དངོས་མཚོན་གློག་བརྙན་དང་བོད་མིའི་འཚོ་བ།


                སྤྱི་ལོ༢༠༠༨ལོའི་སྤྱི་ཟླ༣པའི་ཚེས༦ཉིན་ནས་བཟུང་། ཧྲུའུ་ཡུན་གྱིས་འཁྲབ་འཁྲིད་བྱས་པའི་བོད་བརྗོད་དངོས་མཚོན་གློག་བརྙན《ལོ་གཅིག་རིང་གི་བོད་ལྗོངས》(A Year in Tibet,《西藏一年》)ཞེས་པ་དེ་དབྱིན་ཇིའི་རླུང་འཕྲིན་ཀུང་སི(BBC)ཡི་འཕྲིན་ལམ་བཞི་པའི་ཐོག་ཐེངས་དང་པོར་བཏང་མ་ཐག་རྒྱལ་ཁབ་ཕྱི་ནང་ཕྱོགས་གང་ཐད་ནས་གདེང་འཇོག་ཆེན་པོ་ཐོབ། གློག་བརྙན་དེས་མིའི་རིགས་རིག་པའི་རྟོག་ཞིབ་བྱ་ཐབས་ལ་བརྟེན་ནས་དེང་རབས་བོད་ལྗོངས་ཀྱི་འཚོ་བ་དངོས་མངོན་རྒྱུ་དམིགས་སུ་བཟུང་ནས། གནའ་གྲོང་རྒྱལ་རྩེ་གྲོང་ཁྱེར་གྱི་གཞི་རིམ་ལས་བྱེད་པ་དང་། གྲོང་གསེབ་ཀྱི་སྨན་པ། དགོན་སྡེའི་དགེ་འདུན། གྲོང་གསེབ་ཀྱི་ལྷ་པ།  འགན་ལེན་ལས་དཔོན། ཟ་ཁང་གི་སྦྱིན་བདག རྐང་འཁོར་སྐོར་མཁན། ཞིང་འབྲོག་པ་སོགས་བོད་མི་བརྒྱད་ཀྱི་ལོ་གཅིག་དུས་བཞིའི་རྒྱུན་ལྡན་གྱི་འཚོ་བ་དང་ཐོན་སྐྱེད་བྱེད་ཚུལ་སོགས་ལ་རྗེས་འདེད་པར་རྒྱག་བྱས་པ་དང་། གསོན་ཉམས་དོད་པའི་མི་སྣའི་གཟུགས་བརྙན་དང་། མངོན་སུམ་གསལ་རྗེན་གྱི་འཚོ་བའི་ཁོར་ཡུག སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་ཟླ་སོགས་མངོན་པ་བརྒྱུད། ཉིན་རེ་བཞིན་གོང་འཕེལ་འགྲོ་བཞིན་པའི་བོད་ལྗོངས་ཀྱི་རྣམ་པ་གསར་བ་དངོས་སྐྱེ་བོ་ཀུན་གྱི་མདུན་དུ་གསལ་ལྷང་ངེར་བསྟན་ཡོད།
                《ལོ་གཅིག་རིང་གི་བོད་ལྗོངས》ཞེས་པ་བསྟན་རྗེས། 《དུས་དོན་ཚགས་པར》(The Times,《泰晤士报》)ཞེས་པ་དང་། 《སྲུང་སྐྱོབ་ཚགས་པར》(The Guardian,《卫报》)སོགས་དབྱིན་ཇིའི་གསར་འགྱུར་ལས་རིགས་ཁག་གིས་དེའི་སྐོར་གྱི་ཆ་འཕྲིན་འགོད་སྤེལ་བྱས་པ་མ་ཟད་གདེང་འཇོག་ཚད་མཐོན་པོ་བྱས་པ་དཔེར་ན《སྲུང་སྐྱོབ་ཚགས་པར》ཞེས་པས“《ལོ་གཅིག་རིང་གི་བོད་ལྗོངས》ཞེས་པའི་གློག་བརྙན་དེས་མཐོང་དཀོན་པའི་གཏིང་ཚད་དང་། ཧ་ལས་ཧང་སངས་དགོས་པའི་སྟོབས་ཤུགས་ཀྱིས་མིག་སྔར་རྩོད་གཞི་ཆེ་ཤོས་དང་། ཆེས་ཐག་རིང་ས་ཁུལ་དུ་འཚོ་སྡོད་བྱེད་པའི་མི་རྣམས་ཀྱི་འཚོ་བ་དངོས་དྲང་པོ་དྲང་བཞག་གིས་འདྲ་ཕབ་བྱས་ཡོད”ཅེས་འཁོད་ཡོད་པ་དང་། དབྱིན་ཇིའི《ལྟ་ཞིབ་པའི་ཚགས་པར》(The