«དྲན་ཤིང»ཞེས་པའི་གློག་བརྙན་སྐོར་གྱི་དཔྱད་ཐུང་།

p1254899173.jpg


        སི་ཕེན་གྱི་གློག་བརྙན «དྲན་ཤིང»(相思树)(ཨཱ་ཁ་སེ་སི)ཞེས་པ་འདི་ནི་འཁྲབ་ཁྲིད་པ       Pablo Giorgelliཡིས་འཁྲབ་ཁྲིད་གནང་བ་རེད་ལ། ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མའང་རེད།

        འདིའི་ནང་དུ་ས་ཐག་རིང་བོར་ཤིང་ཆ་དབོར་མཁན་གྱི་ཟོང་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་དང་ཨར་རྗིན་ཐེན་གྱི་གྲོང་ཁྱེར་བྷོ་ཨེ་ནོལ་སི་ཨེ་རེ་སི་རུ་ལས་ཀ་འཚོལ་བར་འགྲོ་བའི་སྐྱེས་དམན་ཞིག ད་དུང་མོའི་བྱི་ཕྲུག་བུ་མོ་བཅས་མི་གསུམ་པོའི་བར་གྱི་གཏམ་རྒྱུད་བཤད་ཡོད་ཅིང་། བྱུང་རིམ་ཕལ་ཆེ་བ་ནི་རླངས་འཁོར་གྱི་སྒོ་འབྱེད་པ་དང་གཏན་པ། མིག་གི་མདངས། མཆུ་འདབས་ཀྱི་འབྱེད་བཙུམ་སོགས་སྤྱིར་བཏང་དང་དེ་འདྲ་མངོན་པར་མི་གསལ་བའི་བྱ་སྤྱོད་གྱི་གོ་རིམ་ཁྲོད་དུ་བཀྲམས་ཡོད་པས། འཕར་ཆག་ཆེན་པོ་དང་བྱུང་རིམ་རྙོག་འཛིང་། རྣམ་པ་རྒྱ་ཆེ་བ་སོགས་ལ་སྤྲོ་བའི་ལྟད་མོ་བ་ཚོ་སྤྲོ་བ་མི་སྐྱེས་པའང་སྲིད། འོན་ཀྱང་སེམས་ཞིབ་མོས་བལྟས་ཚེ་འཁྲབ་ཁྲིད་པས་སྐད་ཆ་ལྷག་མ་ཅི་ཡང་མེད་པ་མ་ཟད། ཐ་ན་རོལ་དབྱངས་ཀྱང་མེད་པར་བབ་ཆགས་པའི་གོ་རིམ་ཁྲོད་དུ་གཏམ་རྒྱུད་ལས་སླ་བོ་ཞིག་བཤད་ཡོད་པའི་ཐབས་ནི་ཧ་ལས་པ་ཞིག་རེད།
     གློག་བརྙན་འདི་ནི་ཁྱིམ་ཚང་དང་གཉེན་ཉེའི་བརྩེ་བ་གླེང་བའི་གློག་བརྙན་ཞིག་རེད་ཅེས་གླེང་ཆོག་པ་འདྲ། སྡོང་བོ་ནི་རྩ་བ་ས་རུ་ཟུག་ཅིང་བརྟན་པས་ཁྱིམ་ཚང་ངམ་ཉི་ནུབ་ལ་ཕྱིར་ལྡོག་སའི་ཚང་ཞིག་ཡིན་པ་སྨོས་མེད་རེད། འོན་ཀྱང་སྡོང་བོ་བཅད་ཅིང་དབོར་བའི་ཁ་ལོ་བར་ཤིང་ཆ་རླངས་འཁོར་གང་ཡོད་ཀྱང་ཁྱིམ་ཚང་གི་དྲོད་ཁོལ་མེད་པར་ཁེར་རྐྱང་གིས་མནར་ཡོད་པས། ཁྱིམ་མམ་གཞི་རྟེན་ས་ཞིག་ལ་གཟས་ནས་འགྲོ་ཞིང་སྐབས་སྐབས་སུ་ཁྱིམ་ལ་ཁ་པར་གཏོང་བའི་སྐྱེས་དམན་དེས་ཁོའི་སེམས་གཡོ་བར་བྱས་ཡོད། མཐར་རླངས་འཁོར་ཁ་ལོ་བ་དེས་བུད་མེད་དེ་གཉེན་ཉེ་དག་གིས་བསྐོར་ནས་ཁྱིམ་ལ་འཛུལ་བ་མཐོང་དུས་དེ་ལ་སྨོན་པ་ཤོར་ཞིང་། དེ་འདྲ་བའི་འཚོ་བ་ལ་སྙེགས་འདོད་པའི་རེ་བ་མངོན་ཡོད། p1342414709.jpg
       གློག་བརྙན་ལ་བལྟས་པའི་རྗེས་སུ། བདག་གིས་ངོ་སྤྲོད་ཅིག་ལས་གློག་བརྙན་འདི་ནི་འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མ་ཡིན་པ་ཤེས་ཤིང་ཧ་ལས་སོང་། བརྩམས་ཆོས་ཐོག་མའང་འདི་འདྲ་སྤུས་ཀ་ལེགས་པོ་ཞིག་འཁྱོངས་ན་དེའི་གོང་དུ་སློབ་སྦྱོང་དང་གྲ་སྒྲིག་ག་འདྲ་བྱས་ཡོད་པ་གསལ་བོ་རེད། དེའི་ཕྱིར་འདི་ནི་ད་གཟོད་འུ་ཅག་གི་གློག་བརྙན་བཟོ་འདུན་ཡོད་པའི་གྲོགས་པོ་ཚོའི་སློབ་སྦྱོང་གི་ཡུལ་ཡིན་པ་འདྲ།


 

དཔྱད་མཆན་ཡོད།