འཚོ་བའི་ཤ་སྐྱི་ལ་བབས་པའི་མེ་བཙའ། (མི་ལ་ཙི་ཙི།)

                                                                                      གླེང་སློང་། 

       སྤྱི་ལོ1895ལོའི་ཟླ12པའི་ཚེས28ཉིན། ཧྥ་རན་སེའི་རོ་མེར(卢米埃尔1864—1948)སྤུན་མཆེད་ཀྱིས་རྒྱལ་ས་ཕ་རེ་སི་ཡི“ཁོ་ཧྥེ་གསོང་ཁང་ཆེན་མོ”ཟེར་བའི་གསོལ་ཁང་ནས། རང་གིས་གསར་བཟོ་བྱས་པའི་བརྙན་འབེབ་དང་བརྙན་གཏོང་གཉིས་ཀྱི་ནུས་པ་གཅིག་ལྕོགས་སུ་ཁུར་ཡོད་པའི་འཕྲུལ་ཆས་འཁོབས་ཏོ་དེ་བཀོལ་ནས། 《མེ་འཁོར་ས་ཚིགས་སུ་ཐོན་པ》(《火车到站》)ཞེས་པའི་རྒྱུན་མར་འགུལ་ཐུབ་ལ་དོན་གྱི་བྱུང་རིམ་ཡང་གསལ་བའི་རི་མོ་སྐོར་ཚན་ཞིག་བསྟན། དེས་ནི་འཛམ་བུ་གླིང་གི“གློག་བརྙན”ཞེས་པའི་རླབས་ཆེ་བའི་རིག་གནས་ལོ་རྒྱུས་གསར་བ་དེའི་སྒོ་འཕར་ཁུ་སིམ་མེར་ཕྱེ་སོང་བ་རེད། 

       དེ་ལྟར་གཟུགས་རིས་དཀར་ནག་འགུལ་མྱུག་གི་མཐོང་ཚོར་རྐྱང་བ་ནས་སྐད་སྒྲ་ཡང་ཕྱིར་འབྱིན་རྒྱུ་ཡོད་པའི་ཐོས་ཚོར་ལོངས་སྤྱོད་ཀྱི་ཁ་གསབ། དེ་བས་ཀྱང་བརྙན་ངོས་སུ་ཚོན་མདངས་ཀྱང་བསྒོས་ཏེ་མཐོང་སྣང་ཧྲིལ་བོ་དངོས་ཡོད་འཇིག་རྟེན་བཞིན་བསླངས་གཟུགས་མདོག་ལྡན་དུ་ཐོན་དུ་བཅུག་པ། སྒྲུང་གཏམ་རྗོད་སྟངས་ཀྱང་ཕྱིའི་ཟློས་གར་གྱི་སྟབས་བདེའི་འགུལ་སྟངས་ནས་ནང་མི་སྣའི་གཤིས་ཀའི་བརྐོ་བཟོ། དེ་ནས་ཀྱང་བདེན་རྫུན་དང་དཀར་ནག་གི་དབྱེ་ཐིག་མི་གསལ་བའི་མི་གཤིས་ཀྱི་ཉོག་དྲ་སྔོག་སེལ་དང་མིའི་སེམས་ཁམས་ཀྱི་གསང་རྒྱར་རྟོག་འཇུག་བྱེད་པ། ད་དུང་མོན་ཐེ་ཆུ(蒙太奇)སྐད་པའི་བྱེད་ཐབས་གཏམ་རྒྱུད་འཆད་སྟངས་སོགས་བཀོལ་ནས། རྩོམ་རིག་སོགས་རིག་གནས་ཁྱབ་ཁོངས་གཞན་པས་ཚབ་བྱེད་མི་ནུས་ལ་མཚོན་མི་ཐུབ་པའི“གློག་བརྙན”སྐད་པའི་རིག་གནས་རྣམ་པ་དེ། ཚད་བཀག་ཡོད་པའི་བར་སྣང་དང་དུས་ཚོད་ཀྱི་གླགས་ནས། ཉིན་ལྟར་འབོར་གྱིན་ཡོད་པའི་མིའི་འཚོ་བ“བསྐྱར་མཚོན”དང་ལོ་རྒྱུས་ཀྱི་ཚེ་སྲོག“སླར་གསོ།” ད་དུང་འབྱུང་འགྱུར་ལ་ལུང་ཚིག་སྤྲོ་བ་སོགས་བཅས་བྱས་ཏེ་དེང་རབས་མིའི་དགའ་སྐྱོ་ཆགས་སྡང་མཚོན་པའི་འཚོ་བའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཏེ་ཡོད་པ་རེད།

