དུས་སྐབས་གསར་པའི་གློག་བརྙན་གསར་པ།


                                                                 _____  བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་རྒྱལ་ཐོན་བོད་དང་འབྲེལ་བ་ཡོད་པའི་གློག་བརྙན།

        སྤྱི་ལོ་༡༨༩༥ལོའི་ཟླ་བ་༡༢པའི་ཚེས་༢༨ཉིན་ཧྥ་རན་སིའི་ཕ་རི་སིའི་ག་ཕུ་ཤིན་ལམ་གྱི་སྒོ་རྟགས་༡༤པའི་ཁོ་ཧྥེ་ཁང་ཞིག་ཏུ་འཁྲབ་ཡོལ་སྟེང་འུར་སྒྲ་དང་སྒྲོག་ནས་རྒྱུག་ཡོང་བའི་མེ་འཁོར་མཐོང་སྐབས་བློ་བདེ་བག་ཕེབས་ངང་ཁོ་ཧྥེ་ཆོས་བཞིན་དུ་ལུ་མི་ཨེའར་གཅེན་གཅུང་གཉིས་ཀྱིས་གསར་གཏོད་བྱས་པའི་དངོས་རྫས་གསར་པ་དེར་གཟིགས་པར་འོང་བའི་མི་དྲག་དབང་ཆེན་དག་གིས་མེ་འཁོར་འོག་ཏུ་ཚེ་སྲོག་ཤོར་བར་སེམས་ཁྲལ་བྱས་ནས་ལག་ཐོག་གི་ཁུག་མ་དང་ཞིམ་མངར་ལྡན་པའི་ཁོ་ཧྥེར་དབྱུག་ཏེ་བྲོས་བྱོལ་དུ་སོང་བ་རེད།  སྤྱི་ལོ་༡༩༠༥ལོར་གཞུང་སྒོའི་ཐོག་ཏུ་སྐད་གྲགས་ཆེ་བའི་འཁྲབ་སྟོན་པ་སྐུ་ཞབས་ཐན་ཅིང་ཕེ་ལགས་ཀྱིས་འཁྲབ་པའི་ཧོང་ཀྲུང་འཁྲབ་ཡོལ་སྟེང་ཤར་དུས་གློག་བརྙན་ལ་གཟིགས་པར་ཕེབས་པའི་གཟིགས་མོ་བ་ཐ་དག་ཧ་ལས་ཧང་སངས་པར་འགྱུར་བ་རེད། གློག་བརྙན«མེ་འཁོར་འབབ་ཚུགས་སུ་འབྱོར»ཞེས་པ་ནས་གློག་བརྙན«ཏིང་ཅུན་རི་བོ»ཞེས་པའི་བར་དང་། ཕ་རི་སི་ནས་པེ་ཅིང་བར་གློག་བརྙན་གནའ་བོའི་ཤར་ཕྱོགས་གྲོང་ཁྱེར་དེར་དར་ནས་ལོ་ངོ་བཅུ་ཏག་ཏག་སོང་ཡོད། དེ་རྗེས་རིམ་བཞིན་སྒྲ་མེད་གློག་བརྙན་ནས་སྒྲ་ལྡན་གློག་བརྙན་བར་དང་། ཚོན་མེད་གློག་བརྙན་ནས་ཚོན་ལྡན་གློག་བརྙན་བར་གློག་བརྙན་ཞེས་པའི་སྒྱུ་རྩལ་རྣམ་པ་དེར་མི་རྣམས་ཀྱིས་རྒྱུས་ལོན་བྱུང་ཡོད་པ་རེད།
           རང་རྒྱལ་གྱི་མིང་དོན་མཚུངས་པའི་བོད་རིགས་དང་འབྲེལ་བ་ཡོད་པའི་གློག་བརྙན་དང་པོ་དེ་སྤྱི་ལོ་༡༩༦༤ལོར་རྒྱལ་སྟོན་རྟེན་འབྲེལ་གློག་བརྙན་ཡིན་པའི་ཞིང་བྲན་ཞེས་པའི་གློག་བརྙན་དེ་ཡིན་པ་དང་། བོད་ལྗོངས་དང་བོད་རིགས་དང་འབྲེལ་བ་ཡོད་པའི་གློག་བརྙན་གཞན་དཔེར་ན་སྤྱི་ལོ་༡༩༦༣ལོར་བསྟན་པའི་འབྲི་ཆུའི་འགྲམ་ངོགས་ཞེས་པའི་གློག་བརྙན་སོགས་ནི་བོད་རིགས་དང་འབྲེལ་བ་ཡོད་པ་ཙམ་ལས་མིང་དོན་མཚུངས་པའི་བོད་རིགས་ཀྱི་བརྗོད་བྱ་གཅོ་བ་བྱས་པའི་གློག་བརྙན་གྱི་མིང་དུ་ཚུད་ཀྱི་མེད།  