གློག་བརྙན་ནང་གི་བོད་ཀྱི་ལོ་རྒྱུས། གཉིས་པ།

          དུས་དེབ་གོང་མར་ང་ཚོས་གློག་བརྙན་ནང་གི་བོད་ཀྱི་ལོ་རྒྱུས་གླེང་སྐབས།  རང་རྒྱལ་ནས་ཐོན་པའི་བོད་བརྗོད་གློག་བརྙན 《 བོད་རྗེ་སྲོང་བཙན 》(松赞干布)དང་།  《ལང་ཅུའི་ཡུལ་གྱི་ལྷན་འཛོམས (月圆凉州)《ཞིང་བྲན》(农奴)གསུམ་ལ་གཞི་བཅོལ་ཏེ་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་འགྱུར་མཚམས་གལ་ཆེན་གསུམ་སྟེ་དུས་རབས་༧པའི་དུས་དཀྱིལ་དུ་བཙན་པོ་སྲོང་བཙན་སྒམ་པོས་མདོ་དབུས་མཐོ་སྒང་གཅིག་གྱུར་བྱས་ནས་བོད་བཙན་པོའི་སྲིད་དབང་བཙུགས་པ་དང་།  དུས་རབས13པའི་དུས་དཀྱིལ་དུ་སེ་ཆེན་གོ་དན་དང་ས་པཎ་ཀུན་དགའ་རྒྱལ་མཚན་ལང་ཅུར་མཇལ་འཛོམས་གནང་ནས་བོད་ས་གནས་དེ་དངོས་སུ་ཀྲུང་དབྱང་སྲིད་གཞུང་གི་བདག་སྐྱོང་མངའ་ཁོངས་སུ་ཚུད་པ།  དུས་རབས་གོང་མའི་དུས་དཀྱིལ་དུ་བོད་ལྗོངས་ཞི་བས་བཅིངས་གྲོལ་ཐོབ་པ་དང་དམངས་གཙོ་བཅོས་བསྒྱུར་བྱས་པ་དེས་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་མཚམས་གསར་པ་ཞིག་གི་འགོ་ཚུགས་པ་གསུམ་མངོན་ཡོདལ།  མཚམས་འདིར་ཡང་དེ་བཞིན་དུ་བོད་བརྗོད་གློག་བརྙན་ཁག་ཅིག་ངོ་སྤྲོད་ཚུལ་གྱིས་ལོ་རྒྱུས་ཐོག་བོད་དང་མི་རིགས་གཞན་ནམ་རྒྱལ་ཁབ་གཞན་བར་གྱི་འབྲེལ་བ་ལ་དབྱེ་ཞིབ་བྱ་རྒྱུ། 

       དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་བསྟན་པ་ལྟར།  རང་རེའི་གངས་ལྗོངས་ཁ་བའི་ཡུལ་འདི་ནི་འཛམ་བུ་གླིང་གི་ཡུལ་དབུས་སུ་གནས་ཤིང་།  ཕྱོགས་བཞི་ལ་མཚོན་ན“ཤར་རྒྱ་ནག་དང་ཁྲི་བརྟན།  ལྷོ་རྒྱ་གར་དང་བལ་ཡུལ།  ནུབ་སྟག་སྡེ་དང་གཟིག་འཕེན།  བྱང་ཁྲོམ་དང་གེ་སར”སོགས་མི་རིགས་མང་པོ་ཆགས་ཡོད་པས།  རྒྱུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་བོད་དང་རང་རྒྱལ་ནང་ས།  རྒྱ་གར།  བལ་ཡུལ།  ཁ་ཆེ།  ཏ་ཟིག བྲུ་ཤ ལི་ཡུལ།  དྲུ་གུ།  ཧོར།  སོག་པོ།  འཇང་སོགས་མི་རིགས་མང་པོ་ཕན་ཚུན་བར་ཆབ་སྲིད་དང་།  དཔལ་འབྱོར།  ཆོས་ལུགས།  རིག་གནས།  དམག་དོན་སོགས་ཕྱོགས་མང་པོའི་ཐད་འབྲེལ་བ་དམ་ཞིང་ཟབ་པ་དང་།  ལོ་རྒྱུས་སྟེང་གི་མི་རིགས་ཀྱི་འབྲེལ་བ་དེ་དག་ཕྱི་ནང་དེབ་ཐེར་མང་པོའི་ནང་དུ་བཀོད་ཡོད་པ་མ་ཟད།  བོད་བརྗོད་གློག་བརྙན་གྱི་བརྗོད་བྱ་གལ་ཆེན་ཞིག་ཏུའང་གྱུར་ཡོད།  