       གོང་གི་གླེང་སློང་སྟབས་བདེ་དེས་འདྲེན་འདོད་པ་ནི་རང་གིས་བལྟས་མྱོང་བའི་གློག་བརྙན་ཞིག་ཀློག་གྲོགས་ཚོར་འོས་སྦྱོར་བྱེད་འདོད་པ་དེ་ཡིན། 额无法.jpgགློག་བརྙན་དེའི་མིང་ལ《ལྷམ་ཆུང》(《小鞋子》)ཟེར། མིང་གཞན་དུ《ལྷ་ཡུལ་གྱི་བྱིས་པ》(《天国的孩子》)ཡང་ཟེར།

       ནད་ག་གེ་མོ་ཞིག་གི་རྐྱེན་གྱིས། བྱིས་པའི་དུས་སུ་ཕ་མ་གཉིས་ཀྱི“ལྐོག་གཡོའི”འོག་སྡེ་བའི་སྨན་རྒན་སྨ་ར་ཟེར་བ་དེས་ངའི་ཚང་རའི་སྟེང་དུ་མེ་བཙའ་སྤྲ་རྡོག་ཅིག་དུ་བ་སྔོ་ལིང་ངེར་བསྒྲོན་མྱོང་། མི་ལོ་སུམ་ཅུ་ཙམ་འདས་ཟིན་རུང་ཞོགས་པ་དེ་ད་དུང་ངའི་གན་ན་ཡོད་ཡོད་འདྲ། སྨན་རྒན་སྨ་རའི་པྲ་ཚག་གི་སྨ་ར་དཀར་པོ་དེ་ཡང་། དགུན་ཁའི་ཞོགས་པ་དེའི་སྦྲ་ནག་གི་གྲུ་ཧྲག་ནས་ཁྱིམ་དུ་འཐེན་ཡོད་པའི་འོ་ཟི་ཁྲོད་ཀྱི་རྡུལ་ཟེགས་ལང་ལོང་ན་ད་དུང་གཡོ་ཡིན་འདུག ད་ལྟ་མིག་བཙུམས་ཏེ་ལག་པ་ཕར་བསྲིངས་པ་ཙམ་གྱིས་འཇམ་ཉུག་ཉུག་རེག་རེག་བྱ་རྒྱུ་ཡོད་ཡོད་འདྲ། རྗེས་སོར་ངའི་ནད་དྲག་སོང་། འོན་ཏེ་ན་ཟུག་ལས་ཐོན་པའི་སྡང་སེམས་ཀྱི་ཁྲོད་ན“མེ་བཙའི་ཞོགས་པ”དེར་ད་དུང་བརྗོད་མི་ནུས་པའི་དྲན་ཤིང་མཆི་མ་འཁྱིལ་ལེ་བ་ཞིག་ལུས་ཏེ་ཡོད། དེ་ནི་ཅི་ཞིག་ཡིན་ནམ།   

       མ་གཞིར་མི་ཞིག་འཇིག་རྟེན་འདི་རུ་གསོན་ཞིང་འཚོས་ཏེ་ཡོད་པ་ར་སྤྲད་དགོས་ན། ཤ་དང་རུས་པའི་གསེང་ལ་ཙག་འགྱུ་སྟེར་བའི་ཟུག་གཟེར་ཞིག་འཁོར་དུ་འཇུག་རྒྱུ་ནི། ཆེས་སྟབས་བདེ་དང་ཆེས་བེད་གོ་ཆོད་པའི་གནའ་བོའི་ཐབས་མཆོག་ཅིག་ཡིན་ནམ། ཡིན་པ་འདྲ། 