ཞིང་བྲན་ཞེས་པའི་གློག་བརྙན་དེ་ནི་ཀྲུང་གོ་གསར་པའི་དུས་སུ་བོད་ལྗོངས་སུ་པར་རྒྱག་བྱས་པའི་གློག་བརྙན་དང་པོ་དེ་ཡིན་ཞིང་། གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་ཚང་མ་བོད་རིགས་ཡིན་པ་དང་།མིང་དོན་མཚུངས་པའི་བོད་རིགས་དང་འབྲེལ་བ་ཡོད་པའི་གློག་བརྙན་ཡིན་ཞིང་བོད་རྙིང་པའི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་འོག་གི་ཞིང་བྲན་གྱི་མྱ་ང་བའི་འཚོ་བ་ཇི་མ་ཇི་བཞིན་དུ་མངོན་ཡོད་ཅིང་ཞིང་བྲན་ཞེས་པའི་གློག་བརྙན་དེ་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད་པ་དང་རྒྱལ་ཡོངས་སུ་འགྲེམས་སྟོན་བྱས་རྗེས་གོང་འོག་ཚང་མའི་དགའ་བསུ་ཆེན་པོ་ཐོབ་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་གཡས་གཡོན་དུའང་རྒྱལ་ནང་གི་གཟིགས་མོ་བས་བོད་རིགས་ཚང་མ་གློག་བརྙན་དེའི་ནང་གི་མི་སྣའི་གཟུགས་བརྙན་དང་གཅིག་མཚུངས་ཡིན་པའི་སྣང་བ་འཆར་གྱི་ཡོད།
        བསྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་འཕོ་འགྱུར་གྱིས་རང་རྒྱལ་གྱི་རིག་རྩལ་གསར་གཏོད་དུས་རབས་གསར་པ་ཞིག་ཏུ་སྐྱོད་རྒྱུར་སྐུལ་འདེད་ཐེབས་ཡོད། སྤྱི་ལོ་༡༩༨༠ལོར་བསྟན་པའི་གློག་བརྙན་ལུ་ཧྲན་རི་བོའི་བརྩེ་དུང་ཞེས་པ་དང་།   སྤྱི་ལོ་༡༩༨༤ལོར་བསྟན་པའི་ས་སེར་ཞེས་པ།  སྤྱི་ལོ་༡༩༨༦ལོར་བསྟན་པའི་ཧྥུ་རུང་གྲོང་བརྡལ་ཞེས་པ། སྤྱི་ལོ་༡༩༨༧ལོར་བསྟན་པའི་སྡོང་རིང་ཁྲེ་རྒོད་དམར་པོ་ཞེས་པ་སོགས་ཆུ་ཚད་མཐོ་བའི་གློག་བརྙན་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ངང་བསྟན་ཡོད་པ་རེད། སྐབས་དེ་དུས་ཀྱི་རྒྱལ་ནང་གི་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་ནང་དཔེར་ན་འཁྲབ་འཁྲིད་པ་ཤང་ལིང་གི་གློག་བརྙན་བརྩམས་བྱ་འཁྱགས་རིང་སྟེང་གི་གངས་ལྷ་མེ་ཏོག་ཅེས་པ་སོགས་ཀྱིས་དེ་སྔའི་བོད་རིགས་ཀྱི་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་གྱི་སྟབས་བདེ་དང་མ་དཔེ་ཅན་གྱི་འཁྲབ་འཁྲིད་བྱ་ཐབས་རྒྱུན་འཛིན་བྱས་ཡོད་པ་དང་། འཁྲབ་འཁྲིད་པ་ཐན་ཀྲོང་ཀྲོང་ཀྱིས་འཁྲབ་འཁྲིད་བྱས་པའི་རྟ་རྐུ་རྐུ་མ་ཞེས་པའི་གློག་བརྙན་དེས་རྒྱལ་ཐོན་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་གྱི་དུས་རབས་གསར་པ་ཕྱེ་ཡོད། རྟ་རྐུ་རྐུ་མ་ཞེས་པའི་གློག་བརྙན་དེ་རྩོམ་པ་པོ་ཀྲང་རུས་ཀྱི་བརྩམས་བྱ་བཅོས་སྒྲིག་བྱས་པ་ལས་བྱུང་བ་དང་། གློག་བརྙན་དེའི་ནང་འཚོ་བའི་ཆེད་དུ་རྟ་རྐུ་བ་དང་། བུ་