«གཡང་དཀར་གྱི་གཏམ་རྒྱུད»དང་འབྲེལ་བའི་དཔྱད་པ་ཕྲན་བུ།

       


       དེ་ཡང་རྩོམ་རིག་བརྩམས་ཆོས་གང་དང་གང་ཞིག་ཡིན་རུང་ཀློག་པ་པོ་རྣམས་ཀྱིས་རང་རང་གི་བལྟ་སའི་ཟུར་མི་འདྲ་བའི་ཆ་ནས་རང་རྒྱུད་ལ་བླངས་པའི་གོ་བ་ཡང་ཁ་ཁ་ཡིན་ལ། འདི་ནི་རྩོམ་རིག་སྤྱིའི་ཁྱད་ཆོས་ཀྱང་ཡིན། ང་ཚོས་བཤད་རྒྱུན་ལའང“ཀློག་མཁན་བརྒྱ་ཐམ་པ་ཡོད་ན། ཧ་མི་ལེ་ཐི་བབརྒྱ་ཐམ་པ་ཡོད་ཟེར།”མི་ཚེའི་རིན་ཐང་མི་འདྲ་བ་དང་བཇིག་རྟེན་ལྟ་ཚུལ་མི་འདྲ་བའི་ཆ་ནས་དངོས་པོ་ལ་ངོས་འཛིན་སྟངས་ཀྱང་ཁ་ཁ་ཡིན་པས། རྩོམ་རིག་ཀྱང་དེ་ལས་མ་འདས། 
       སྤྱིར་རྩོམ་རིག་ལ་སྒྱུ་རྩལ་རྩོམ་རིག་དང་སྒྱུ་རྩལ་མ་ཡིན་པའི་རྩོམ་རིག་གཉིས་ཡོད་པ་ལས་སྐབས་སུ་བབས་པ་ནི་ཕྱི་མའོ།། འདི་ལའང་ནང་གསེས་སུ་དབྱེ་ཚུལ་མང་ཡང་། དེང་སྐབས་ཅུང་ཁྱབ་ཆེ་བ་ནི། སྒྲུང་རྩོམ་དང་ལྷུག་རྩོམ། སྙན་ངག ཟློས་གར། གློག་བརྙན་འཁྲབ་གཞུང་ཞེས་ལྔ་རུ་དབྱེ། འཁྲབ་གཞུང་ནི་རང་རེའི་ལྗོངས་འདིར་དར་སྔ་བའི་རྩོམ་ལུས་ཤིག་ཡིན་ལ། ཟློས་གར་ཆེན་མོ་བརྒྱད་ཀྱི་འཁྲབ་གཞུང་ལྟ་བུ། འདི་དག་རིམ་བཞིན་དག་སྒྲིག་དང་བཟོ་བཅོས་རབ་དང་རིམ་པ་བྱས་ནས་དེང་སྐབས་ཚང་མས་དགའ་བསུ་དང་དང་བ་འདྲེན་བྱེད་དུ་འགྱུར་བཞིན་པའི་གློག་བརྙན་སྒྱུ་རྩལ་འདི་བྱུང་བ་རེད། གློག་བརྙན་དང་བརྙན་འཕྲིན་གྱི་འཁྲབ་གཞུང་ལ་ཐོག་མར་ཟློས་གར་གྱི་ཤན་ཞུགས་པ་དང་། དེའི་རྗེས་སུ་བརྩམས་སྒྲུང་རྩོམ་པའི་ཐབས་ཚུལ་ཡང་བསླབ་ནས་ད་བཟོད་ད་ལྟའི་རྣམ་པ་དང་ཁྱད་ཆོས་ཡོངས་སུ་ཐུབ་པའི་བྱས་པ་འདི་རེད།དེ་བས་གློག་བརྙན་ཡང་གཙོ་བོ་འཁྲབ་གཞུང་ལ་བརྟེན་དགོས། གློག་བརྙན་ནི་ཟློས་གར་གྱི་རྨང་གཞིའི་ཐོག་ནས་བྱུང་ཡང་ཁྱད་པར་ཆེ་སྟེ། གློག་བརྙན་ནི་ཟློས་གར་ལས་ཆུད་ཚད་མཐོ་བ་དང་ཤུགས་རྐྱེན་ཆེ་བ་ཞིག་ཡིན།