      ངས་བཤད་འདོད་པ་ནི་དབྱི་ལང་གི་གློག་བརྙན་འཁྲབ་འཁྲིད་པ་མ་ཅི་ཏུས(马基德·马基迪Majid·Majidi 1959---)འཁྲབ་འཁྲིད་བྱས་ལ། སྤྱི་ལོ1998ལོར་ཨོ་སི་ཁའི་ཆེས་ཕུལ་བྱུང་གི་ཕྱི་སྐད་གློག་བརྙན་བྱ་དགར་མིང་ཐོན་བྱུང་བའི་དབྱི་ལང་གི་གློག་བརྙན་ཐོག་མ《ལྷམ་ཆུང》ངམ《ལྷ་ཡུལ་གྱི་བྱིས་པ》ཟེར་བ་དེས། ང་ལ་མི་ལོ་སུམ་ཅུའི་ཡར་སྔོན་གྱི“མེ་བཙའི་ཞོགས་པ”ལྟ་བུའི་བག་ཆགས་གཟེར་བྲང་ངེ་བ་ཞིག་བཞག་སོང་ཟེར་བ་དེ་ཡིན། 

       གློག་བརྙན་ནང་གི་གཏམ་རྒྱུད་ནི་དབྱི་ལང་གི་གྲོང་རྡལ་ཆུང་ཆུང་ཞིག་ནས་བྱུང་བ་རེད། དེ་ཡང་སྟབས་ཉེས་ཏེ། སྲིང་མོ་ཡི་ལྷམ་ཆུང་རལ་བོ་དེ་འཚེམ་བཟོ་པར་བཙེམ་དུ་བཅུག་སྟེ་ཕྱིར་ཁྱེར་ཡོང་བའི་ལམ་ནས་བོར་སོང་བས། ཕུ་བོས་ཨ་ཕས་སྡིག་ཡོང་བར་སྐྲག་སྟེ་གྲོས་མགོ་བཏོན་ཅིང་དོན་དེ་ཡུལ་ལ་གསང་ནས་མིང་སྲིང་གཉིས་ཀས་ཁོའི་ལྷམ་ཆུང་བརྗེ་རེས་ཀྱིས་གོན་ནས་སློབ་གྲྭར་འགྲོ་རྒྱུ་བྱས། 

       མིག་ཆུ་དྲོད་ལམ་ལམ་འཁྱིལ་བར་བྱེད་པའི་བྱིས་པ་གཉིས་ཀྱི་དཀའ་ཚེགས་དང་དྭངས་གཙང་གི་འཚོ་བ་དུམ་བུ་ཞིག་ཀྱང་དེ་ལྟར་ཁུ་སིམ་མེར་མགོ་བརྩམས་པ་རེད།

       དེ་ནི་གྲོང་རྡལ་སྐྱ་བོ་འདིའི་ཚེ་སྲོག་གི་འཚོ་བཅུད་དང་གསོན་ཤུགས་གཞན་ཞིག་ཡིན་ནམ། དེ་ནི་མི་ཡི་བརྩེ་དུངས་ཀྱི་བཞུ་སྦྱངས་དང་སྤོབས་པ་བརྐོ་བཟོ་བྱས་པ་གཞན་ཞིག་མིན་ནམ། 

