པ་ར་སི་ཀ་ཡི་འདམ་ག Perlasca

   


     ཕྱི་རྩིས་ཀྱི1944ལོ་སྟེ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། ཧྥ་ཤི་སིའི་རིང་ལུགས་པ་ན་ཙིའི་ཤོག་ཁག་ཚོས། ཡོ་རོབ་གླིང་དུ་ཡ་ཧུ་དཱ་པ་རྣམས་དམར་གསོད་ཀྱི་སྦྱོར་བ་དྲག་པོ་བརྩམས་པའི་རླབས་རྒྱུན་རིམ་གྱིས་མཆེད་དེ། ཧང་གྷ་རིའི་རྒྱལ་ས་བྷོ་དྷ་ཕེ་སི་རུ་ཁྲག་དམར་གྱི་རྒྱ་མཚོ་ཤུགས་ཀྱིས་འཕྱུར་སོང་། དེའི་ཚེའི་ཡུལ་དེར་པ་ར་སི་ཀ་ཟེར་བའི་ཨི་ཐ་ལིའི་ཚོང་པ་ཞིག་ཡོད་ཅིང་། ཐད་ཀར་ཞུས་ན། ཁོ་པ་ནི་ཕྱུགས་ཟོག་ཚོང་ལས་ཀྱི་བར་ཁེ་པ་ཞིག་སྟེ། དམག་འཁྲུག་དེ་དང་འབྲེལ་བ་ཁྱོན་ནས་མེད་པ་ཞིག་ཀྱང་ཡིན་ནོ།། རེད། དམག་དང་མཚོན་གྱི་སྐལ་བ་ངན་པ་གང་དེའི་དུས་ཀྱི་མི་དཀྱུས་མ་ཞིག་ཏུ་གྱུར་པའི་ཁོང་ལ་མཚོན་ན། ལམ་གྱི་འདམ་ག་ཡང་ཤིན་ཏུ་སླ་སྟེ། ཕ་ཡུལ་ཨི་ཐ་ལི་རུ་ཕྱིར་ལོག་ནས་རང་ཉིད་ཡིད་ཀྱི་ཐིག་ལེར་སྒོམ་གྱིན་པའི་ཆུང་མ་དང་ལྷན་དུ་འཛོམས་རྒྱུ་དེ་ཁོ་ན་ལས་ཅི་ཞིག་ཡོད།

     d6ca7bcb0a46f21fa9564370f6246b600d338744ebf88e8e.jpgའོན་ཏེ། པ་ར་སི་ཀས་ནི་མུ་མཐུད་དུ་གྲོང་ཁྱེར་བྷོ་དྷ་ཕེ་སི་རུ་བཞུགས་རྒྱུ་བདམས་པར་མ་ཟད། རང་ཉིད་ཀྱི་རྒྱུ་ནོར་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་ཏེ། ན་ཙིའི་དམག་དཔོན་དག་ལ་ལྐོག་རྔན་དུ་སྤྲོད་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ། གསོད་པར་ངེས་པའི་ཡ་ཧུ་དཱ་པ་སྐོར་ཞིག་འཆི་བའི་འཇིགས་པ་ལས་བསྐྱབ་ཆོག་པའི་མིང་ཐོ་ཞིག་རག་སོང་།