Observer,《观察家报》)ཞེས་པའི་སྟེང་། “དངོས་མཚོན་གློག་བརྙན་དེ་ནི་མིའི་རིགས་རིག་པའི་ལམ་ནས་བོད་ལ་ལྟ་ཞིབ་བྱས་པ་ཞིག་ཡིན་པ་ལས། ཆབ་སྲིད་ཀྱི་ཤན་ཞུགས་པའི་དངོས་མཚོན་གློག་བརྙན་ཞིག་མ་ཡིན”ཞེས་འཁོད་ཡོད་པ་རེད། དེ་རྗེས། གློག་བརྙན་དེ་ཨ་རི་དང་། ཁ་ན་ཏ། ཧྥ་རན་སི། འཇར་མན། སི་པན། ནོར་ལྦེ། ལྷོ་ཁོ་རེ་ཡ་བཅས་དང་། དེ་བཞིན་ཨ་ཧྥེ་རི་ཁ་གླིང་བརྙན་འཕྲིན་རླུང་འཕྲིན་མཉམ་འབྲེལ་མ་ལག་དང་། ལ་ཏེང་ཨ་མེ་རི་ཁ་གླིང་བརྙན་འཕྲིན་རླུང་འཕྲིན་མཉམ་འབྲེལ་མ་ལག གསར་རྙེད་འཕྲིན་ལམ་ཨེ་ཤེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ༤༠ལྷག་ཙམ་གྱི་བརྙན་འཕྲིན་ལས་ཁུངས་གཙོ་གྲས་དག་གིས་མངག་ཉོ་དང་གཏོང་སྤེལ་བྱས་ཡོད། སྤྱི་ལོ༢༠༠༩ལོའི་སྤྱི་ཟླ༧པའི་ཚེས༢༧ཉིན་ནས་བཟུང་བོད་བརྗོད་དངོས་མཚོན་གློག་བརྙན་དེ་རང་རྒྱལ་གྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོ་ཕྱོགས་བསྡུས་འཕྲིན་ལམ་ཐོག་ཆད་ལྷག་མེད་པར་བསྟན་ཡོད། དེར་བརྟེན་ང་ཚོས་གློག་བརྙན་དེ་བསྟན་པའི་དོན་སྙིང་ལ་གདེང་འཇོག་བྱས་ཚེ། 《ལོ་གཅིག་རིང་གི་བོད་ལྗོངས》ཞེས་པ་དེ་ནི་ང་ཚོས་ཕྱི་ཕྱོགས་དྲིལ་བསྒྲགས་ཁྱབ་ཁོངས་ནང་དུ་བླངས་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་མ་ཟད། དེས་བོད་བརྗོད་དངོས་མཚོན་གློག་བརྙན་གྱི་མཚན་སྙན་དང་ཤུགས་རྐྱེན་ཡང་གང་ཅིའི་ཐད་ནས་ཆེས་ཆེར་སྤེལ་ཡོད།