                                                                                  གོམ་སྒྲ་ཐག་ཐག

       “འགྲོ་འདོད་པའི་རྟ་ཕོ་ང་ལ་མེད། ། རྐང་ལྷམ་ཆུང་གོན་ན་རྟ་ཕོ་རེད།།” བོད་དམངས་ཁྲོད་ཀྱི་གླུ་དབྱངས་དེས་སྔོན་ཆད་རི་སིལ་དམར་ཆུང་དོག་པ་ཞིག་དང་འདྲ་བར་ངའི་སེམས་པའི་ངོས་སུ་སྐྱུར་རྩི་ཡང་ཡང་བྱུགས་མྱོང་། འོན་ཏེ་རྟ་ཕོ་ལྟ་ཞོག་ཐ་ན་རྐང་ལྷམ་ཆུང་ཙམ་ཡང་མེད་དུས། འགྲོ་འདོད་རུང་གོམ་པ་རྡོ་ལ་ཐོགས་པ་མ་ཡིན་ནམ། འོན་ཏེ་གློག་བརྙན་དེ་ན་ཏག་ཏག་ལ་རྐང་ལྷམ་ཆུང་ཟུང་གིས་ས་གཞིའི་ངོས་སུ་རྡུལ་ཕྲན་སློང་གིན་འདུག འཚོ་བའི་སྒོ་དང་སྒེའུ་ཁུང་རྡུང་གིན་འདུག དེ་བས་ཀྱང་སེམས་དང་སེམས་ཀྱི་བར་ཐག་སྟུང་གིན་འདུག དེ་ནི་གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་ཕུ་བོ་ཨ་ལེ་དང་ཁོའི་སྲིང་ཆུང་མ་སཱ་ལ་གཉིས་ཀྱི་གོམ་སྒྲ་རེད། གོམ་སྒྲ་དེ་ངའི་རྣ་ལམ་དུ་ད་དུང་ཡང་མི་ཡལ་གྱི། ཉོན་དང་་་་་་་་་་

       དུས་ཚོད་ཀྱི་སྔོན་དུ་དེ་ལྟར་རྟིག་རྟིག་གྲག་གིན་ཡོད་པའི་གོམ་སྒྲ་དེ་ནི་གློག་བརྙན་དེའི་མདུན་ལྗོངས་ཚོན་མདངས་ཤིག་གི་འགུལ་མྱུག་འདྲ་ལ་རྒྱབ་ལྗོངས་རོལ་མོ་ཞིག་གི་མཚམས་ཚིགས་འགྲོས་དང་ཡང་འདྲ། དཔེ་ཁུག་ལག་ཏུ་བཟུང་ཞིང་ལྷམ་ཀྲད་རྙིང་རལ་ཆ་ཞིག་རྐང་བར་གྱོན་ཡོད་པའི་ཕུ་བོ་ཨ་ལེས་སྲང་མདོ་ན་མགོ་བོ་ཀྲོག་ཀྲོག་ངང་སྲིང་མོ་མགྱོགས་པོར་ཐོན་ཡོང་བར་ཚུབ་ཆའི་ངང་བསྒུགས་ཏེ་ཡོད་པས། 2342.jpgསྲིང་མོ་སཱ་ལ་ཡང་སློབ་གྲྭ་གྲོལ་མ་ཐག་གོམ་སྒྲ་ཐག་ཐག་དབུགས་ཐེངས་གཅིག་གིས་ཕྱིར་ཡུལ་དུ་རྒྱུག་དགོས། ལྷམ་བརྗེ་རེས་བྱས་རྗེས་ཕུ་བོ་ཡང་གོམ་སྒྲ་ཐག་ཐག་དབུགས་ཐེངས་གཅིག་གིས་སློབ་གྲྭ་རུ་རྒྱུག་དགོས། དེ་ལྟར་བྱིས་པ་ཞིག་གིས་ནུས་ཤུགས་གང་ཡོད་བཏོན་ནས་གོམ་སྒྲ་ཐག་ཐག་སློབ་གྲྭའི་ཕྱོགས་སུ་ཇི་ལྟ་བརྒྱུགས་རུང་ཕུ་བོ་ཨ་ལེ་རྒྱུན་པར་སློབ་ཁྲིད་ཀྱི་རྗེས་སུ་ལུས་ཀྱིན་ཡོད། རེབ་ཅིག་དོན་དེ་སློབ་གཙོས་ཤེས་ཏེ་རྒྱུ་མཚན་གང་ཡང་འདྲི་རྟོག་མ་བྱས་པར་ཁོ་ཅུང་ཙམ་མིན་ན་སློབ་གྲྭ་ནས་བསྐྲད་པར་གྱུར། འོན་ཏེ་མིང་སྲིང་གཉིས་ད་དུང་ལོ་ན་ཤིན་ཏུ་ཆུང་རུང་འཚོ་བའི་དཀའ་ཚེགས་ལ་ལྟོས་བཅས་ཀྱི་གོ་བ་དང་ཉམས་མྱོང་ཟབ་ཙམ་ཡོད་པས། སློབ་སྦྱོང་ལ་ཡང་དེ་ལྟར་འབད་མཁན་ཡིན་ལ་རྒྱུན་པར་དགེ་རྒན་གྱི་བསྟོད་བསྔགས་ཀྱང་འཐོབ་ཀྱིན་ཡོད། ཐེངས་དེར་ཡང་དགེ་རྒན་གྱིས་སློབ་གཙོ་ལ་ངོ་ཆེན་བསླངས་པའི་དྲིན་གྱིས་ཨ་ལེའི་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་མ་ཤོར་པ་རེད།