     གྲོང་ཁྱེར་བྷོ་དྷ་ཕེ་སི་ཡི་མེ་འཁོར་འབབ་ཚིགས་སུ། ཡ་ཧུ་དཱ་པ་ཁྲི་སྟོང་མང་པོ་འཇར་མན་དུ་གསོད་རྒྱུར་འཁྲིད་ལ་ཉེ་བར་ཕྱོགས། པ་ར་སི་ཀའི་ལག་ཏུ་མིང་བྱང་ཞིག་བཟུང་ཞིང་། 124823.jpgརྟོག་བཟོའི་སྒོ་ནས་ཆ་མེད་རྒྱུས་མེད་ཀྱི་མི་མིང་འདྲ་མིན་སྐད་གསང་མཐོན་པོས་འབོད་ཀྱིན་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ། ཚེ་སྲོག་དེ་དག་རེ་རེ་བཞིན་འཆི་བདག་གཤིན་རྗེའི་ཞགས་པ་ལས་ཚུར་འཕྲོག་ཐབས་ལ་འབད། དེ་ལྟར་ཁོའི་སེམས་ལ་འཆར་ཐུབ་པའི་མིང་ཡོད་ཚད་བོས་ཟིན་པ་ན། འཚུབ་ཆའི་ཁྲོད་ནས་གློ་བུར་དུ་བློ་གྲོས་གཞན་ཞིག་ཀྱང་རྙེད་པར་གྱུར། དེ་མ་ཐག་ཡ་ཧུ་དཱ་པ་ཞིག་ཚུར་དྲུད་དེ་སྐད་མགོ་དམའ་མོས་མིང་ལ་ཅི་ཟེར་དྲིས་ཤིང་དེ་སྐད་བོས། དེ་ལྟར། དེ་ལྟར། ཡ་ཧུ་དཱ་པ་རླངས་འཁོར་དོ་ཙམ་གྱི་ཚེ་སྲོག་བསྐྱབས་ཐུབ་པའི་དགའ་སྤྲོས་ཡིད་མྱོས་ན་ཡང་། མེ་འཁོར་གྱི་ནང་དུ་དེ་ལས་ལྡབ་འགྱུར་གྱིས་མང་བའི་ཡ་ཧུ་དཱ་པ་ཁྲི་སྟོང་མང་པོ་བླུགས་ནས་གཤིན་རྗེའི་སྒོ་ཆེན་གྱི་ཕྱོགས་སུ་ཁྱེར་ཏེ་ཇེ་རིང་ནས་ཇེ་རིང་དུ་གྱུར་པ་མཐོང་བས། པ་ར་སི་ཀའི་ངོ་གདོང་དུ་མིག་ཆུའི་ཕྲེང་ཐག་རིང་མོ་ཤམ་ཤམ་དུ་བཞུར་སོང། དེ་ཡང་སྔར་སི་ཕེན་རྒྱལ་ཁབ་ཀྱི་ནང་འཁྲུག་སྐབས་སུ། པ་ར་སི་ཀ་ནི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔའ་རྒོད་ཅིག་ཡིན་པས། དམག་འཁྲུག་གི་སྐལ་བ་ངན་པའི་ཁྲོད་ཀྱི་སྡུག་བསྔལ་དང་མྱ་ངན་གྱི་བྲོ་བ་མྱོང་ཐོག་ཏུ་ཡོད་པའི་ཕྱིར། སྔར་ཁོང་ཉིད་གཡུལ་ས་དང་གྱེས་ཏེ་ཕ་ཁྱིམ་དུ་འབྱོར་རྗེས་སུའང་། རང་དབང་ལྡན་པའི་ཚོང་པ་ཞིག་བྱེད་རྒྱུ་བདམས་ནས། བག་ཕེབས་ཀྱི་འཚོ་བ་ཞིག་རོལ་བའི་འདུན་པ་སྙིང་ལ་བཅངས་པ་རེད། ཁོང་གིས། “མི་རྣམས་ལ་བག་ཕེབས་དང་ཞི་ལྷོད་ཀྱི་སྒོ་ནས། སྨོན་ལམ་འདེབས་ས་ཞིག་རབ་ཏུ་མཁོ”ཞེས་བཤད་མྱོང་བ་ལྟར། ཁོང་རང་ཉིན་ནི་མ་གཞི་དེ་འདྲའི་འཚོ་བ་ལ་ཤིན་ཏུ་དགྱེས་པ་ཡིན།

    དེ་ལྟ་ན་ཡང་། ཁོང་ལ་དགའ་ཕྱོགས་དེ་འདྲ་ཞིག་ཡོད་པ་ཙམ་གྱིས་ནི། སྐྱེ་བོ་གཞན་དག་སྡུག་བསྔལ་གྱི་རྒྱ་མཚོའི་ཀློང་དུ་ཚུད་ཀྱང་ཅི་མི་སྙམ་པར་བཞག་སྟེ་རང་ཉིད་ཁུ་སིམ་མེར་སྡོད་ངེས་པ་གཏན་ནས་མི་མཚོན་ཏེ། ད་ཐེངས་ཡང་གཞན་དོན་འབའ་ཞིག་གི་ཆེད་དུ་ཁོང་ཉིད་ཧང་གྷ་རིར་བཞུགས་རྒྱུ་བདམས་པ་མ་ཡིན་ནམ། ཡིན་ཏེ། སྐབས་འདིར་ནི། ཁོང་གིས་ནན་ཏན་ཆེན་པོས་མིའི་ལྷན་སྐྱེས་ཀྱི་བརྩེ་བའི་སེམས་དང་། རྒྱུ་འབྲས་ཀྱི་རྟོགས་པའི་འབོད་སྒྲ་ལ་གསན་བཞིན་པ་ཡིན་ནོ།།

    སྔོན་ཆད་སི་ཕེན་གྱི་གཡུལ་འཁྲུག་སྐབས། ཁོང་གི་དཔའ་སྤོངས་གཞན་ལས་ཁྱད་དུ་འཕགས་པར་བརྟེན། སི་ཕེན་གྱི་སྒེར་གཅོད་པ་ཧྥུ་རན་ཀོ་ཡིས་མིང་རྟགས་བཀོད་པའི་དཔང་ཡིག་ཅིག་ཀྱང་ཁོང་ལ་ཡོད་ཕྱིར། འཛམ་གླིང་གི་ཡུལ་གྲུ་གང་དུ་ཕྱིན་རུང་སི་ཕེན་གྱི་གཞུང་ཚབ་ཁང་དག་གིས་ནི་ཁོང་ལ་རོགས་རམ་ཕན་ངེས་ཤིག་མ་བྱས་ཐུ་མེད་དུ་གྱུར་ཡོད་པ་རེད། འོན་ཏེ་གནད་འགག་གི་སྐབས་འདིར་སླེབས་དུས། ཁོང་གིས་མཐུན་རྐྱེན་དེ་ཉིད་བེད་སྤྱད་ནས། རང་ཉིད་ཉེན་ཁ་ལས་གྲོལ་ཕྱིར་ལམ་ཡིག་ཅིག་ལོན་ཐབས་སུ་འབད་རྒྱུ་ཕར་ཞོག ཁོང་ཉིད་ནི་ཧང་གྷ་རིར་སྡོད་པའི་སི་ཕེན་གཞུང་ཚབ་ཁང་དུ་ཤར་གྱིས་བསྐྱོད་དེ། ཡ་ཧུ་དཱ་པ་རྣམས་འགེབས་སྲུང་བྱ་རྒྱུའི་རེ་བ་བཏོན་པ་རེད། གླེང་འོས་པ་ཞིག་ལ། སི་ཕེན་གཞུང་ཚབ་ཁང་གི་ལས་ཀྱི་སྣེ་མོ་པ་གཙོ་གྲས་གཉིས་ཏེ། སྐུ་ལྕམ་ཏོ་རོས་དང་། ཁྲིམས་རྩོད་པ་ཧྥུ་རན་ཟི་གཉིས་ཀྱང་ཡ་ཧུ་དཱ་པ་རེད།