             སྤྱིར་དངོས་མཚོན་གློག་བརྙན་ཞེས་པ་ནི་འཚོ་བ་དངོས་གསར་རྩོམ་དཔྱད་གཞིར་བཟུང་ཞིང་། མི་སྣ་དངོས་དང་བྱ་བ་དངོས་ཀྱིས་མཚོན་བྱ་བྱས་ཏེ། སྒྱུ་རྩལ་གྱི་རྣམ་པ་བེད་སྤྱད་ནས་དོན་དངོས་མཚོན་པ་དམིགས་སུ་འཛིན་པ་དང་། བསྟན་བྱའི་དོན་དངོས་དེ་དག་གིས་མི་རྣམས་ལ་བསམ་གཞིགས་བྱེད་དུ་འཇུག་པའི་གློག་བརྙན་ནམ་བརྙན་འཕྲིན་གྱི་སྒྱུ་རྩལ་རྣམ་པར་གོ་དགོས། དོན་དངོས་ཐོག གློག་བརྙན་སྒྱུ་རྩལ་དེ་ཉིད་ཀྱང་དང་ཐོག་དངོས་མཚོན་གློག་བརྙན་གསར་རྩོམ་བྱེད་པ་ལས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། ལོ་རྒྱུས་ཐོག་གི་གློག་བརྙན་ཐོག་མ་《མེ་འཁོར་འབབ་ཚུགས་སུ་འབྱོར》(《火车进站》)ཞེས་པར་དངོས་མཚོན་གློག་བརྙན་གྱི་ངོ་བོ་ལྡན་ཡོད། དངོས་མཚོན་གློག་བརྙན་གྱི་རིགས་དབྱེ་སྟངས་ལ་གློག་བརྙན་རིག་པའི་ལམ་ནས་གཅིག་གྱུར་གྱི་ཚད་གཞི་མེད་པ་དང་། སྤྱིར་བརྗོད་བྱ་དང་མཚོན་སྟངས་མི་འདྲ་བར་གཞིགས་ཏེ་སྲིད་དོན་གླེང་བའི་རང་བཞིན་དང་། ཡིག་ཚགས་རང་བཞིན། སྤྱི་ཚོགས་རང་བཞིན། ལོ་རྒྱུས་རང་བཞིན། རིག་གནས་རང་བཞིན། རྣམ་ཐར་རང་བཞིན་གྱི་དངོས་མཚོན་གློག་བརྙན་སོགས་སུ་དབྱེ་ཆོག
            བོད་བརྗོད་དངོས་མཚོན་གློག་བརྙན་ནི་དངོས་མཚོན་བྱ་ཐབས་བརྒྱུད་བོད་རིགས་ཀྱི་འཚོ་གནས་ཁོར་ཡུག་དང་འཚོ་སྡོད་བྱ་ཚུལ་མངོན་པ་དང་། བོད་ཁུལ་གྱི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་འཕོ་འགྱུར་མངོན་པའི་བརྙན་མཐོང་གི་དོན་བརྗོད་བྱ་ཐབས་ཞིག་ཡིན་པའི་ཆ་ནས་དུས་རབས་གོང་མའི་ལོ་འགོ་ཙམ་ནས་བྱུང་བ་དང་། སྐབས་དེར་ནུབ་ཕྱོགས་ཀྱི་མྱུལ་དཔྱད་པ་ཁག་ཅིག་བོད་དུ་སླེབས་པ་དང་། ནང་སའི་འབྲེལ་ཡོད་མི་སྣ་དག་བོད་ཁུལ་དུ་རྟོག་ཞིབ་བྱེད་པར་ཕེབས་པ་ལས་བརྙན་ཐུང་མང་པོ་ཞིག་པར་ལེན་བྱས་ཡོད་པ་ནི་བོད་བརྗོད་དངོས་མཚོན་གློག་བརྙན་གྱི་ཐོག་མའི་རྣམ་པ་ཡིན། ལོ་རབས༥༠པ་ནས་འགོ་ཚུགས་ཏེ། བཅིངས་འགྲོལ་དམག་གིས་གཞུང་ལམ་བསྐྲུན་ཏེ་བོད་དུ་སྐྱོད་པ་དང་། བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་པ། དམངས་གཙོ་བཅོས་བསྒྱུར་སོགས་ཀྱི་དོན་ཆེན་ཁག་ལ་གཞིགས་ཏེ། 