        མཐའ་མཇུག་གི་གོམ་སྒྲ་ཐག་ཐག་དེ་ནི་ཉིན་རྒྱུན་བཞིན་སློབ་གྲྭ་དང་ཁྱིམ་གྱི་ལམ་བར་ནས་གྲག་འོངས་པ་མ་རེད། དེ་ནི་རྩལ་སྦྱོམ་ར་བའི་རྒྱུག་ར་ནས་གྲག་ཡོང་བ་རེད། དེ་ཡང་ཨ་ལེས་སློབ་གྲྭའི་ལུས་རྩལ་འགྲན་བསྡུར་གྱི་བརྡ་ཁྱབ་ལས་རྒྱུག་འགྲན་གྱི་ཨང་གསུམ་པར་ལྷམ་ཆ་གཅིག་གི་བྱ་དགའ་ཡོད་པ་མཐོང་མ་ཐག་སྲིང་མོ་ལ་ལྷམ་མེད་པ་དྲན་ལ། མིང་སྲིང་གཉིས་ཀྱིས་གོན་རེས་བྱས་ཏེ་སློབ་གྲྭར་རྒྱུག་དགོས་པའི་ལྷམ་ཆུང་དེར་སེར་སྣ་ཡོང་སྟེ་དུས་རྒྱུན་རྐང་རྩེད་སྤོ་ལོ་ཡང་རྩེ་མི་ཕོད་རུང་། སྲིང་མོར་བྱ་དགའི་ལྷམ་དེ་རེག་ཆེད། རྒྱུག་འགྲན་གྱི་མིང་ཐོ་སྔ་ས་ནས་བཀོད་ཟིན་རུང་ཕུ་བོ་ཨ་ལེས་ཨུ་ཚུགས་དང་མཆི་མ་མཉམ་དུ་འདོན་བཞིན་དགེ་རྒན་ལ་ཞུ་བ་བྱས་ཏེ་མཐར་རྒྱུག་འགྲན་ལ་ཞུགས་ཐུབ་སོང་། འདི་ན་ནང་དོན་གལ་ཆེན་ཞིག་ཡོད། དེ་ནི་ཕུ་བོ་ཨ་ལེས་སྲིང་ཆུང་མ་སཱ་ལ་ལ་ལྷམ་ཆུང་ཞིག་ཆད་ཡོད་པ་ལས་ཐོན་པའི་ནོངས་སེམས་དང་འགྱོད་བཤགས་ཀྱི་ཀུན་སློང་དྭངས་གཙང་གཙང་བ་དེ་རེད། དེ་ལྟའི་ཡིད་ཀྱི་ཞིང་ས་ནས་འབུས་འོང་བའི་མི་གཤིས་ཀྱི་མྱུ་གུ་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་ཨང་། 

       གཤམ་ནས་མིང་སྲིང་གཉིས་ཀྱིས་ཐེངས་དེའི་རྒྱུག་འགྲན་གྱི་དོན་དེའི་སྐོར་ལ་ཁ་བརྡ་བྱས་པའི་འཁྲབ་ཚིག་ཚན་པ་ཞིག་དགོད་པར་བྱའོ།།

       ཕུ་བོ། (དུས་རྒྱུན་སྐྱོ་ཤས་ཕྲན་བུ་མངོན་པའི་གདོང་ལ་སླད་མེད་པའི་འཛུམ་མདངས་འཕྲོ་བཞིན) ངས་ད་ཐེངས་རྒྱུག་འགྲན་གྱི་ཨང་གསུམ་པ་བླངས་ཏེ་བྱ་དགའི་ལྷམ་དེ་ཁྱོད་ལ་སྟེར་རྒྱུ་ཡིན། 