    རེད་དེ། དམིགས་བསལ་གྱི་དུས་ཚིགས་དེའི་ནང་དུ། ཁོང་གཉིས་ཀས་ནི་རང་སྲོག་སྲུང་རྒྱུ་གཙོ་བོར་བདམས་ཤིང་། རིགས་རུས་གསང་ནས། སི་ཕེན་གྱི་གཞུང་ཞབས་པའི་ཐོབ་ཐང་གི་ངོས་ནས་སྲོག་ཉེན་མ་བྱུང་བ་ཙམ་དུ་གནས་ཡོད་པར་མ་ཟད། པ་ར་སི་ཀ་གཞན་སྲོག་སྐྱོབ་པའི་ལས་སུ་ཞུགས་པར་ཡང་ཐེ་ཚོམ་དང་འཇིགས་པའི་མིག་ཟུང་ཀེམ་ཀེམ་དུ་གཡོས་སོ།། འོན་ཀྱང་པ་ར་སི་ཀས། “ངས་རང་ཉིད་ལ་ལས་ཀ་འདི་སྒྲུབ་པའི་ནུས་པ་ཡོད་ངེས་སུ་སྙམ་ཡོད”ཅེས་ཚིག་ཐག་ཆོད་པོས་སྨྲས་སོང་། རྗེས་སུ་དངོས་གནས་དེ་དེ་བཞིན་དུ་ཁོང་ལ་དེ་འདྲ་བའི་ནུས་ཤུགས་ལྡན་པ་མཐོང་ཆོས་མངོན་སུམ་ཉིད་དུ་གྱུར། རིམ་གྱིས་སི་ཕེན་གྱི་གཞུང་ཚབ་ཁང་ཧང་གྷ་རི་ནས་ཕྱིར་འཐེན་བྱས་པ་དང་བསྟུན། གཞུང་ཚབ་ཁང་དེའི་སྐྱབས་འོག་ཏུ་གནས་པའི་ཡ་ཧུ་དཱ་པ་རྣམས་ནི་སླར་ཡང་སྲོག་ཁྲིམས་གཅོད་སར་ཁྲིད་སོང་། སྐབས་དེར། ཁོང་ཉིད་སི་ཕེན་གྱི་གཞུང་ཚབ་དཔོན་རིགས་ཤིག་ཏུ་བརྫུས་ཏེ། སླར་ཡང་ཡ་ཧུ་དཱ་པ་ལྔ་སྟོང་ལྷག་སྡིག་ཅན་གཤེད་མའི་ལག་འོག་ནས་ཕྱིར་བླངས་པ་རེད།

     དེ་ལྟར་དགུ་ཤི་གཅིག་གསོན་གྱི་ཚུལ་དུ་ཤུལ་ལ་ལུས་པའི་ཡ་ཧུ་དཱ་པ་རྣམས་ནི། དུས་དང་དུས་སུ། སྨྲེ་ངག་དང་འཇིགས་སྐྲག་ཆེན་པོའི་ཀློང་ན་འཚོ་བཞིན་པ་ལྟ་ག་ལ་ཞིག དེའི་ཁྲོད་དུ་མིང་ལ་ཇེར་ཇེ་ཟེར་བའི་བྱིས་པ་ལོ་བརྒྱད་ཅན་ཞིག་ཡོད་པ་དེ་ནི་ངག་ཀྱང་ལྐུགས་པར་གྱུར་ཡོད། རྒྱུ་རྐྱེན་ནི་ཁོའི་མཐོང་སར་ན་ཙི་པ་ཚོས་རང་གི་ཕུ་བོའི་མགོ་ལ་མེ་མདའ་བརྒྱབས་ཏེ་བསད་པས་ཡིན་ལ། བཟོད་དཀའ་བའི་ངང་ཚུལ་དེས་པ་ར་སི་ཀའི་སེམས་ལ་གདུང་སེམས་དང་ན་ཟུག་དྲག་ཏུ་འཕྱུར་པས། གདུག་ཅན་ན་ཙི་དག་གིས་སྐེ་ལ་རལ་གྲིས་ཚད་རུང་བག་མི་ཚ་བར་རྦབ་ཆུ་བཞུར་བ་ལྟ་བུའི་སྐད་ཆ་སྣ་ཚོགས་ཁ་ནས་ཐལ་བར་མ་ཟད། ཕོ་རྒོད་ཁོང་གིས་འཇར་མན་པའི་དམག་དཔོན་གྱི་སྔུན་ནས་ཀྱང་ཅོག་ཙེར་ཐལ་ལྕག་གིས་གཞུས་ཏེ་ཡར་ལངས་ཤིང་། དེ་མ་ཐག་ཁ་ཕྱིར་འཁོར་ནས་ཇེར་ཇེ་པང་ཁུག་ཏུ་བསྡམས་སོ།། དེ་ནས་པ་ར་སི་ཀ་ས་རུ་བསྡད་ཅིང་ལྷམ་ཕུད་དེ། བྱིས་པ་ཚོ་དང་མཉམ་དུ་ལྷམ་སྐྱེལ་རྩེད་མོའི་འགྲན་བསྡུར་ལ་གཡེང་། བྱིས་པ་གཞན་དག་རེ་རེ་བཞིན་ཕམ་པ་ན་ཇེར་ཇེ་ལ་མཐའ་མཇུག་གི་རྒྱལ་ཁ་ཐོབ་པར་མ་ཟད། ད་རུང་པ་ར་སི་ཀས་ཇེར་ཇེ་ཕྲག་ཏུ་འཁུར་གྱིན་ཁོང་ཅག་མཉམ་དུ་བྲོ་གར་ལ་ཡང་རོལ། དེ་ལྟ་དེ་ལྟར་རིམ་གྱིས་འཇིགས་སྐྲག་ཁྲོད་ཀྱི་བྱིས་པ་ཚོའི་གདོང་ལ་ཡང་བསྐྱར་དགོད་འཛུམ་གྱི་མེ་ཏོག་བཞད་སོང་། ངོ་མ། ཁོང་ཚོའི་ལྷད་མེད་ཀྱི་འཛུམ་དཀར་ནི་ཅི་འདྲའི་ལྟ་ན་སྡུག་པ་ཞིག་སྟེ། འཇིག་རྟེན་ན་དེ་ལས་ཡིད་འཕྲོག་པ་དང་། དེ་ལས་རིན་ཐང་ཆེ་བ་ཞིག་གཞར་ཡང་མ་མཆིས་ན། སྲོག་དང་བསྡོས་ཏེ་རྩོད་རི་བ་ཡང་དེ་ལས་ལྷག་པ་ཞིག་མེད་ཨང་། 