སྲོག་ཉེན་ལས་ཐར་ཆེད་དཀོན་མཆོག་ལ་གསོལ་བ་སྨོན་ལམ་འདེབས་ཀྱང་མེ་ཚེའི་ལས་དབང་ལ་འགྱུར་བ་གཏོང་ཐུབ་མེད་པ། དཀའ་སྡུག་ཚད་མེད་མྱོང་རྗེས་སྔར་བཞིན་རྟ་རྐུའི་ལམ་དུ་བསྐྱར་དུ་འགྲོ་དགོས་བྱུང་བའི་མི་སྣ་གཙོ་བོ་ནོར་བུའི་ལས་དབང་མངོན་ཡོད་པ་རེད། གློག་བརྙན་དེའི་ནང་མི་སྣ་གཙོ་བོ་ནོར་བུས་རང་སོའི་ལས་དབང་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་མངོན་ཡོད། གློག་བརྙན་དེ་མཐའ་མཇུག་མི་སྣ་གཙོ་བོའི་མྱ་ང་བའི་ལས་དབང་མངོན་ནས་མཇུག་བསྡུ་ཡང་མི་སྣ་གཙོ་བོས་མི་ཚེའི་ལས་དབང་བ་དོགས་པ་སྐྱེས་ཚུལ་དང་བསམ་ཤེས་བྱེད་ཚུལ་བཅས་མངོན་ཡོད་ལ་ལྷག་པར་དུ་ཆོས་ལུགས་དང་མི་བར་གྱི་འབྲེལ་བར་བསམ་ཤེས་མང་པོ་གནང་ཡོད་པས་དེ་དེ་སྔའི་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་ནང་མཐོང་དཀོན་པ་ཞིག་རེད།
        གློག་བརྙན་གྱི་བརྗོད་བྱའི་ཐོག་ནས་དབྱེ་ན་བསྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ཡིན་ནའང་འདྲ་དུས་རབས་གསར་པའི་དུས་སུ་ཡིན་ནའང་འདྲ་རྒྱལ་ཐོན་བོད་རིགས་དང་འབྲེལ་བ་ཡོད་པའི་གློག་བརྙན་དག་སྤྱིའི་ཆ་ནས་རིགས་གསུམ་དུ་དབྱེ་ཆོག དེའང་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་མཚོན་པའི་སྲོལ་རྒྱུན་རྣམ་པའི་བརྗོད་བྱ་གཙོ་བོའི་གློག་བརྙན་དང་། མི་རིགས་རིག་གནས་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་མངོན་པའི་དངོས་མཚོན་གློག་བརྙན། དེ་བཞིན་གསང་བའི་རང་བཞིན་དྲིལ་བསྒྲགས་དང་སེམས་ཁམས་ཁྱིམ་གཞིས་འཚོལ་བས་དཔེ་མཚོན་བྱས་པའི་རིག་རྩལ་དང་རོལ་རྩེད་རང་བཞིན་གྱི་གློག་བརྙན་བཅས་ཡིན། ཀུན་གྱིས་ཤེས་གསལ་ལྟར་གློག་བརྙན་གཅིག་གི་ནང་རྒྱལ་ཁབ་དང་། ཕོ་མོའི་བརྩེ་དུང་། ཁྱད་འཕགས་ཀྱི་མི་རིགས་རིག་གནས་བཅས་བརྗོད་བྱ་ཕུན་སུམ་ཚོགས་པོ་མངོན་ཚུལ་ཡོད། དེར་བརྟེན་ང་ཚོས་གློག་བརྙན་གཅིག་གི་བརྗོད་བྱ་གཙོ་བོར་བརྟེན་ནས་རིགས་དབྱེ་དགོས།
        བརྗོད་བྱ་གཙོ་བོའི་གློག་བརྙན་ནི་རྒྱལ་ཐོན་གློག་བརྙན་ནང་གི་དུས་ཡུན་རིང་ཤོས་ཀྱི་གློག་བརྙན་གྱི་རྣམ་གྲངས་ཞིག་ཡིན།  དཔེར་ན་གློག་བརྙན་སྤྱི་ལོ་༡༩༥༩ལོར་བསྟན་པའི་རི་ཁྲི་ཆུ་སྟོང་ཞེས་པ་དང་། འབྲི་ཆུའི་འགྲམ་ངོགས་ཞེས་པ་སོགས་ནི་གསར་བརྗེའི་གློག་བརྙན་བརྩེ་གྲ་ཐ་དག་ཡིན།  གློག་བརྙན་ནང་བོད་ལྗོངས་དང་བོད་རིགས་མངོན་ཐེངས་དང་པོ་ཡིན། ཞིང་བྲན་ཞེས་པའི་གློག་བརྙན་དེ་བསྟན་འགོ་ཚུགས་རྗེས་གཞི་ནས་རང་རྒྱལ་གྱི་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་གྱི་རྨང་གཞི་ཟབ་པོ་གཏིང་ཡོད།