        དུས་རབས7པའི་དུས་དཀྱིལ་དུ་བཙན་པོ་སྲོང་བཙན་སྒམ་པོས་མདོ་དབུས་མཐོ་སྒང་གཅིག་གྱུར་བྱས་ནས་བོད་བཙན་པོའི་སྲིད་དབང་བཙུགས་རྗེས།  མཛངས་བློན་མགར་སྟོང་བཙན་ཡུལ་ཟུང་སོགས་ཁྲང་ཨན་དུ་ཕོ་ཉར་བཏང་ནས་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་པ་ནི་བོད་ཀྱི་ལོ་རྒྱུས་མ་ཟད་ཀྲུང་གོའི་ལོ་རྒྱུས་ལ་མཚོན་ནའང་དོན་ཆེན་ཞིག་ཡིན།  《རྒྱལ་རབས་གསལ་བའི་མེ་ལོང》སོགས་ལས་བསྟན་པ་ལྟར་ན།  སྐབས་དེར་སྲོང་བཙན་སྒམ་པོས་ཐང་བོད་མཚམས་སུ་དམག་དྲངས་བ་དང་།  བློན་པོ་མགར་ཁྲང་ཨན་དུ་ཕོ་ཉར་བཏང་ནས་ཀོང་ཇོ་སློང་བ་ལས།  མགར་གྱིས་རང་གི་བླ་ན་མེད་པའི་ཤེས་རབ་དང་སྤོབས་སེམས་ལ་བརྟེན་ནས་བླ་གཡུའི་མིག་ཏུ་དར་ཡུག་ཚུད་པ་དང་།  ལུག་ལྔ་བརྒྱ་ཉི་མ་གཅིག་ལ་བསད་ཟིན་པ་བཤས་ཟིན་པ་ཤ་ཟོས་ཟིན་པ་པགས་པ་མཉེས་ཟིན་པ།  ཆང་བེན་བརྒྱ་ཉི་མ་གཅིག་ལ་འཐུང་ཟིན་པ་མ་བོ་བ་མ་བཟི་བ།  རྟ་མ་བུ་བརྒྱ་དང་བྱ་མ་བུ་བརྒྱ་ཕྱོགས་གཅིག་ཏུ་ངོ་ཤེས་པ།  ཤིང་ལྡུམ་པོ་བརྒྱའི་མགོ་གཞུག་ངོས་འཛིན་པ།  ནམ་ཕྱེད་ལ་ཕོ་བྲང་དུ་རང་གི་སྡོད་གནས་ངོས་འཛིན་པ།  བུ་མོ་སུམ་བརྒྱ་ནས་ཀོང་ཇོ་ངོས་འཛིན་པ་སོགས་རིག་པ་ལན་བདུན་འགྲན་པ་ལས་ཚང་མར་རྒྱལ་ཁ་ཐོབ་པ་དང་།  ཐང་རྒྱལ་གོང་མས་རྒྱ་བཟའ་ཀོང་ཇོ་བོད་དུ་མངགས་རྒྱུ་ཁས་བླངས་ཤིང་རྫོང་བསམ་གྱིས་མི་ཁྱབ་པ་མཛད་དེ་ཐང་བློན་ལི་ཏའོ་ཙུང་དང་བོད་བློན་འབྲི་སི་རེ་གོང་སྟོན་སོགས་ཀོང་ཇོ་དང་མཉམ་དུ་བོད་དུ་ཕེབས་རྒྱུ་དང་།  བློན་པོ་མགར་ཁྲང་ཨན་དུ་མི་ཚབ་བྱས་ནས་བསྡད་དགོས་པ་ཐག་བཅད།  དེ་ནས་ལྷ་ཅིག་ཀོང་ཇོ་སོགས་ཁྲང་ཨན་ནས་ལམ་ལ་ཆས་ཏེ་རིམ་བཞིན་ད་ལྟའི་ཀན་སུའུ་དང་མཚོ་སྔོན་ས་ཆ་སོགས་བརྒྱུད་ནས་མཐར་སྤྱི་ལོ641ལོར་ལྷ་སར་སླེབས་པ་དང་བསུ་མ་གཟབ་རྒྱས་བྱས་ནས་ཐང་བོད་མཛའ་མཐུན་གྱི་འབྲེལ་བའི་སྲོལ་གཏོད་པའོ།།  བློན་པོ་མགར་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་བསུ་པའི་སྐོར་གྱི་ལོ་རྒྱུས་དེ་དུས་དེབ་གོང་མར་གླེང་ཟིན་པའི་བོད་བརྗོད་གློག་བརྙན《བོད་རྗེ་སྲོང་བཙན》ནང་ཅུང་ཙམ་འདུས་ཡོད་ན་ཡང་དེ་འདྲ་ཁ་གསལ་མི་འདུག  