    བདེ་འཇགས་མེད་པའི“བདེ་འཇགས་སྡོད་ཁང”ན། པ་ར་སི་ཀས་སྙིང་རུས་ཆེན་པོས་བྱིས་པ་ཚོར་སློབ་ཁྲིད་གནང་སྟེ། འཇིགས་སུ་རུང་བའི་ལོ་རྒྱུས་ཀྱི་གཉན་འཕྲང་དེའི་ནང་དུ་ཡང་། བྱིས་པ་དེ་དག་ལ་རྒྱུན་ལྡན་གྱི་འཚོ་བ་ཞིག་ཡོད་ཐབས་སུ་འབད་པ་ཆེན་པོས་བརྩོན། དེ་འདྲའི་ཞུམ་མེད་ཀྱི་སྙིང་རུས་ཁོ་ནའི་དྲིན་ལས་ནི། ད་གཟོད་བྱིས་པ་དེ་རྣམས་ཀྱང་དམག་འཁྲུག་གི་གྲིབ་གཟུགས་ནག་པོ་ལ་གཡོལ་ཐུབ་ཙམ་བྱུང་བ་ཡིན་ཏེ། གལ་ཏེ་བྱིས་པ་ཚོའི་ངོ་ལ་འཛུམ་མེད་ཅིང་། ཁ་ལ་གླུ་མེད། ཁོག་ན་སློབ་འདོད་མེད་ཚེ། སྨག་ནག་པའི་དུས་ཀྱི་ཁུགས་པ་དེ་སྐྱེལ་ཐབས་མེད་ལ། མཛེས་ཤིང་སྡུག་པའི་མ་འོངས་པ་ཞིག་ཉེ་བར་བསུ་བའི་སྟ་གོན་ཡང་ཇི་ལྟར་བྱེད་ཨང་།