        སྤྱི་ལོ་༡༩༩༩ལོར་དུས་རབས་གོང་མར་བོད་རིགས་མི་དམངས་ཀྱིས་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ་འགོག་རྒོལ་མཐར་ཕྱིན་བྱས་པ་མངོན་པའི་གློག་བརྙན་གྲོག་རོང་དམར་པོ་ཞེས་པའི་གློག་བརྙན་དེ་རྒྱལ་ཡོངས་སུ་དར་ཁྱབ་ཕྱིན་ཡོད། གློག་བརྙན་དེས་རྒྱལ་ཐོན་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་སྐས་རིམ་གསར་པ་ཞིག་གི་སྟེང་སྐུལ་འདེད་བཏང་ཡོད། གྲོང་རོང་དམར་པོ་ཞེས་པའི་གློག་བརྙན་དེས་རྒྱལ་ཐོན་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་གྱི་མ་དཔེ་རྙིང་པ་འགྱུར་ལྡོག་བཏང་ཡོད་པ་དང་ཐེངས་འདིའི་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་ནི་གོ་མིང་ཏང་ངོ་ལོག་ཤོག་ཁག་དང་ཁ་གཏད་གཅོག་རྒྱུ་མིན་ལ་མི་དམངས་ལ་གཉའ་གནོན་བཤུ་བཞོག་གཏོང་མཁན་ལ་ཁ་གཏད་གཅོག་རྒྱུ་ཡང་མིན། ཐེངས་འདིའི་ཁ་གཏད་གཅོག་ཡུལ་ནི་ནུབ་ཕྱོགས་བཙན་འཛུལ་དམག་ཡིན།  ཐེངས་འདིའི་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཐག་ནི་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་ཡིན་པ་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན། ཐེངས་འདིའི་གློག་བརྙན་ནང་ཤེས་དཔལ་དང་ཀླ་ཀློའི་བར་གྱི་འབྲེལ་བར་གྲོས་བསྡུར་བྱས་ཡོད་པ་དང་། གྲོང་རོང་དམར་པོ་ཞེས་པའི་གློག་བརྙན་དེའི་རྗེས་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་སྔར་བཞིན་མང་པོ་ཡོད་པ་དང་། དཔེར་ན་གུང་ཧྥན་སེང་དང་། མཚོ་བོད་ལམ་ཐིག  དར་རྩེ་མདོའི་མཛའ་གླུ།  སྔོན་གཏོང་ལན་ཤོག་སོགས་བོད་བཅིངས་འགྲོལ་བཏང་བ་དང་། བོད་ལྗོངས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་བཅས་མཚོན་པའི་གློག་བརྙན་སོགས་མང་པོ་ཡོད་ཅིང་། དེའི་ནང་དར་རྩེ་མདོའི་མཛའ་གླུ་ཞེས་པའི་གློག་བརྙན་དེའི་ནང་ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་གནང་མཁན་རྒྱ་རིགས་ལག་རྩལ་པ་ལི་སུ་ཅེ་དང་ཞིང་བྲན་ཡིན་པའི་བོད་རིགས་བུ་མོ་ཟླ་བ་གཉིས་ཕན་ཚུན་གཅིག་སེམས་གཅིག་ལ་ཆགས་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཚེ་གང་ལྷན་དུ་སྡོད་རྒྱུ་མ་བྱུང་བར་ལོ་ངོ་༦༠ཁ་བྲལ་དགོས་བྱུང་བའི་སྐྱོ་སྣང་ལྡན་པའི་གཏམ་རྒྱུད་མངོན་ཡོད།  