《བོད་ཡུལ་བཅིངས་འགྲོལ་གཏོང་བའི་དམག་སྐྱོད་ཆེན་པོ》(《解放西藏大军行》)ཞེས་པ་དང་། 《བོད་དུ་ཁྲི་གདུགས་ཉི་མའི་ཟེར་གྱིས་ཁེངས》(《光明照耀着西藏》)、《ལྷ་སར་ཤར་གཏོང་བྱས་པའི་བདེ་སྐྱིད་ཀྱི་ལམ་བུ》(《通向拉萨的幸福道路》)、《ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་པ》 ( 《百万农奴站起来》)ཞེས་པ་སོགས་སྲིད་དོན་གླེང་བའི་རང་བཞིན་གྱིས་གཙོར་བྱས་པའི་དངོས་མཚོན་གློག་བརྙན་འབོར་ཆེན་ཞིག་ཐོན་ཡོད་པ་དེ་དག་གིས་བོད་བརྗོད་དངོས་མཚོན་གློག་བརྙན་གོང་འཕེལ་འགྲོ་བའི་རླབས་རྩེ་ཐོག་མ་དེ་མཚོན་ཡོད།
            དུས་རབས༡༩པའི་ལོ་རབས༩༠པར་སླེབས་རྗེས། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་འགྲོགས་བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། དུས་སྐབས་དེར། དངོས་མཚོན་རིང་ལུགས་ཀྱིས་སྣེ་ཁྲིད་བྱས་ཤིང་མིའི་རིགས་རིག་པ་དང་། མི་རིགས་རིག་པས་རྨང་གཞི་བྱས་པའི་ཕུལ་བྱུང་གི་བོད་བརྗོད་དངོས་མཚོན་གློག་བརྙན་མང་པོ་ཞིག་ཐོན་ཡོད། དེའི་ཁྲོད་དུ་དཔེ་མཚོན་རང་བཞིན་ལྡན་པའི་གློག་བརྙན་ནི《བྱང་ཐང་མི་ཚང》(《藏北人家》)ཞེས་པ་དང་། 《བར་སྐོར་ལྷོ་ལམ་ཨང་༡༦ པ》(《八廓南街16号》)、《ཕོ་བྲང་དམར་པོ》(《布达拉宫》)、《བདེ་ལྷ་མོ》(《德拉姆》)、《ལོ་གཅིག་རིང་གི་བོད་ལྗོངས》ཞེས་པ་སོགས་རེད།
            ལྦང་ཧེ་པིང(王海兵)གིས་འཁྲབ་འཁྲིད་བྱས་པའི《བྱང་ཐང་མི་ཚང》(སྤྱི་ལོ་༡༩༩༡)ཞེས་པ་དེས་བྱང་ཐང་གི་འབྲོག་པ་མཚོ་ཟླ་ཚང་གི་ཉིན་གཅིག་གི་ཐོན་སྐྱེད་འཚོ་བ་དང་མི་དང་མིའི་བར་གྱི་འབྲེལ་བ་་བསྟན་པ་བརྒྱུད། གཟིགས་མོ་བ་རྣམས་ལ་མཐོ་སྒང་ས་ཁུལ་གྱི་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ངོ་སྤྲོད་བྱས་པ་མ་ཟད། བྱང་ཐང་འབྲོག་པ་དང་རང་བྱུང་ཁམས་བར་སྔར་ནས་ད་བར་དུ་ཆགས་ཡོད་པའི་འཆམ་མཐུན་མཉམ་གནས་ཀྱི་ངལ་རྩོལ་དང་འཚོ་བའི་རྣམ་པ་མངོན་ཡོད།