    ཡ་ཧུ་དཱ་པ་དེ་དག་གི་ནང་ན་མི་རྣམས་སུན་སྣང་སྐྱེ་སའི་རྐྱལ་སྟོང་གསུམ་ཡོད་དེ། ཉིན་ཞིག་པ་ར་སི་ཀས་ཁོ་ཚོའི་གཙོ་བོ་ཧྥེ་རེན་ཙེ་ལ་ཆད་པ་ཞིག་གཅོད་རྩིས་བྱས་སྐབས། ཧྥེ་རེན་ཙེའི་ལུས་སྟེང་ན་ཁ་སྦྲེང་ཞིག་བཅངས་ཡོད་པ་ཤེས་རྗེས་རང་སར་གློད་དེ། u=2472499488,658318871&fm=21&gp=0.jpgཁ་སྦྲེང་འབུད་མཁན་གྱི་མི་ཞིག་ངན་པ་མཐར་ལྷུང་ཞིག་ཏུ་འགྱུར་མི་སྲིད་ཅེས་སྨྲས། ཁོང་གིས་ཇི་སྐད་སྨྲས་པ་ལྟར་བདེན་ཟེར་ན་ཡང་འདྲ། བསྟོད་བསྔགས་ཚིག་གཅིག་པོ་དེས་མི་ཞིག་གི་མི་ཚེ་ལ་འགྱུར་བ་ཐེབས་ཟེར་ན་ཡང་འདྲ་སྟེ། ཉིན་ཞིག གདུག་རྩུབ་ཆེ་བའི་ཁོར་ཡུག་དེའི་འོག་ཏུ་ཡང་། ཧྥེ་རེན་ཙེས་རང་རིགས་སྤུན་ཟླ་ཞིག་བསྐྱབ་པའི་སླད་དུ་ཅུང་ཙམ་མིན་ན་གཅེས་པའི་སྲོག་ཀྱང་ཤོར། རྒྱལ་པ་ལས་སངས་དུས་པ་ར་སི་ཀར་བལྟས་ཏེ། “ཐུགས་རྗེ་ཆེ”ཞེས་སྨྲས་ཚེ། པ་ར་སི་ཀས། “ཁྱོད་ཀྱི་རང་གཤིས་འདི་མཐོང་དུས། ངས་ང་རང་ཉིད་ཀྱི་གཞོན་དུས་དྲན་འོང་། སྐབས་དེ་དུས་བྱ་བ་ཐམས་ཅད་མིག་ལ་མི་འགྲོ་ཞིང་འཚིག་པ་ཟ་བས། འཇིག་རྟེན་ལ་འགྱུར་ལྡོག་ཅིག་གཏོང་འདོད་ཀྱི་འདུན་མ་ཆེས་ཆེར་གཡོ”ཞེས་བཤད། དེ་ལ་ཧྥེ་རེན་ཙེས། “ཁྱེད་ཀྱིས་དོན་ལ་ཡང་དེ་ལྟར་བསྒྲུབས་འདུག”ཅེས་དུས། པ་ར་སི་ཀས། “ག་བ་ག་བ། ངས་རང་དགར་ཉོག་གཏམ་ཞིག་སྨྲས་པ་ཙམ་སྟེ། དེ་ང་དང་སྦྱར་གང་ནས་འོས”ཞེས་ལན་བཏབ་བོ།།

    དེ་འདྲའི་བཟང་སྤྱོད་ཀྱི་རྒྱན་དང་ལྡན་པའི་ཨི་ཐ་ལིའི་ཚོང་པ་དེས། ཡ་ཧུ་དཱ་པ་ལྔ་སྟོང་ལྷག་འཆི་བའི་འཇིགས་པ་ལས་ཉེ་བར་བསྐྱབས་པས་མི་ཚད། ལྷག་ཏུ་གླེང་རི་བ་ཞིག་ལ། མི་རྣམས་རེ་ཆད་འུ་ཐུག་གི་ཀློང་ན་ལུས་ཡོད་པའི་སྐབས་སུ། ཁོང་ཉིད་ཀྱིས་ཐ་ཚིག་བརྟན་ལ་འཇིགས་པ་མེད་པར་གནང་བའི་ཕྱག་ལས་དེས་ནི། བཙན་ཤུགས་ལ་རྒོལ་འདོད་ཀྱི་འདུན་པ་ཙམ་ཡོད་ཀྱང་དེ་ལྟར་ལག་ཏུ་ལེན་པའི་སྤོབས་པ་དང་ཡོངས་སུ་བྲལ་བ་ཚོའི་སེམས་ལ་གློ་བུར་དུ་རེ་བའི་འོད་སྣང་གསར་པ་ཞིག་བྱིན་པ་མ་ཡིན་ནམ། དེ་ནི་ཏག་ཏག་ཧྥུ་རན་ཟི་ཡིས་ཇི་སྐད་སྨྲས་པ་ལྟར་ཏེ། “ང་ལ་ལྭ་བ་གཅིག་ལ་མེད”ཅེས་དཔེའི་སྒོ་ནས་རང་ཉིད་ནི་སྡར་མ་ནུས་མེད་ཅིག་ཡིན་པས། རང་གཅིག་པུར་ཉེན་ཁ་མི་འབྱུང་བར་རེ་བ་ལས། གཞན་སྐྱོབ་པའི་སྙིང་སྟོབས་ཀྱིས་དབེན་པ་ཞིག་ཡིན་ཞེས་བསྟན།

    ཡང་ཁོང་པ་ར་སི་ཀའི་རང་བཞིན་བརྗོད་སྐབས། “ཁྱེད་ལ་ནི་ལྭ་བ་བདུན་མཆིས་པས། ཉིན་བཞིན་རེ་རེ་བརྗེས་ཆོག”ཅེས་ཀྱང་སྨྲས། དེ་ལ་པ་ར་སི་ཀས་ཀྱང་། “གལ་ཏེ་ཁོ་བོ་ལྭ་བ་ཞིག་ཡིན་པའི་དབང་དུ་བཏང་ན་ནི། རྟག་ཏུ་གོས་སྒམ་གྱི་ནང་དུ་སྡོད་པར་འདོད་དེ། དེ་རུ་ཞི་འཇགས་དང་བདེ་སྐྱིད་ལྡན་ལ། གནོད་ཅིང་འཚེ་བའི་སྦྱོར་བ་ཅི་ཡང་མེད་པས་སོ”ཞེས་གསུངས།