       སྲིང་མོ།(ཅུང་ཡིད་མི་ཆེས་པའི་ཉམས་ཀྱིས་མིག་ཟུང་ཁྲ་སྒོར་སྒོར) ཁྱོད་ཀྱིས་ལོན་ནམ། 

       ཕུ་བོ། (མིག་མདངས་ལ་ཡིད་ཆེས་ཀྱི་འོད་སྣང་འཚེར་གྱིན) ཅིས་ཀྱང་ལེན་རྒྱུ་ཡིན། ལོན་ཁོ་ཐག་ཡིན། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱས་ཆོག 

       སྲིང་མོ།  འོན་ཀྱང་ལྷམ་དེ་ཕོ་ལྷམ་ཡིན་པར་མ་ཟད། ཆེ་དྲགས་པ་ཞིག་ཡིན་སྲིད།       

       ཕུ་བོ། དེར་ཅི་སྐྱོན། ངས་དེ་བུ་མོའི་ལྷམ་ཆུང་ཆུང་ཁྱོད་ཀྱིས་གོན་ན་རན་པ་ཞིག་ལ་བརྗེ་ཆོག 

       འཚོ་བའི་ཀུ་རེ་ནི་བོད་ཀྱི་མི་ལ་ཙི་ཙིའི་རྩེད་མོ་དང་འདྲ། ཏག་ཏག་ལ་ཨང་གསུམ་པར་དམིགས་ནས་གོམ་སྒྲ་ཐག་ཐག་ཚད་དང་རན་པར་བརྒྱུགས་རུང་མཇུག་མཐར་ཨང་དང་པོ་ཐོབ་སོང་། གསར་འགྱུར་འགོད་མཁན་གྱི་པར་ཆས་དང་དགེ་རྒན་ཚོའི་གཟེངས་བསྟོད་ཀྱི་སྔོན་ནས་ཅིས་ཀྱང་མགོ་བོ་ཡར་མི་ཁྱོགས་ལ། དེ་སྔའི་ཡིད་ཆེས་ཀྱི་འཛུམ་མདངས་དེ་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་བུ་ཆུང་ཨ་ལེའི་སེམས་ཀྱི་ཁ་མཚར་ནག་པོ་ཆུང་ཆུང་དེ་ཁོའི་སྲིང་ཆུང་མ་སཱ་ལ་ཡིས་མ་གཏོགས་སུ་ཞིག་གིས་རྟོགས་སྲིད། རྟོགས་མི་སྲིད། ཐ་ན་ཁོའི་ཕ་མ་གཉིས་ཀྱིས་ཀྱང་རྟོགས་མི་སྲིད། མི་ནི་འཇིག་རྟེན་འདི་ནས་ཅི་འདྲའི་ཁེར་རྐྱང་ཞིག་རེད་ཨང་། དེ་བས་ཀྱང་བྱིས་པ་ཞིག་གི་ཁེར་རྐྱང་ལས་མཐོང་བའི་འཇིག་རྟེན་ཁེར་རྐྱང་བ་དེ་ནི་འུ་ཚོས་དྲན་ཐུབ་ལ་རེག་མི་ཡོང་བའི་འཇིག་རྟེན་གཞན་ཞིག་ཡིན། ཡིད་དུ་འོང་བའི་ཁེར་རྐྱང་གི་འཇིག་རྟེན་གཞན་ཞིག་ཡིན། 

