི་ལས་དོན་ཕྱོགས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་རྒྱུ་ནི་ཆེ་གལ་འགངས་ཆེ་བའི་བྱ་བ་ཞིག་མིན་ནམ།

《རྩོམ་ཡིག་འདིའི་རྒྱ་ཡིག་དྲ་གནས་འདི་རུ་ཡོད་པས་ལྷན་རྒྱས་དག་གིས་གཟིགས་མོ་ཡོད་པ་མཁྱེན་མཁྱེན།》

http://blog.amdotibet.com/11437/archives/8260.aspx

http://movie.douban.com/subject/4116937/discussion/40698060/

དཔྱད་མཆན་ཡོད།