དེ་སྔོན་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་མངོན་པའི་གློག་བརྙན་དང་བསྡུར་ཚེ་དར་རྩེ་མདོའི་མཛའ་གླུ་ཞེས་པའི་གློག་བརྙན་དེ་གཟིགས་མོ་བར་སློབ་གསོ་རྒྱབ་པའི་རྣམ་པ་ཉུང་བ་་དང་འཚོ་བ་དངོས་དང་ཐག་ཉེ་ཞིང་གཟིགས་མོ་བས་དང་ལེན་བྱེད་བདེ་པོ་ཡོད། གློག་བརྙན་དེའི་མཇུག་ཏུ་མི་སྣ་གཙོ་བོ་གཉིས་པོ་ཚེ་གང་གཉེན་སྒྲིག་བྱེད་རྒྱུ་མ་བྱུང་བ་དེ་དོན་དངོས་དང་མི་མཐུན་ཡང་གློག་བརྙན་ནང་མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོ་མཚོན་ཐབས་དེ་ནི་འགག་གཏོར་གསར་པ་ཞིག་ཡིན།
          མི་རིགས་རིག་གནས་དང་སྤྱི་ཚོགས་མངོན་པའི་རྒྱལ་ཐོན་བོད་རིགས་དང་འབྲེལ་བ་ཡོད་པའི་གློག་བརྙན་ནང་ཞིང་བྲན་ཞེས་པ་དང་། རྟ་རྐུ་རྐུ་མ་ཞེས་པ་ཕུད་ད་དུང་ཡེ་ཤེས་སྒྲོལ་མ་ཞེས་པ་དང་། ཨ་ཆེན་གངས་རྒྱབ་ཞེས་པ། ཇ་རྟའི་གནའ་ལམ་གྱི་མུ་འབྲེལ་བདེ་ལྷ་མོ་ཞེས་པ། མ་ཎི་རྡོ་ཕུང་ཞེས་པ། དྲི་མེད་ཀུན་ལྡན་འཚོལ་བ་ཞེས་པ། ཉི་མ་རྟག་ཏུ་གཡོན་ཕྱོགས་སུ་གནས་ཞེས་པ་སོགས་ཆུ་ཚད་མཐོ་བའི་གློག་བརྙན་མང་པོ་ཐོན་ཡོད། ཡེ་ཤེས་སྒྲོ་མ་ཞེས་པའི་གློག་བརྙན་དེའི་ནང་བུད་མེད་གཅིག་དང་བུ་གསུམ་བར་གྱི་གཏམ་རྒྱུད་བཤད་ཡོད།01300000098168124289442409417.jpg དུས་རབས་ཕྱེད་ཀའི་རིང་བོད་རིགས་ས་ཁུལ་ཞིང་བྲན་ལམ་ལུགས་ནས་དེང་རབས་སྤྱི་ཚོགས་བར་འཕོ་འགྱུར་ཕྱིན་པའི་ལོ་རྒྱུས་མངོན་པ་དང་། ཕོ་མོའི་བརྩེ་དུང་ཕུད་གློག་བརྙན་དེའི་ནང་ད་དུང་འབྲེལ་ཡོད་ལོ་རྒྱུས་དོན་རྐྱེན་དང་ཁྱད་འཕགས་ཀྱི་མི་རིགས་རིག་གནས། སྤྱི་ཚོགས་ཐོན་སྐྱེད། ཆོས་དད། མི་ཤེས་དཔལ་ཡོན་སོགས་མངོན་ཡོད་པས་བརྗོད་བྱ་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པོ་ཡོད། ཨ་ཆེན་གངས་རྒྱབ་ཞེས་པའི་གློག་བརྙན་དེ་ཨ་ཆེན་གངས་རྒྱབ་ཏུ་གཙོད་སྲུང་སྐྱོབ་བྱེད་མཁན་སྐོར་ཞིབ་རུ་ཁག་གི་སྐོར་འཁོད་ཡོད་པ་དང་། གློག་བརྙན་དེ་ཁྲིམས་བརྒལ་ངང་གཙོད་བསད་པ་དང་གཙོད་བསད་མཁན་དང་འཐབ་རྩོད་བྱེད་པའི་བརྗོད་བྱ་གཙོ་བོར་གཞིགས་ནས་འཁོད་ཡོད་ཀྱང་གློག་བརྙན་དེའི་ནང་གཙོད་ཀྱི་འཚོ་གནས་བྱེད་སྟངས་མངོན་པ་མ་ཟད་དམངས་ཁྲོད་རང་བཞིན་ཕྱེད་ཙམ་ལྡན་པའི་དང་བླངས་སྐོར