      ཉི་མ་རེ་རེར། གོམ་སྒྲ་ཐག་ཐག ལྷམ་ཆུང་ཆ་གཅིག་དེས་མིང་སྲིང་གཉིས་ཁུར་རེས་བྱེད་ཀྱིན་ཡུལ་དང་སློབ་གྲྭའི་བར་དུ་རྒྱུག་ཁ་གློད། གོམ་སྒྲ་ཐག་ཐག་དེ། སྲང་ལམ་དང་སྒོ་ཁྱིམ་ར་བའི་ཕྱི་ནང་ཀུན་ཏུ་གྲག་འོང་དུས། 阿斯蒂芬.jpgབུ་ཆུང་ཨ་ལེ་མིང་སྲིང་གཉིས་ཀྱིས་དཀའ་ཚེགས་ཀྱི་ལོ་ཟླ་དང་རྒྱུག་རྩལ་འགྲན་བཞིན་ཡོད་པ་རེད། ལྟོ་སྐྱ་གོས་ཧྲིལ་གྱི་འཚོ་བ་ངན་ངོན་དང་རྒྱུག་རྩལ་འགྲན་བཞིན་ཡོད་པ་རེད། དེ་བས་ཀྱང་གསེར་ལས་ལྷག་པའི་སློབ་སྦྱོང་གི་དུས་ཚོད་དང་རྒྱུག་རྩལ་འགྲན་གྱིན་ཡོད་པ་རེད། 

       དེ་དང་བསྡུར་ན་འུ་ཚོ་གྲོང་ཁྱེར་གྱི་ལས་བྱེད་དག་གི་བྱིས་པ་ཚོས་ཉིན་རྒྱུན“MP4”རོལ་དབྱངས་ལ་ཉན་བཞིན་དང་།  “EVE”གློག་རྡུལ་རོལ་རྩེད་རྩེ་བཞིན་སློབ་སྦྱོང་བྱེད་པའི་ཁུལ་སྟོན་པ་དེ་ལ་ད་དུང་མི་འདང་ས་ཞིག་ཡོད་ཡོད་འདྲ་བའི་སྣང་བ་ཤར་ཡོང་། དེ་ནི་ཅི་ཞིག་ཡིན་ནམ། འུ་ཚོ་མི་རྒན་ཚོས་ཀྱང་ཇ་ཁང་ཆང་ཁང་ནས་སྟོང་ལབ་ཀྱི་ཁ་ཐར་བཅད་དེ། ཤགས་འཐབ་རྒྱ་ཡན་དུ་གློད་དེ། རྩོམ་རིག་འཆད་ཁུལ་དང་བསམ་བློ་གླེང་ཁུལ་བྱེད་པ་དེ་ཡང་བར་སྣང་ན་འཁུར་གྱིན་ཡོད་པའི་ཤོག་ལྷེ་སྟོང་བ་ཞིག་དང་ཡང་འདྲ་ཨང་། དེ་ནི་ཅིའི་ཕྱིར་ཡིན་ནམ།

       མདོར་ན་འུ་ཚོའི་འཚོ་བ་ལ་ཤ་སྐྱི་ཡོད་དམ། འུ་ཚོའི་འཚོ་བའི་ཤ་སྐྱི་ལ་ཤེས་ཚོར་ཡོད་དམ། འུ་ཚོའི་འཚོ་བའི་ཤ་སྐྱིའི་ཤེས་ཚོར་གྱི་ངོས་སུ་ཤ་དང་རུས་པའི་གསེང་དུ་ཟུག་གཟེར་སྟེར་བའི་མེ་བཙའ་འབབ་མྱོང་ཡོད་དམ།

       ངས་རྒྱང་རིང་དབྱི་ལང་གི་མིང་མི་ཐོགས་པའི་གྲོང་རྡལ་སྐྱ་བོ་དེའི་བུ་ཆུང་ཨ་ལེ་མིང་སྲིང་གཉིས་ཀྱི་ཐག་ཐག་གི་གོམ་སྒྲར་ཉན་གྱིན། “ང་ཚད་མེད་པའི་སྐྱོ་སུན་ཁྲོད་ནས་བདེ་སྐྱིད་ཀྱིས་ངུ་ཡིན་ཡོད། འཚོ་བ་ནི་ང་ལ་མཚོན་ན་ལྷོད་བག་ཡིན་ལ་དཀའ་ཚེགས་ཀྱང་ཡིན” (  དུས་རབས་པའི་ཧྥ་རན་སེའི་སྙན་ངག་པ་ལི་ཝེ་སི·ལ་པེའི་ཚིག  )  ཅེས་པའི་ལྗིད་ཏིག་ཏིག་གི་སྐད་སྒྲ་དེ་ཐོས་ཡོང་། 