    ཡིན་ཏེ། མི་ཕལ་མོ་ཆེར་མཚོན་ན། བཙན་གནོན་ལ་བཟོད་བསྲན་གྱི་ནུས་པ་ཆེ་ཞིང་ངོ་རྒོལ་གྱི་སྤོབས་པ་ཆུང་ངོ།། དེས་ན“ཁྱད་འཕགས་ཀྱི་སྐྱེས་བུ”ཟེར་བ་ཡང་། ངོ་རྒོལ་གྱི་སྤོབས་པ་དེ་བཙན་གནོན་འཁུར་བའི་བཟོད་བསྲན་གྱི་ནུས་པ་ལས་ཆེས་ཆེར་བརྒལ་བ་དག་གི་མཚན་ཡིན་ལ། མི་གཞན་གྱི་སྐྱིད་སྡུག་ལ་འགྱུར་བ་གཏོང་ཕོད་པའི་སྐྱེས་བུ་ཚོའི་མཚན་ཡང་ཡིན་པ་རེད། དེ་བས་ན། པ་ར་སི་ཀ་ནི་སྙན་ཞིང་བརྗིད་པའི་མིང་ཚིག་གང་དེའི་དངོས་ཀྱི་འཇུག་གཞི་ཡིན་ཏེ། འགན་འཁྲི་དང་ཉེན་ཁ་ཅིག་ཆར་དུ་མདུན་ལ་ལྷགས་ཚེ། ཁོང་གིས“གཞན་གྱིས་ང་བསྐྱབས་མ་མྱོང་ན། ངས་གཞན་རྣམས་སྐྱོབ་དགོས་དོན་ཅི”ཞེས་འདྲི་མི་སྲིད་དེ། བློ་ཐག་ཆོད་པོས་སྐྱེ་བོ་གཞན་དག་སྐྱོབ་པའི་ལས་སུ་ཞུགས་ནས། གསོན་ལ་དགའ་ཞིང་འཆི་བར་མི་སྐྲག་པའི་སྤྱོད་མཆོག་བདག་གིར་བཞེས་པ་མ་ཡིན་ནམ། ངོ་མ། མིའི་གཤིས་རྒྱུད་ཀྱི་ངོས་ན་འདི་དང་འདི་ལྟ་བུའི་སྟོབས་ནུས་ཤིག་མཆེད་རྒྱུ་ཡོད་པ་ནི་ཅི་འདྲའི་ངོ་མཚར་ཆེ་བ་ཞིག་རེད་ཨང་།

    དེ་ལྟ་བུའི་བློ་སྤོབས་དང་སྙིང་སྟོབས་ཀྱིས་གཏམས་པའི་ཕོ་རྒོད་དེ་ལ་ངོས་གཞན་ཞིག་ནས་ཞི་ལྷོད་བབ་ཆགས་ཀྱི་མཛེས་ཉམས་ཤིག་ཀྱང་ལྷུན་ཆགས་སུ་མངའ་སྟེ། དམག་འཁྲུག་དང་། གསོད་གཏུབ། u=1471597155,1567323509&fm=21&gp=0.jpgའཆི་བ་སོགས་ཀྱིས་བར་མེད་དུ་བསྐོར་བའི་དཀྱིལ་ན། ལུས་ཅན་མཐའ་དག་མཐའ་དང་ཚད་མེད་པའི་འཇིགས་སྐྲག་དང་དོགས་འདྲོག་གི་ཁྲོད་དུ་འཚོ་བཞིན་པའི་གནས་སྐབས་དེར་ཡང་། ཁོང་གིས་ཐ་ན་མདུན་ཅོག་སྟེང་དུ་འདབ་ཕྲེང་ལལྷུག་པོར་གྲོལ་བའི་རྒྱ་སེ་མེ་ཏོག་དམར་པོ་ཞིག་ཡོད་པ་དེ་ཡང་མ་བརྗེད་པར་བསྣམས་ནས། སེམས་སྡུག་གིས་མནར་བའི་ལྕམ་མོ་ཏུའུ་ལུའུ་ལ་འབུལ་གྱིན། ཁོ་མོར། “གནས་སྐབས་འདི་འདྲ་ཞིག་ལ་ད་རུང་ཚིག་ཇ་ཕོར་པ་གང་འཐུང་རྒྱུ་བྱུང་ཚེ། འཚོ་བ་ནི་མཛེས་སྡུག་དང་ལྡན་པའི་ཉམས་སྣང་བྱུང་ལགས”ཞེས་ཀྱང་གསུངས། དེ་ལྟར་ཁོང་གིས་ཚེ་སྲོག་ལ་གཅེས་སྤྲས་བྱེད་སྟངས་ནི། སྲོག་འཚོ་ཐབས་ཙམ་ལ་འབད་ཙམ་མིན་པར། སྔར་ལས་མཛེས་ཤིང་སྡུག་ལ། སྤྲོ་སྣང་གིས་གང་བ་དང་། བདེ་སྐྱིད་ཀྱིས་གཏམས་པ་ཞིག་ཡོང་ཐབས་ལ་བརྩོན་པ་རེད།