      རང་རེའི་ལྗོངས་འདིར་དར་འཕྱི་ཞིང་འཕེལ་རྒྱས་ཀྱང་དལ་ཚོད་རེད་འདུག  ཡིན་ཡང་ཉེ་བའི་ལོ་འདི་འགའི་རིང་ལ་ལས་རིགས་འདི་ལ་དུངས་པའི་མི་མང་པོ་ཞིག་གིས་འདིའི་ཕྱོགས་ལ་རང་ནུས་ཅི་ལྕོག་གིས་འབད་པ་བྱེད་བཞིན་འདུག་པས་འབྲས་བུའང་མི་དམན་པ་བླངས་ཡོད། དཔེ་མཚོན་གྱི་མི་སྣ་རེ་བཀོད་ན། ཞི་བདེ་ཉི་མ། པདྨ་ཚེ་བརྟན། གཟུང་འབུམ་ཐར་སོགས་ལས་མཚོན། དེ་མིན་སློབ་ཆེན་སློབ་མ་དང་ཚོགས་པ་ཁག་གིས་ཀྱང་གློག་བརྙན་འདྲ་མིན་སྤྱི་ཚོགས་སྟེང་དུ་འདྲེན་སྤེལ་བྱས་པས་ང་ཚོའི་སྤྱན་ལམ་དུ་དེང་སྐབས་ཀྱི་ཁྱད་ཆོས་ལྡན་པའི་གློག་བརྙན་མང་པོ་ཕུལ་བཞིན་འདུག འདི་ནི་དངོས་ནས་དགའ་འོས་པའི་དོན་དག་ཅིག་ཡིན། བྱ་དངོས་གང་ལའང་དགེ་སྐྱོན་གྱི་ཆ་ལྡན་པའི་གློག་བརྙན་རེ་གཉིས་ཀྱིས་ང་ཚོའི་ཚོ་བའི་འཕེལ་རྒྱས་ལ་གེག་བྱེད་བཞིན་འདུག་སྙམ།  སྤྱི་ལོ་ཉིས་སྟོང་བཅུའི་ལོ་གསར་སྐབས་མཚོ་སྔོན་བརྙན་ཁང་གིས་ཐད་གཏོང་བྱས་པའི་གློག་བརྙན«གཡང་དཀར་གྱི་གཏམ་རྒྱུད»ཅེས་བ་འདི་ལ་དངོས་གནས་དཔྱད་དགོས་པའི་གནད་ཅིག་འདུག འདི་ལ་ཕྲན་གྱིས་མི་ཆོས་བསམ་བློ་དང་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཕྱོགས་གཉིས་ནས་དཔྱད་པ་བཏང་བ་ཡིན།
       དང་པོ། མི་ཆོས་བསམ་བློ་ཕྱོགས་ནས་དཔྱད་ན།   དེ་ཡང་རངརེའི་ཁ་བ་རི་བོའི་ལྗོངས་འདི་བྱམས་དང་སྙིང་རྗེའི་བདག་པོ་ཡིན་བྱས་ཚང་མས་མགྲིན་གཅིག་ཏུ་སྨྲས་བཞིན་འདུག་འདི་ཡིན་ཚོད་འང་འདུག་རྒྱུན་དུ་ཁ་དོན་འདོན་དུས་ཀྱང་མ་གྱུར་སེམས་ཅན་ཐམས་ཅད་ཅེས་འདོན་བཞིན་ཡོད་པས་དངོས་ནས་བསམ་བློ་རླབས་ཆེན་རེད། འདི་ནི་ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་པས་ཕ་མས་ཀྱི་རིག་གནས་ཡིན། རླབས་ཆེ་བའི་མི་ཆོས་ཀྱི་བསམ་བློ་འདི་འདྲ་ཞིག་མི་རིག་གཞན་ལ་ཡོད་ཚོད་མི་འདུག་ཐེངས་འདིའི«གཡང་དཀར་གྱི་གཏམ་རྒྱུད»ཅེས་པའི་གློག་བརྙན་འདིའང་མི་ཆོས་བསམ་བློ་སྒྲོག་སྤེལ་བྱེད་པ་ཞིག་ཡིན། གློག་བརྙན་འདིར་བལྟས་པ་ཙམ་གྱིས་དངོས་གནས་རང་གི་རྒྱུད་ལ་སྙིང་རྗེ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སྲིད་པས། བློ་འགུག་གི་ནུས་པ་ཆེན་པོ་འདུག