        ཏོན་ཅིང་ཁྲོན(段锦川)གྱིས་འཁྲབ་འཁྲིད་གནང་བའི《བར་སྐོར་ལྷོ་ལམ་ཨང་༡༦པ》(སྤྱི་ལོ་༡༩༩༧)ཞེས་པའི་གློག་བརྙན་དེར་ཧྥ་རན་སིའི་ཕོང་ཕེ་ཧྲེ་ལྟེ་གནས་ཀྱིས་སྐྱོང་པའི“དངོས་མཚོན་གློག་བརྙན་དུས་ཆེན”གྱི་དམིགས་བསལ་བྱ་དགའ་ཐོབ་པས། ཀྲུང་གོའི་གློག་བརྙན་ཏེ་འཛམ་གླིང་དངོས་མཚོན་གློག་བརྙན་འགྲེམས་སྟོན་ཐོག་དམིགས་བསལ་བྱ་དགའ་ཐོབ་མཁན་གྱི་ཐོག་མར་གྱུར་ཡོད་ལ། ད་ལྟ་ཨ་རིའི་ནེའུ་ཡོག་དེང་རབས་སྒྱུ་རྩལ་ཁང་དུ་ཉར་ཚགས་བྱས་ཡོད། གློག་བརྙན་དེས་བར་སྐོར་ལྷོ་ལམ་ཨང༡༦པར་གནས་པའི་བར་སྐོར་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ལྟེ་བ་བྱས་ནས། དུས་ཚོད་དང་ལས་དོན་མི་འདྲ་བར་གཞིགས་ཏེ། བདེ་སྲུང་དོ་དམ་དང་། འཆར་ལྡན་བུ་བཙའ། བུད་མེད་དང་བྱིས་པའི་གནད་དོན། མི་འབོར་དོ་དམ། གྲོང་མིའི་རྩིད་གཞི་ཐག་གཅོད། ཡིག་རྨོངས་སེལ་བ། ཏང་གི་འཛུགས་སྐྲུན་སོགས་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་གྱི་ལས་དོན་དང་རྩག་རྩིག་གི་བྱ་བ་མངོན་པ་བརྒྱུད། གཞི་རིམ་སྲིད་འཛིན་སྒྲིག་འཛུགས་ཀྱི་སྲོག་ཤིང་དུ་གྱུར་ཡོད་པའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་དབང་ཆ་དང་། རྒྱུན་ལྡན་འཁོར་སྐྱོད། གྲོང་མི་ཕན་ཚུན་གྱི་འབྲེལ་བ་བཅས་ངོ་སྤྲོད་བྱས་ཡོད།
          ཁྲེན་ཀྲེན(陈真)གྱིས་འཁྲབ་འཁྲིད་གནང་བའི《ཕོ་བྲང་པོ་ཏ་ལ།》(སྤྱི་ལོ་༢༠༠༤)ཞེས་པའི་གློག་བརྙན་དེ་དམར་པོ་རི་དང་། ཕོ་བྲང་དཀར་པོ། ཕོ་བྲང་དམར་པོ། འཁོར་བ། སྐྱེ་འཇིག་བཅས་ཁག་ལྔ་ལས་གྲུབ་པ་དང་། དགུང་ལོ༡༣ནས་ཕོ་བྲང་པོ་ཏ་ལའི་ནང་ཞུགས་པའི་དགེ་འདུན་པ་ཞིག་གི་ལོ་ངོ༦༠རིང་གི་མི་ཚེའི་ལམ་བུར་ཕྱིར་དྲན་དང་། རང་དོན་རང་བརྗོད་ཀྱི་རྣམ་པའི་ཐོག་ནས་ཕོ་བྲང་པོ་ཏ་ལའི་བཞེངས་གྲུབ་ལོ་རྒྱུས་དང་། བོད་ལྗོངས་སྤྱི་ཚོགས་ཀྱི་འཕོ་འགྱུར། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སོགས་གཟིགས་མོ་བ་རྣམས་ཀྱི་མིག་མདུན་དུ་མངོན་ཡོད། གློག་བརྙན