    སུའུ་ལེན་གྱི་དམག་དཔུང་རིམ་གྱིས་ཧང་གྷ་རིར་འབྱོར་བ་ནས་བཟུང་། པ་ར་སི་ཀས་བསྐྱབས་པའི་ཡ་ཧུ་དཱ་པ་རྣམས་འཇིགས་སྐྲག་དང་བྲལ་བའི་སྐལ་བ་དངོས་སུ་ཐོབ་པ་རེད། འོན་ཀྱང་སྔར་ཛ་དྲག་ཉོག་ཟིང་གི་གནས་སྐབས་སུ། ཉམ་ཐག་པའི་ཡ་ཧུ་དཱ་པ་དེ་དག་བསྐྱབ་ཕྱིར་དུ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག པ་ར་སི་ཀས་མཚམས་རེར་སི་ཕེན་གྱི་ཕྱི་འབྲེལ་དཔོན་རིགས་སུ་བརྫུས་མྱོང་ཞིང་། ལན་རེར་ཧང་གྷ་རི་གཞུང་གི་མི་རུ་ཡང་བརྫུས་མྱོང་བའི་ཉེས་པ་ཡིས། སུའུ་ལེན་གྱི་དམག་གིས་ཁོང་ཉིད་འཛིན་བཟུང་བྱེད་རྩིས་ཡོད་པ་ཤེས་འཕྲལ། དེ་མ་ཐག་རང་གི་ཕ་ཡུལ་ཨི་ཐ་ལིར་བྲོས་སོ།།

    མཚམས་འདིར་སླེབས་ཚེ། ཀློག་པ་པོ་རྣམས་ཀྱིས་ཀྱང་འདི་ནི་གློག་བརྙན་ཞིག་རེད་ཅེས་གསུང་སྲིད། རེད། གློག་བརྙན་ཞིག་རེད། གློག་བརྙན་དེའི་མིང་ལ《པ་ར་སི་ཀ》ཞེས་ཟེར་ཞིང་། དེ་ནི་གློག་བརྙན་པའི་སྡེ་རུ་བསྔགས་བརྗོད་ཀྱི་སྒྲ་བརྒྱ་བར་མེད་དུ་བསྒྲགས་ཤིང་སྒྲོག་གིན་པའི་གློག་བརྙན་ཞིག་ཡིན་པར་མ་ཟད། ཡོངས་སུ་ཁྱབ་པའི་གྲགས་པ་ཡང《སིན་དི་ལེར་གྱི་མིང་ཐོ》དང་འགྲན་བཟོད་པའི་དམག་ཆེན་གཉིས་པ་བརྗོད་གཞིར་བཟུང་བའི་གློག་བརྙན་ཞིག་ཡིན་པ་རེད། གལ་ཆེ་བ་ཞིག་ལ། འདིའི་མི་སྣ་གཙོ་བོ་པ་ར་སི་ཀའི་གནས་ཚུལ་ནི་དངོས་བྱུང་བདེན་པའི་ལོ་རྒྱུས་ཤིག་ཡིན་པ་དེའོ།།

    དེར་བརྟེན། རྗེས་སུ་བྱུང་བའི་གཏམ་རྒྱུད་ནི་འདི་ལྟ་སྟེ། འཁྲུག་ཆེན་གཉིས་པ་མཇུག་གྲིལ་རྗེས་སུ། དཔལ་དོ་ཝ་ཟེར་བའི་ཨི་ཐ་ལིའི་གྲོལ་རྡལ་ཆུང་ངུ་ཞིག་ཏུ། 20051124184256.8064412.jpgཔ་ར་སི་ཀས་རང་གི་སྐུ་ལྕམ་དང་ལྷན་དུ་ལྷིང་འཇགས་ཀྱི་འཚོ་བ་རོལ་གྱིན་དུས་འདས། དེ་ནས་རིམ་གྱིས་སྔར་ཁོང་གིས་བསྐྱབས་པའི་ཡ་ཧུ་དཱ་པ་ཚོ་དང་། དེ་དག་གི་བུ་དང་བུ་མོ་རྣམས་ཀྱིས་ཁོང་ཉིད་ག་ས་གང་དུ་བཙལ་བས། སྤྱི་ལོ1988ལོར། གཞི་ནས་མི་སེམས་སྒུལ་བའི་ངོ་མཚར་གྱི་ལོ་རྒྱུས་དུམ་བུ་དེ་འདྲ་ཞིག་བྱུང་མྱོང་བའི་ཚུལ་ཀྱང་སྐྱེ་བོ་ཀུན་གྱིས་ཤེས་པར་གྱུར། ཡིན་ཡང་། ངོ་མཚར་བྱུང་རབས་ཁྲོད་ཀྱི་པ་ར་སི་ཀ་ནི། སྐབས་དེ་དུས་སུ་གྲོང་རྡལ་ཆུང་ཆུང་ཞིག་ཏུ་གནས་བཅས་པའི་ཆེས་སྤྱིར་བཏང་གི་བགྲེས་སོང་སྤྲོ་སྣང་ཅན་ཞིག་ལས་ཅི་ཡང་མིན། ཁོང་གིས་གསར་འགོད་པར་བརྗོད་པ། “མི་རྣམས་དུད་འགྲོ་ལྟར་བརྩིས་ཏེ་མནར་གཅོད་བཏང་དུས་ངས་བཟོད་བསྲན་མི་ནུས་ལ། བྱིས་པ་ཚོ་དམར་གསོད་བྱས་པ་མིག་གིས་མཐོང་ན་ནི་དེ་ལས་ཀྱང་བཟོད་ཐབས་གལ་ཡོད”ཅེས་གསུངས་སོ།།