དེ་ནི་ཕལ་ཆེར་འཁྲབ་ཁྲིད་པའི་ཁྱད་མཚར་གྱི་ནུས་པ་དེ་ཡིན་འདུག གློག་བརྙན་ཁྲོད་ཀྱི་ལུ་གུ་ཆུང་ཆུང་དེ་དངོས་གནས་སྙིང་རྗེ་བོ་འདུག  ཁོའི་ཨ་མ་ཁོ་ཆུང་དུས་ནས་མི་ཡུལ་དང་ཁ་བྲལ་བ་དང་། ཁོ་རང་ཡང་ལུག་ཁྱུ་དང་ཁ་ཐོར་ནས་འཁྱམ་པོའི་གནས་སུ་གྱུར་ནས་ད་ཕྲུག་གི་རྣམ་པས་ཡུལ་ཕྱོགས་མང་པོ་འགྲིམས་མཐར་གྲྭ་བཙུན་ཞིག་གིས་ཚེ་ཐར་ཏུ་བཏང་། རྗེས་སུ་ཁོ་ཕྱིརརང་གི་ལུག་ཁྱུར་ཐོན་དུས་བདག་པོས་ཁོང་གི་ཕུ་བོ་བཤའ་རྩིས་བྱེད་བཞིན་སྒང་ཡིན་པ་ལ། ཁོས་གི་སྐྱོབས་ཐབས་བྱས། བདག་པོས་ཀྱང་ཁོའི་བྱ་སྤྱོད་ལ་ཡིད་བྱུང་སྟེ་ཁོང་གི་ཕུ་བོ་ཚེ་ཐར་ལ་བཏང་། སྐབས་དེའི་ལུ་གུའི་བྱ་སྤྱོད་ནི་དངོས་ནས་སྙིང་རྗེ་བོ་རེད། ཁ་ལ་རལ་གྲི་བཟུང་ནས་ཕུ་བོ་འདོག་བྱེད་ཀྱི་ཐག་པར་བསྣུན་པ་དང་། ཁོང་གི་སྐད་ཆ་བཅས་ཀྱིས་བལྟ་མཁན་མང་པོའི་ཡིད་བཀུག་ཡོད་པ་གདོན་མི་ཟའོ།། ལྷག་པར་དུ་འབྲོག་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱུ་མཚན་ནི་འབྲོག་ལས་གཙོ་བོ་གཉེར་བཞིན་པ་ཞིག་ལ་མཚོན་ན་དུས་རྒྱུན་དུ་ཕྱུགས་དང་འབྲེལ་འདྲིས་ཟབ་པས་རང་གི་ཡོངས་འབབ་ཡང་ཕྱུགས་ལ་བརྟེན་དགོས། ཉིན་རྒྱུན་འཚོ་བའི་ཁྲོད་ཕྱུགས་ནི་འབྲེལ་ཐབས་པའི་ནོར་བུ་ལྟ་བུ་ཡིན་ཡིན་པས་ན། གློག་བརྙན་དེའི་ཁྲོད་དུ་འང་ལུ་གུ་ཞིག་གི་སྐྱིད་སྡུག་འཚོ་བ་བརྒྱུད་ནས་མ་མོ་དང་ར་མ་སོགས་སྒོ་ཕྱུགས་དག་གི་བྱ་སྤྱོད་དང་སྐད་ཆ་བརྒྱུད་ནས་འཁྲབ་པ་ཞིག་ཡིན་པས། ཉིན་རྒྱུན་ཕྱུགས་དང་འབྲེལ་འདྲེས་བྱེདཔའི་འབྲོག་པ་མང་ཚོགས་ལ་མཚོན་ན་ཤུགས་རྐྱེན་ཧ་ཅང་ཅང་ཆེ་བའང་དེ་རྐྱེན་གྱིས་ཡིན་པས། མི་ཆོས་བསམ་བློ་ཕྱོགས་ནས་འབུར་དུ་ཐོན་ཡོད།
        གཉིས།   སྤྱི་ཚོགས་འཕེལ་བའི་ལོ་རྒྱུས།  