སྤྱི་ལོ2003ལོར་ཐོན་པའི་གློག་བརྙན《རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པ》(大唐公主西域记)ཞེས་པའི་ནང་བཙན་པོས་དམག་དྲངས་པ་དང་།  བློན་པོས་རིག་པ་འགྲན་པ།  ཀོང་ཇོ་བོད་དུ་ཕེབས་པའི་བརྒྱུད་རིམ་སོགས་ཞིབ་ཆ་བསྟན་ཡོད་པ་མ་ཟད།  ད་དུང་ཐང་བོད་ཕྱོགས་གཉིས་ཀྱི་བློན་ངན་དག་གིས་ཀོང་ཇོ་བོད་དུ་ཕེབས་པར་འགོག་རྐྱེན་བཟོས་པའི་སྤྱོད་ངན་རྣམས་ཀྱང་གསལ་འདོན་བྱས་ཡོད།  
       དུས་རབས7པ་ནས་བཟུང་། གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་ནི་རིམ་བཞིན་དར་རྒྱས་གོང་འཕེལ་བྱུང་ལ།  བཙན་པོ་རིམ་བྱོན་དང་བློན་པོ་རིམ་བྱོན་གྱིས་དམག་གི་དཔུང་ཁྲིད་དེ་ལོ་ངོ་ཉིས་བརྒྱ་རིང་ལ་ཕྱོགས་བཞིར་མངའ་ཁོངས་རྒྱ་བསྐྱེད་པའི་ལས་ལ་ཞུགས་པ་དང་།  བྱང་ཤར་ཕྱོགས་གཉིས་སུ་མཛངས་བློན་མགར་སྟོང་བཙན་ཡུལ་ཟུང་དང་མགར་ཁྲི་འབྲིང་བཙན་བྲོད་ཕ་བུ་སོགས་ཀྱིས་དམག་དྲངས་ནས་མཚོ་སྔོན་དང་།  ཀན་སུའུ།  ཞིན་ཅང་སོགས་སུ་ཐང་རྒྱལ་རབས་དང་ལོ་མང་པོར་འཐབ་ལ་ཤ་ཅུ་དང་ཀན་ཅུ་སོགས་ས་ཆ་མང་པོ་མངའ་འོག་ཏུ་བཅུག་པ་དང་།  བོད་ཀྱི་ས་ཆ་དེ་དག་དུ་དཔོན་བསྐོས་དམག་སྡོད་བྱས་ནས་ལོ་ངོ་བརྒྱ་ལྷག་རིང་ལ་དབང་སྒྱུར་བྱས་པ་ལས་ཐུན་མོང་མ་ཡིན་པའི་དཔོན་རིགས་ལམ་ལུགས་དང་།  ས་ཞིང་ལམ་ལུགས།  དཔྱ་ཁྲལ་ལམ་ལུགས་སོགས་སྤེལ་བ་མ་ཟད།  ས་ཆ་དེ་དག་ཏུ་བཙན་ཤེད་ཀྱིས་བོད་ལྭ་དང་།  བོད་སྐད།  བོད་ཡིག་སོགས་བེད་སྤྱོད་གཏོང་དུ་བཅུག དུས་རབས9པའི་དུས་དཀྱིལ་དུ་བཙན་པོ་དར་མ་འུ་དུམ་བཙན་བཀྲོངས་པ་དང་།  རྒྱལ་བུ་འོད་སྲུངས་དང་ཡུམ་བརྟན་གཉིས་མ་མཐུན་པར་དབུ་གཡོར་འཁྲུག་པ་ལངས་པ་ལས་རིམ་བཞིན་རྒྱལ་རྒྱུད་མང་པོ་བྱུང་ལ།  ཡང་བོད་ཡོངས་སུ་འབངས་གྱེན་ལོག་བྱུང་ནས་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་།   བོད་སིལ་བུར་འཐོར་བའི་བརྒྱུད་རིམ་ཁྲོད།   སྔོན་ལ་དབང་སྒྱུར་གནང་ཡོད་པའི་མཚོ་སྔོན་དང་།  ཀན་སུའུ།  ཞིན་ཅང་སོགས་སུའང་བོད་ཀྱི་དབང་སྒྱུར་བ་ནང་ཁུལ་དུ་འགལ་ཟླ་བྱུང་བ་དང་།  