་ཞིབ་རུ་ཁག་དང་གཙོད་བསད་ནས་པགས་པ་ཚོང་མཁན་མི་ཚོགས་དེ་དག་གི་འཚོ་གནས་བྱེད་སྟངས་མངོན་ཡོད། རྒྱུ་མཚན་དེས་རྐྱེན་པས་གློག་བརྙན་དེར་དགའ་པོ་བྱེད་མཁན་ཤིན་ཏུ་མང་། མ་ཎི་རྡོ་ཕུང་ཞེས་པའི་གློག་བརྙན་དེ་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད་ཅིང་ཨང་དང་པོ་མང་པོ་གཏོད་ཡོད། དཔེར་ན། བོད་རིགས་འཁྲབ་འཁྲིད་པས་འཁྲབ་འཁྲིད་གནང་བའི་བོད་རིགས་ཀྱི་འཚོ་བ་དངོས་མཚོན་པའི་གློག་བརྙན་ཨང་དང་པོ་དང་། བོད་ནས་ས་སྐྱེས་རྡོ་སྐྱེས་བྱུང་བའི་གློག་བརྙན་དང་པོ་བཅས་ཡིན། གློག་བརྙན་དེའི་ནང་དགེ་འདུན་པ་ཆུང་ཆུང་ཞིག་གིས་གནམ་གང་ནས་ཚེས་གསུམ་ཉིན་བར་གྱི་ཉིན་གསུམ་གྱི་འཚོ་བ་བཀོད་ཡོད། གློག་བརྙན་དེའི་ནང་དེང་སྐབས་བོད་ཁུལ་སྤྱི་ཚོགས་ཀྱི་གཞི་རྩའི་གནས་བབ་དང་འཕོ་འགྱུར་མངོན་ཡོད་ཅིང་། སྲོལ་རྒྱུན་དང་དེང་རབས། ཆོས་ལུགས་དང་སེར་སྐྱ། རྒྱུན་འཛིན་དང་རྩ་གཏོང་། དྭངས་གཙང་དང་ཉག་ཉོག་སོགས་འགལ་ཟླ་དེ་དག་སྒོ་རྒྱག་རྗེས་ལུས་ཀྱི་ཞིང་གྲོང་ཆུང་ངུ་ཞིག་དང་དགོན་སྡེ་ཆུང་ངུ་ཞིག་གི་འདྲེས་འདྲེས་བྱེད་དང་བྱེད་མུས་ཡིན།
         མ་ཎི་རྡོ་ཕུང་ཞེས་པའི་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་དེ་དག་དེ་སྔོན་གྱི་བོད་རིགས་ཀྱི་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་དང་མི་འདྲ་ཞིང་གལ་སྲིད་རང་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་དང་རང་མི་རིགས་ལ་ཤ་ཞེན་ཚ་བའི་འཁྲབ་འཁྲིད་པ་ཞིག་མིན་ན་གློག་བརྙན་དེ་འདྲ་བ་ནམ་ཡང་འཁྲབ་འཁྲིད་བྱེད་ཐབས་བྲལ། གློག་བརྙན་དེ་ཕ་སྐད་གཙང་མ་སྤྱད་པའི་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་གྱི་ལེའུ་གསར་པ་ཕྱེ་བ་དང་ཕ་སྐད་གློག་བརྙན་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དུས་ཐུང་ལོ་ཤས་ལས་མ་སོང་བར་དྲི་མེད་ཀུན་ལྡན་འཚོལ་བ་ཞེས་པ་དང་། རྟ་བདུན་དབང་པོ་ནམ་ཡང་གཡོན་ཕྱོགས་སུ་གནས། ཁྱི་རྒན་ཞེས་པ་སོགས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཕ་སྐད་གཙང་མའི་གློག་བརྙན་གཅིག་མཇུག་གཉིས་མཐུད་ངང་འཁྲབ་འཁྲིད་གནང་ཡོད།