    དེ་ནས་སྤྱི་ལོ1992ལོར། ཡ་ཧུ་དཱ་པའི་རྒྱལ་ཁབ་ཨི་ཟི་རེལ་གཞུང་གིས་ལྗོན་ཤིང་ཞིག་བཙུགས་ཏེ། ལྗོན་ཤིང་དེ་ལ་པ་ར་སི་ཀའི་མཚན་བཏགས་ནས་ཁོང་གི་བཀའ་དྲིན་དྲན་པར་བྱས། སྤྱི་ལོ1994ལོར། སྐུ་ཞབས་པ་ར་སི་ཀ་མཆོག་ཉིད་མི་ཡུལ་ནས་གཟིམ་ཁྲིའི་མཐའ་ཅན་དུ་གྱུར་ན་ཡང་། “པ་ར་སི་ཀ”ཞེས་བཏགས་པའི་ལྗོན་ཤིང་དེ་ནི། ད་ལྟ་ཡང་སྔར་བཞིན་དུ་མཛེས་ཤིང་ལྟ་ན་སྡུག་པའི་འདབ་སྟོང་ལྷུག་པོར་འགྲོལ་གྱིན་ཡོད་དོ།།

    ད་རུང་སྨྲ་འདོད་པ་ཞིག་ཡོད་དེ། པ་ར་སི་ཀ་མཆོག་གིས་སྔར་གཡུལ་འཁྲུག་ཉོག་ཟིང་གི་དུས་སུ་ཡང་ཧང་གྷ་རིར་བཞུགས་རྒྱུའི་འདམ་ག་མཛད་དེ།སྐྲག་འཇིགས་དང་བྲལ་བའི་སྒོ་ནས་གཞན་གྱི་ཚེ་སྲོག་བསྐྱབས་པའི་ཟླ་མེད་ཀྱི་ལོ་རྒྱུས་བསྐྲུན་མྱོང་བ་ཇི་བཞིན་དུ། སྐུ་ཚེའི་མཇུག་ལ་ཡང་། ཁོང་ཉིད་དཔའ་དོ་ཝ་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སྦས་པའི་ཚུལ་གྱིས་ཁུ་སིམ་མེར་བཞུགས་པ་དེ་ནི་ཤིན་ཏུ་བསྔགས་རི་བ་ཞིག་ཏུ་ཁོ་བོས་སྙམ་སྟེ། ངས་ནི་ཁུ་སིམ་པའི་འཚོ་བ་གང་དེ་མཚོན་བྱེད་དུ“རླབས་ཆེན”ཞེས་པའི་ཡིག་འབྲུ་འདི་གཉིས་ཕུལ་ན་འོས་ཤིང་འཚམས་པར་འདོད་དོ།།

    ཅིའི་ཕྱིར་ཞེ་ན། མི་གཞི་རླབས་ཆེ་ཞིང་། སྙིང་སྟོབས་བླ་ན་མཐོ་ལ། བསམ་བློ་ཁྱད་དུ་འཕགས་པའི་སྐྱེས་མཆོག་དམ་པ་ཚོ་ལ་ནི། དུས་ཀྱི་འཕོ་འགྱུར་དྲག་པོའི་རྦ་རླབས་གང་འདྲ་ཞིག་ལ་ཡང་མི་ཞུམ་པར་གདོང་གཏོད་པའི་བློ་སྤོབས་ལྡན་པར་མ་ཟད། རང་གི་མི་ཚེ་དེ་ཞི་འཇམ་ལྷིང་འཇགས་ཀྱི་ལོ་ཟླའི་ཕྲེང་བར་བསྟིམས་པའི་ནུས་པ་ཡང་ལྡན་གྱི། གཞན་སུས་ཀྱང་དེ་ལྟར་མི་ནུས་པས་སོ།། རེད། དེ་འདྲའི་དམ་པ་ཚོས་འཚོ་བ་ཇི་ལྟར་རོལ་ཡང་། སྤྲོ་སྣང་གིས་ཕྱུག་ལ་བདེ་སྐྱིད་དང་ལྡན་པས། ཁོང་ཅག་གི་གཤིས་ལ་གྲུབ་ཅིང་ཟད་དུ་མེད་པའི་འོད་དཀར་གྱི་ཕྲེང་བས་ནི་རང་ཉིད་གསལ་བར་བྱེད་ལ། གཞན་དག་ཀྱང་སྣང་བར་བྱས་ཤིང་བྱེད་པ་ཡིན་ནོ།


           ༼པྲ་དྲ༽ནི་བོད་ཡིག་ལམ་ནས་གློག་བརྙན་སྐོར་གྱི་ཤེས་བྱ་དང་གཞུང་ལུགས་ངོ་སྤྲོད་སའི་སྡིངས་ཆ་ཞིག་ཡིན།

      གློག་བརྙན་སྐོར་གྱི་རྒྱུ་ཆ་གསོག་འཇོག་དང་གཞུང་ལུགས་ཚུར་ལེན། སྣང་ཚུལ་དཔྱད་བརྗོད་ཀུན༼པྲ་དྲ༽ཡིས་གཅིག་ལྕོགས་བྱས་ཡོད།

         ཁྱེད་ལ་གློག་བརྙན་སྐོར་གྱི་རྩོམ་གང་ཡོད༼པྲ་དྲ༽རུ་བཏང་ཆོག འདི་ནི་ང་ཚོ་ཐུན་མོང་ལ་དབང་བའི་གར་སྟེགས་ཤིག་ཡིན། 


 

དཔྱད་མཆན་ཡོད།