རྒྱ་རིགས་ཀྱིས་གཙོ་བྱས་པའི་དབང་སྒྱུར་ས་ཁུལ་གྱི་མི་རིགས་མང་པོས་ཀྱང་དུས་དེ་དང་བསྟུན་ནས་བོད་ཀྱི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ་ཐང་རྒྱལ་རབས་ལ་མགོ་འདོགས་འགོ་ཚུགས།  བོད་ཀྱི་ལོ་རྒྱུས་སྟེང་གི་དོན་རྐྱེན་ཆེན་པོ་འདི་ནི་སྤྱི་ལོ1986ལོར་ཐོན་པའི་གློག་བརྙན་《ཐང་རྒྱལ་གྱི་ཕོ་ཉ》(大漠紫禁令)ཞེས་པའི་ནང་འོས་འཚམ་ཞིག་མངོན་ཡོད་པ་སྟེ།  བཙན་པོ་དར་མ་འུ་དུམ་བཙན་བཀྲོངས་པ་དང་འབངས་གྱེན་ལོག་བྱུང་ནས་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་བའི་སྐབས་ཤ་ཅུའི་རྒྱ་རིགས་དཔོན་ཆེན་ཀྲང་དབྱི་ཁྲའོ་ཡིས་རྫོང་བཅུ་གཅིག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐང་རྒྱལ་རབས་ལ་མགོ་བཏགས་པ་དང་།  ཐང་གོང་མས་བོད་དང་ཞི་མཐུན་ཡོང་བའི་ཆེད་དུ་བཙུན་པ་ཝུན་ཧུའེ་ཞེས་པ་ཕོ་ཉར་བསྐོས་ནས་ཤ་ཅུ་རུ་ཀྲང་དབྱི་ཁྲའོ་ལ་འཇའ་ས་གནང་བ་དང་རྒྱ་བོད་བར་འདུམ་བྱེད་དུ་བཏང་བས།  ཁོ་ཚོས་ལམ་བར་དུ་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཤ་ཅུ་རུ་སླེབས་སྟེ་བྱ་གཞག་ཀུན་བདེ་བླག་ངང་བསྒྲུབས་ཟིན་པ་དང་རྒྱ་བོད་བར་ཡང་ཞི་མཐུན་ཐོབ་ཡོད་པ་སོགས་དང་།  དེ་མིན་གོང་སྨྲས་ལྟར་བོད་ཀྱི་དབང་སྒྱུར་བ་ནང་ཁུལ་གྱི་འགལ་ཟླ་དང་དེ་མིན་ས་ཆ་དེ་དག་དུ་སྔོན་ལ་བོད་ལྭ་གྱོན་པའི་ལུགས་སྲོལ་ཡོད་ཚུལ་ཡང་གློག་བརྙན་ནང་དུ་བསྟན་ཡོད།  
         ལོ་རྒྱུས་སྟེང་གི་བོད་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་ནི་དུས་རྟག་ཏུ་མཛའ་མཐུན་དང་རིག་གནས་བརྗེ་རེས་བྱེད་པ་ཞིག་ག་ལ་ཡིན།  དེ་ཡང་ཉེ་རབས་སུ་དབྱིན་ཇི་བས་གཙོ་བྱས་པའི་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་པ་ནི་བོད་དང་ཕྱི་ཕྱོགས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་ངེས་པར་དུ་གླེང་དགོས་པ་ཞིག་ཡིན།  1888ལོ་དང1903ནས1904ལོར།  དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལ་བཙན་འཛུལ་ཐེངས་གཉིས་བྱས་པ་དང་བོད་ཀྱི་སེར་སྐྱ་དམག་དམངས་ཡོངས་ཀྱིས་དཔའ་ངར་ཞུམ་མེད་ངང་བཙན་འཛུལ་བར་འགོག་རྒོལ་བྱས་པའི་རླབས་ཆེ་བའི་རྒྱལ་གཅེས་ཡུལ་སྲུང་གི་དམག་འཁྲུག་སྟེ་ལུང་ཐུར་ཡུལ་སྲུང་དམག་འཁྲུག་དང་རྒྱལ་རྩེ་ཡུལ་སྲུང་དམག་འཁྲུག་གཉིས1996ལོར་ཐོན་པའི་གློག་བརྙན《ཁྲག་ལུང》(红河谷)ཞེས་པའི་ནང་ཕྱོགས་གཅིག་ཏུ་བསྡུས་ནས་གསལ་བོར་མངོན།  1888ལོའི་ཟླ2པའི་ཚེས7ཉིན།  དབྱིན་ཇི་བཙན་འཛུལ་དམག་གིས་གློ་བུར་དུ་ལུང་ཐུར་ལ་ཚུར་རྒོལ་བྱས་པས་བོད་དམག་ཚོས་དཔའ་ངར་ཆེན་པོས་རྒོལ་ལན་བསྐྲད་ནས་བཙན་འཛུལ་བ་རྣམས་ཕམ།  ཟླ2པའི་ཚེས12ཉིན་དབྱིན་ཇི་བཙན་འཛུལ་དམག་གིས་སླར་ཡང་ཚུར་རྒོལ་བྱས་ཏེ་མེ་སྒྱོགས་སོགས་ལ་བརྟེན་ནས་ལུང་ཐུར་བཟུང་པ་དང་མུ་མཐུད་དུ་མདུན་སྐྱོད་བྱས་ནས་རིམ་བཞིན་ནག་ཐང་དང་ཆུ་སྦིད་སོགས་བཟུང་།  ཆིང་རྒྱལ་རབས་ཀྱི་འགོ་འདོགས་རིང་ལུགས་ཀྱི་སྲིད་ཇུས་འོག་བོད་རིགས་མི་དམངས་ལུང་ཐུར་ཡུལ་སྲུང་དམག་འཁྲུག་ལས་ཕམ་པར་གྱུར། 1903ནས1904ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཡང་བསྐྱར་བོད་ལ་བཙན་འཛུལ་ཐེངས་གཉིས་པ་བྱས་ནས་རྒྱལ་རྩེ་སོགས་བཅོམ་ནས་མཐར་ལྷ་ས་དགྲ་ལག་ཏུ་ཤོར།  བོད་ཀྱི་སེར་སྐྱ་དམག་དམངས་ཡོངས་ཀྱིས་མདའ་གྲི་མདུང་གསུམ་དང་།  འུར་རྡོ་སོགས་མཚོན་ཆ་རྗེས་ལུས་དག་ལ་བརྟེན་ནས་དཔའ་ངར་ཞུམ་མེད་ཀྱིས་རྒྱལ་རྩེ་སོགས་སུ་མེ་སྒྱོགས་དང་།  འཕྲུལ་མདའ།  མེ་མདའ་སྦག་སྦག་སོགས་མཚོན་ཆ་དེང་རབས་ཅན་འཁྱེར་བའི་དབྱིན་ཇི་བཙན་འཛུལ་བར་འགོག་རྒོལ་བྱས།  དེའི་ཁྲོད་དུ་དབྱིན་དམག་གིས་གཡོ་སྒྱུ་སྒོས་ཆུ་མིག་གཤོངས་ཀོར་གྲོས་མོལ་ཚུལ་གྱིས་མཚོན་ཆ་སར་བཞག་པའི་མདའ་དཔོན་ལྷ་སྡིང་སྲས་སོགས་བོད་དམག་དམར་གསོད་བྱས་པ་དང་།  ལམ་བར་དུ་བྱང་གླིང་སོགས་དགོན་སྡེ་མང་པོར་མེར་བསྲེགས་དང་འཕྲོག་བཅོམ་བྱས།  སྐྱེས་བུ་མང་པོར་མནར་གཅོད་ཚད་མེད་བྱས།  བོད་མི་དམངས་ཀྱིས་བཙན་འཛུལ་བར་འགོག་རྒོལ་བྱས་པའི་དམག་འཁྲུག་ལ་མཐར་ཕམ་ཉེས་བྱུང་ནའང་དཔའ་ངར་ཞུམ་མེད་ངང་མེས་རྒྱལ་གྱི་མཐའ་མཚམས་དང་རང་གི་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་རླབས་ཆེ་བའི་བྱ་གཞག་དེ་ནི་དུས་ནམ་ཡིན་ཡང་བསྔགས་འོས་པ་ཞིག་ཡིན་ནོ།  །  
 

དཔྱད་མཆན་ཡོད།