འདི་གཙོ་བོ་དངོས་པོའི་དཔལ་ཡོན་ཏེ་དཔལ་འབྱོར་གྱི་ཆ་ནས་འཇོག་དགོས་ཏེ། གློག་བརྙན་དེར་བལྟས་རྗེས་འབྲོག་པ་མང་པོ་ཞིག་གིས་ཕྱུགས་ཟོག་ཙོང་མི་བཟོད་པ་དང་། རང་གི་འཚོ་བའི་ཕྱོགས་ལ་རྒྱག་མ་ཐུབ་པར་སྙིང་རེ་རྗེ་ཟེར་བཞིན་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱུར་ནས། རང་གི་འཚོ་བ་དང་དཔལ་འབྱོར་ལ་དཀའ་ཁག་ཆེན་པོ་བཟོས་ཡོད། ཧ་ཅང་ཉམས་ཐག་དང་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་ང་ཚོ་ལ་མཚོན་ན་དེང་རབས་གྱི་ཚན་རིག་ནང་འདྲེན་དང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་དངོས་པོའི་དཔལ་ཡོན་ཕྱོགས་ལ་ཤུགས་རྒྱག་རྒྱུ་ཤིན་དུ་ནས་ཀྱང་ཧ་ཅང་གལ་ཆེ། ཐེངས་འདིའི་བརྙན་འཕྲིན་འདིའི་དངོས་པོའི་དཔལ་ཡོན་ཕྱོགས་ལ་ལྡོག་འགྱུར་གྱི་ནུས་པ་ཐོན་འདུག ཚན་རིག་དང་དཔལ་འབྱོར་དར་བའི་དུས་རབས་འདིར་ང་ཚོས་སྙིང་རྗེ་སྙིང་རྗེ་ཟེར་བཞིན་བསྡད་ན། ང་ཚོ་ལ་སྙིང་རྗེ་མཁན་སུ་ཞིག་ཡོད་། རང་གི་གནས་རབས་རང་གིས་མ་བསྒྱུར་ན། གཞན་ལ་སྐྱབས་རེ་ས་མེད་པས་འདིས་ཕྱོགས་ལ་ང་ཚོས་བསམ་བློ་གཏོང་དགོས། བྱ་བ་གང་ཞིག་བསྒྲུབས་རུང་ཕྱོགས་གཉིས་ལ་བསམ་བློ་གཏོང་དགོས་པ་ལས་། ཕྱོགས་རེ་བའི་ངང་དུ་འགྲོ་ག་ལ་རུང་། མར་ཁེ་སིའི་མཚན་ཉིད་རིག་པའི་གཞུང་ལུགས་དུའང་ཕྱོགས་གཅིག་སྨྲ་བའམ་གནས་གཅིག་སྨྲ་བ་འདི་ལ་དགག་བཞག་མཛད་ཡོད་པ་གནང་བཞིན་ཐང་འདིའི་གཡང་དཀར་གྱི་གཏམ་རྒྱུད་འདི་ཡང་གཅིག་འདྲ་རེད། ཁོང་ཚོས་མི་ཆོས་བསམ་བློ་གཙོ་བོར་བཟུང་ནས་དེའི་ཤུགས་ཀྱི་གནད་དོན་ཐབས་ཅད་སྣང་དོག་སྤུ་ཙམ་ཡང་བྱེད་ཀྱིན་མེད་པ་རེད། རྒྱུ་མཚན་ནི་གོང་གི་བཤད་པ་ནང་བཞིན་རེད། སྙིང་རྗེ་སྙིང་རྗེ་ཞེས་ལོ་ངོ་བརྒྱ་ཕྲག་མང་པོར་ཟློས་ཡོད་པས། དེ་ཚང་མས་ཤ་གསེང་རུས་གསེང་ལ་ཐུམ་ཡོད། ད་དེའི་སྟེང་ལ་སྙིང་རྗེ་ལྷག་མ་ཞིག་མི་དགོས་པར་བསམ། དེང་སྐབས་ང་ཚོས་མདུན་དུ་ལྷག་ཡོད་པ་དངོས་པོའི་དཔལ་ཡོན་འདི་ཇི་ལྟར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད། གཞན་མི་རིགས་གྱི་རྗེས་སུ་ལུས་པའང་འདི་ཉིད་ཡིན་ལགས། ཚང་མའི་བཤད་རྒྱུན་ལ“བདེ་བའི་མཆོག་ནི་སེམས་སྐྱིད་པ”འདི་ནི་ཤིན་དུ་སྨན་པའི་ལེགས་བཤད་ཡིན་ཡང་། དངོས་པོའི་དཔལ་ཡོན་མ་རྒྱས་ན་ཕྱོགས་མང་པོ་ནས་གཞན་གྱི་རྗེས་བསྙེག་དཀའ་བས་མི་མང་པོའི་སེམས་ཁུངས་ན་དཔལ་འབྱོར་གྱིས་བསླངས་པའི་སྡུག་བསྔལ་ཆེན་པོ་ཞིག་གིས་བསྣར་གཞིན་འདུག དེང་སྐབས་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབ་ནའང་དཔལ་འབྱོར་ལ་རག་ལས་པས་སྔོན་ཆད་བཞིན་སོས་དལ་བག་འཕེལ་བྱས་ནས་འདུག་ག་ལ་རུང། དེང་སྐབས་རྒྱལ་ཁབ་མང་བོ་དང་མི་མང་བོ་ཞིག་ཨ་མེ་རི་ཁ་ལ་སྨོན་པ་དྲག་པོ་སྐྱེས་བཞིན་འདུག  རྒྱུ་མཚན་རྒྱལ་ཁབ་དེའི་དཔལ་འབྱོར་འཛམ་གླིང་འདིའི་རྩེ་མོ་ཡིན་པས་རེད། དཔལ་འབྱོར་གྱི་ཆ་རྐྱེན་བཟང་བོ་ལྡན་ན་ད་བཟོད་རིག་གནས་སློབ་གསོ་སོགས་བྱ་བ་གང་བསྒྲུབ་ནའང་བསྒྲུབ་ཐུབ་པ་དང་འབྲས་བུའང་ངོན་སུམ་ཡིན། དེ་མིན་པར་གོང་གི་ཆ་རྐྱེན་དག་མ་འཛོམས་ན་དམིགས་ཡུལ་ཆེན་པོ་ཡོད་ཀྱང་། དེ་ནི་དམིགས་ཡུལ་ཙམ་ལས་དངོན་འགྱུར་བྱུང་དཀའ་བ་དང་། བྱུང་བའི་དབང་དུ་བཏང་ནའང་དུས་ཚོད་རིང་བོ་དགོས་པ་རེད། འདི་ནི་ང་ཚོས་མིག་འདུན་དུ་ལྷག་པའི་གནད་དོན་ཡང་ཡིན།
      འདི་འདྲའི་རང་བྱུང་གི་གནམ་གཤིས་རྩུབ་པའི་ཁོར་ཡུག་ཁྲོད་ཤ་ནི་ཁ་ཟས་གྱི་གཙོ་བོར་གྱུར་བ་ཁྱེད་ཚོས་མདང་བརྒྱབ་ཨེ་མྱོང་། དེའི་ཚབ་དུ་སྔོ་ཚོད་ཙམ་སྤྱད་ན་རང་བྱུང་གི་ཁོར་ཡུག་དང་ཨེ་མཐུན་ཁྱེད་ཚོས་དངོས་སུ་མྱངས་ན་ཤེས་ཐུབ། ད་དུང་སྲོག་གཅོད་སྤང་བའང་དེ་དང་འདྲ།  འདི་ནི་གཅིག་བརྟེན་གཅིག་འབྲེལ་གྱི་འབྲེལ་བ་ཤིག་ཡིན།
      གོང་དུ་བཤད་པ་ཚང་མ་མདོར་དྲིལ་ནས་སྨྲས་ན། དུས་དང་བསྟུན་ཤེས་དགོས་ལ་བསྟུན་མཁས་དགོས། གློག་བརྙན་སོགས་ལས་རིག་གཉེར་མཁན་ཚོས་ཀྱང་ཕྱོགས་གཅིག་གཙོ་བོར་མི་བཟུང་བར་ང་ཚོས་གནས་བབས་ལ་ཡང་ཐུགས་བསམ་གཏོང་བར་སྙིང་ཐག་པ་ནས་རེ་བ་ཞུས་པ་ལགས། 

                            གཞུང་ལུགས་སྨྲ་བའི་ཁྱུ་མཆོག་ང་རང་མིན།། ཡིན་པའི་སེམས་ཤིག་རང་ལ་འཁྲུངས་མ་མྱོང་།།
                           འགལ་འདུའི་ཕུང་བོས་གྲུབ་པའི་ཁོར་ཡུག་འདིས།། བཅོས་མ་མིན་པའི་བློ་ཞིག་བདག་ལ་བྱིན།། དགེའོ།། 


 

དཔྱད་མཆན་ཡོད།