་དེ་ལོ་ལྔར་པར་ལེན་བྱས་ཏེ་གཞི་ནས་ལེགས་གྲུབ་བྱུང་ལ། རང་རྒྱལ་གྱི་“འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག”མངོན་པའི་དངོས་མཚོན་གློག་བརྙན་ཉག་གཅིག་ཡིན་ཞིང་། སྐབས་བཅུ་པའི་ཧྭ་པེའོ་བྱ་དགའི་ཕུལ་བྱུང་དངོས་མཚོན་གློག་བརྙན་གྱི་བྱ་དགའ་ཐོབ་ཡོད།
         ཐན་ཀྲོང་ཀྲོང(田壮壮)གིས་འཁྲབ་འཁྲིད་གནང་བའི་གློག་བརྙན《བདེ་ལྷ་མོ》(སྤྱི་ལོ་༢༠༠༥)ཞེས་པ་དེས་རང་རྒྱལ་ལྷོ་ནུབ་ཁུལ་གྱི་“ཇ་རྟའི་གནའ་ལམ” གྱི་རིག་གནས་མངོན་ཡོད་ལ། གནའ་ནས་ད་བར། རང་རྒྱལ་ལྷོ་ནུབ་འཕྲེད་རྒྱུག་རི་རྒྱུད་ཁུལ་དུ་རྟ་དྲེལ་སྐྱེལ་འདྲེན་གྱི་ལས་གཉེར་པའི་མི་ཁག་ཅིག་ཡོད་ལ། ཁོང་ཚོས་ནགས་ཚལ་དང་། གཙང་པོ། གྲོག་རོང་སོགས་བརྒལ་ཏེ་ཇ་དང་། ཚྭ། འབྲུ་རིགས་སོགས་སྐྱེལ་འདྲེན་བྱས་ཏེ། ལོ་རྒྱུས་ཐོག་གི་མི་རིགས་ཁག་བར་གྱི་འགྲོ་འོང་ལ་སྐུལ་འདེད་བཏང་ཡོད་པ་དང་དུས་མཉམ་དུ་ལོ་རྒྱུས་དུ་མ་བརྒལ་བའི་གནའ་ལམ་སྟེ་ཇ་ཏའི་གནའ་ལམ་བཏོད་ཡོད། གློག་བརྙན་དེའི་ནང་གནའ་ལམ་དེའི་སྟེང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་དྲེལ་པ་ཙམ་མ་ཟད། ས་གཞི་དེའི་ཐོག་འཚོ་སྡོད་བྱེད་མཁན་གྱི་མི་རྣམས་ལ་དོ་ཁུར་ཆེན་པོ་བྱས་ཡོད། དེ་ཡང་འཁྲབ་འཁྲིད་པ་ཉིད་ཀྱིས་གསུངས་པ་བཞིན་དུ། “དེ་གར་འཚོ་སྡོད་བྱེད་མཁན་གྱི་མི་རིགས་དེ། མཐོ་སྒང་གི་རི་བོ་ལྟར་ཁེངས་མེད་ཞུམ་མེད་ཡིན་པ་དང་། ངོ་མཚར་ཅན་གྱི་རྣམ་པས་ཁེངས་ཡོད། ཁོང་ཚོ་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱས་ཡོད་ལ། ང་ཚོ་ལྟ་བུའི་ཕྱི་ནས་ཡོང་མཁན་གྱིས་ཁོང་ཚོར་བརྩི་བཀུར་དང་། བསྔགས་བརྗོད་ཞུ་རྒྱུ་ལས་གཞན་མེད། ས་དེས་ཁྱེད་ལ་རང་བཞིན་གྱིས་སྟོབས་ཤུགས་དང་། སྤྲོ་སྣང་། བདེ་བ་ཞིག་སྦྱིན་ཐུབ་ལ། ཁྱེད་ཀྱིས་བསྟོད་བསྔགས་བྱས་པ་ཙམ་གྱིས་ཁོང་ཚོའི་འཚོ་བ་ལ་འགྱུར་ལྡོག་གཏོང་མི་ཐུབ་བོ།།”ཞེས་པ་ལྟར་རོ།།
 

དཔྱད་མཆན་ཡོད།