         བོད་རིགས་འདུས་སྡོད་ཁུལ་ས་བབ་མཐོ་བ་དང་དེ་བཞིན་བོད་རིགས་ཀྱི་ཁྱད་འཕགས་ཀྱི་ཆོས་ལུགས་རིག་གནས་ཀྱི་ཤན་བཞུགས་པའི་དབང་གིས་དུས་ཡུན་རིང་པོའི་ནང་བོད་ལྗོངས་སམ་བོད་རིགས་གླེང་སྐབས་མི་རིགས་གཞན་པར་གསང་བ་ལྐོག་འགྱུར་གྱི་སྣང་བ་ཞིག་སྦྱིན་གྱི་ཡོད། དེའང་བོད་ཁུལ་གསང་བ་ལྐོག་འགྱུར་དུ་དྲིལ་བསྒྲགས་བྱེད་པའི་བརྒྱུད་རིམ་ནང་གློག་བརྙན་གྱིས་ནུས་པ་གལ་ཆེན་ཐོན་གྱི་ཡོད།  བོད་ཁུལ་གསང་བ་ལྐོག་འགྱུར་དུ་དྲིལ་བསྒྲགས་བྱེད་པའི་གློག་བརྙན་ནང་ཕྱི་རྒྱལ་དང་རང་རྒྱལ་གྱི་ཤང་གང་གིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་ནང་མཐོང་རྒྱུ་མང་། གལ་སྲིད་རྒྱལ་ཐོན་གློག་བརྙན་ལ་དབྱེ་ཞིབ་བྱས་ཚེ་གློག་བརྙན་རིགས་གཉིས་ལ་དཔེ་མཚོན་རང་བཞིན་ལྡན་ཡོད། དེའང་མདོག་ལྡན་མིག་ཤལ་སྐྱོན་ནས་བོད་ལྗོངས་དང་བོད་ཀྱི་རིག་གནས་ཀྱི་ཞིབ་བཤེར་བྱས་པའམ་རྐང་བཙུགས་ནས་བོད་ཀྱི་གསང་བ་ལྐོག་འགྱུར་ཆེ་རུ་བཏང་ནས་ཀུན་གྱི་མིག་དབང་འཕྲོག་པ། གཉིས་པ་ནི་དེང་སྐབས་དར་གསོ་ཆེ་བའི་དེང་སྐབས་སྤྱི་ཚོགས་དང་མི་རིགས་ཀྱི་བསམ་པའི་དཀའ་གནད་མངོན་པའི་གློག་བརྙན་ཡིན། སྤྱིའི་ཆ་ནས་བོད་ལྗོངས་དེ་ཉིད་སེམས་ཁམས་དང་བླ་སྲོག་ལ་ཉམས་སད་ཐེབས་པའི་སེམས་ཁམས་ཁྱིམ་གཞིས་ཞིག་ཏུ་དྲིལ་བསྒྲགས་བྱས་ཡོད། བོད་སྐད་ཀྱི་གློག་བརྙན་དང་པོ་ཡིན་ཟེར་བའི་ཧི་མ་ལ་ཡའི་རྒྱལ་སྲས་ཞེས་པའི་གློག་བརྙན་དེ་ཧྲ་ཁེ་སི་པི་ཡའི་གྲགས་ཅན་བརྩམས་སྒྲུམ་ཧ་མོ་ལི་ཐེ་ཞེས་པར་བཅོས་སྒྲིག་བྱས་པ་ཞིག་ཡིན། གློག་བརྙན་དེའི་ནང་བོད་ལྗོངས་ས་མཐོའི་བརྗིད་ཆགས་ལྟ་ན་སྡུག་པའི་རང་བྱུང་སྐྱེས་ཁམས་དང་། ངོ་མཚར་ཡིད་འོང་གི་བོད་ཀྱི་གྱོན་ཆས་མངོན་པ་ལས་གློག་བརྙན་གྱི་བརྗོད་དོན་དང་། མི་སྣའི་སྐད་ཆ་བཅས་ཚང་མ་བརྩམས་སྒྲུང་ཧ་མོ་ལི་ཐེར་ལད་ཟློས་བྱས་ཡོད། དཔེར་ན་མི་སྣ་གཙོ་བོའི་བར་གྱི་འབྲེལ་བར་འགྱུར་ལྡོག་ཕྲན་བུ་བཏང་ཡོད་རུང་གཏམ་རྒྱུད་ཀྱི་སྤྱིའི་མ་དཔེ་ནི་སྔར་བཞིན་རྒྱལ་སྲས་ཀྱིས་དགྲ་ཤ་ལེན་པ་དེ་ཡིན། སྐད་ཆ་བོད་སྐད་ཡིན་རུང་གར་སྟེགས་འཁྲབ་གཞུང་གི་བརྗོད་བྱེད་ལ་འགྱུར་བ་བཏང་མེད། དེར་བརྟེན་ཧི་མ་ལ་ཡའི་རྒྱལ་སྲས་ཞེས་པའི་གློག་བརྙན་དེ་བརྗོད་བྱའི་རྒྱབ་ལྗོངས་བོད་དུ་ཡིན་རུང་། དོན་དངོས་ཐོག་བཙན་ཤེད་ངང་ཧ་མོ་ལི་ཐེ་བོད་འགྱུར་ཅན་གྱི་གློག་བརྙན་ཞིག་ཡིན། དེའི་ནང་བོད་རིགས་རིག་གནས་ཀྱི་རྒྱུ་ཆ་སྤྱད་པ་ནི་གཏོང་གཏམ་ཙམ་ཡིན། སྤྱི་ལོ་༢༠༠༩ལོར་བསྟན་པའི་གངས་ལྷ་མེ་ཏོག་ཞེས་པའི་གློག་བརྙན་དེ་བོད་ཀྱི་གླུ་གར་གློག་བརྙན་དང་པོ་ཡིན་ཞེས་བརྗོད་པ་དང་། གློག་བརྙན་དེའི་ནང་ནང་སའི་གླུ་མ་ཞིག་གློ་བུར་དུ་ལྐུག་པར་འགྱུར་རྗེས་བོད་ལྗོངས་ཀྱི་གླུ་གཞས་ཞིག་རྣ་ལམ་དུ་ཐོས་དེ་རྗེས་ཁོ་མོས་དཀའ་ངལ་ཁྱད་བསད་བྱས་ཏེ་བོད་ཀྱི་ལྷ་མཚོའི་འགྲམ་དུ་རྣ་བར་ཐོས་མྱོང་བའི་བོད་གླུ་དེ་འཚོལ་བར་ཕྱིན་པ་དང་བརྒྱུད་རིམ་དེའི་ནང་མི་རབས་གཉིས་ཀྱི་གཏམ་རྒྱུད་མངོན་ཡོད། གློག་བརྙན་དེའི་ནང་བོད་ལྗོངས་ཀྱི་མཛེས་སྡུག་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་དང་གླུ་གཞས་སྣེ་རིགས་མང་པོ་བཀོད་སྒྲིག་བྱས་ཡོད་ཀྱང་སྒྲུམ་བཤད་བྱ་ཐབས་སྔར་བཞིན་སེམས་ཁམས་ཀྱི་ཁྱིམ་གཞིས་འཚོལ་བའི་མ་དཔེ་རྙིང་པ་རྒྱུན་འཛིན་བྱས་ཡོད། བོད་རིགས་ཀྱི་འཚོ་བ་དངོས་མཚོན་ཐུབ་མེད།
རྒྱལ་ཐོན་གློག་བརྙན་གྱི་ད་ལྟའི་གནས་བབ་དང་གོང་འཕེལ་འགྲོ་ཕྱོགས་ཐད་ནས་བལྟས་ན། བརྗོད་བྱ་གཙོ་བའི་གློག་བརྙན་ལ་མ་དངུལ་དང་། དྲིལ་བསྒྲགས་ཐད་ཀྱི་བཟང་ཆ་ལྡན་ཡོད་པས་སྔར་བཞིན་བོད་རིགས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།  དོ་སྣང་བྱེད་དགོས་པ་ཞིག་ལ་ཉེ་བའི་ལོ་ཤས་རིང་མི་རིགས་རིག་གནས་དང་བོད་ཁུལ་སྤྱི་ཚོགས་མཚོན་པའི་གློག་བརྙན་གྱི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་རིག་གནས་གོང་འཕེལ་དང་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་མངོན་གྱི་ཡོད། ཀྲུང་གོའི་གློག་བརྙན་སྒྲིག་གཞི་བསྒྱུར་བཅོས་དང་གསར་གཏོད་ཀྱི་སྣེ་མང་ཅན་དེ་སྟེང་ཕ་སྐད་གཙང་མའི་གློག་བརྙན་གཅིག་མཇུག་གཉིས་མཐུད་ངང་ཐོན་པ་དེས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་འཕོ་འགྱུར་ལ་དོ་ཁུར་བྱེད་པ་དེ་བོད་ཀྱི་བརྗོད་བྱ་གཙོ་བོ་བྱེད་པའི་གློག་བརྙན་གྱི་འཕེལ་ཕྱོགས་སུ་འགྱུར་སྲིད། དེ་དང་དུས་མཚུངས་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ཕྱིན་པ་དང་སྦྲགས་མི་དེ་བས་མང་བ་བོད་དུ་སྐྱོད་པ་དང་། རྒྱལ་ཐོན་བོད་ཀྱི་བརྗོད་བྱ་གཙོ་བོ་བྱས་པའི་གློག་བརྙན་ཡང་དེ་སྔའི་གསང་བ་ལྐོག་འགྱུར་དང་། གདོད་མའི་རང་བཞིན། བོད་ཀྱི་རིག་གནས་ལ་དད་མོས་བྱེད་པ་བཅས་ཀྱི་རྣམ་པ་རིམ་བཞིན་ཇེ་ཉུང་དུ་འགྲོ་སྲིད་ལ་འཚོ་བ་དངོས་དང་དེ་བས་ཐག་ཉེ་བ་དང་། བོད་ཀྱི་རིག་གནས་དམངས་སྲོལ་དང་ཐག་དེ་བས་ཉེ་བའི་སྣེ་མང་གི་གློག་བརྙན་སྐད་ལུག་དང་མཚོན་ཐབས་ཀྱིས་ཚབ་བྱེད་སྲིད།
 


 

དཔྱད་མཆན་ཡོད།