                                                                      ལྷམ་གྱི་ཀུ་རེ། 

        གློག་བརྙན་དེ་ནི་ལྷམ་དང་བདག་པོ་ཆུང་ཆུང་གཉིས་ཀྱི་བར་ནས་བྱུང་བའི་ཀུ་རེ་འདྲེས་མའི་རྩེད་མོ་ཞིག་དང་འདྲ། དེ་ལྟར་ཨ་ལེ་མིང་སྲིང་གཉིས་དང་འབྲེལ་བ་ཡོད་པའི་ལྷམ་ཆུང་གསུམ་གྱི་ཀུ་རེ་ལྟ་བུའི་གཏམ་རྒྱུད་ལས། འཚོ་བའི་ཟབ་ས་དང་སེམས་ཀྱི་གཏིང་ས་ནས་མི་རྣམས་ལ་དྲི་བ་ཅི་ཞིག་བཏོན་ཡོད་པ་འདྲ། ཡང་ན་ཨ་ལན་ཅི་ཞིག་བཏབ་ཡོད་པ་འདྲ། དེ་ནི་མ་གཞི་ཅི་ཞིག་ཡིན་ནམ། 

                                                                                  ལྷམ་ཆུང་གློ་ཁ་མའི་ཀུ་རེ། 

       《གསེར་རྐོན་ཟིན་ཐོའི》《淘金记》ནང་གི་ཁྲབ་ལིན(卓别林Chaplin1889--1977) གྱི་སྡེར་མའི་ནང་བཅུད་འཛོམས་ལ་ཞིམ་མངར་ལྡན་པའི་ཀོ་ལྷམ་དེ་དང་གཏན་ནས་མི་འདྲ་བར། བུ་ཆུང་ཨ་ལེ་མིང་སྲིང་གཉིས་ཀྱི་ལྷམ་ཆུང་དེ་ཚོས་བདག་པོ་ཆུང་ཆུང་གཉིས་ལ་ནམ་རྒྱུན་པྲ་ཚག་གི་ཀུ་རེ་སྣ་ཚོགས་རྩེ་བཞིན་ཡོད་པ་རེད། དེ་ནི་བྱིས་པ་དེ་གཉིས་ཀྱི་མི་ཚེའི་གཤིས་ཀའི་ཁྲོད་ཀྱི་སྤོབས་པ་ལ་སྦྱོང་བརྡར་བྱེད་པའི་སློབ་ཁྲིད་ཅིག་དང་འདྲ། སློབ་ཁྲིད་དེའི་དགེ་རྒན་ནི་འཚོ་བ་ཞེས་པའི་དཀའ་ཚེགས་ཀྱི་ཐ་སྙད་དེ་མ་ཡིན་ནམ།

       ལྷམ་འཚེམ་རྒན་པོས་ངལ་རྩོལ་པའི་རྩོམ་ཧྲག་ཧྲག་གི་ལག་པ་སེར་ག་ཅན་དེ་གཉིས་ལ་བརྟེན་ཏེ། བྱང་ཆ་དོད་པོའི་ངང་སྦྱར་བཟོ་དང་ཞིག་གསོ་བྱས་ཡོད་པའི་སྲིང་མོའི་ལྷམ་ཆུང་གློ་ཁ་མ་དེ་ཚོད་ཁང་གི་སྒོ་སྟེགས་སུ་བཞག་སྟེ་ཕུ་བོ་ཨ་ལེ་ཚོད་ཁང་གི་སྦུག་ཏུ་འཛུལ་ནས་ཚོད་མ་ཉོ་བཞིན་འདུག ཏག་ཏག་ལ་བར་གླགས་དེར། ཚོད་ཁང་དེའི་སྒོ་འགྲམ་བརྒྱུད་དེ་འགྲོ་བའི་གད་སྙིགས་སུ་འཁྲུལ་ཏེ་འཁོར་ལོར་བཞག་ཏེ་དྲུད་སོང་། དེ་ནི་བྱིས་པ་ཚོ་དང་ཆེས་རྩེད་རྒྱུར་དགའ་བའི་གབ་སྦེད་ཀྱི་རྩེད་མོ་དེ་རེད། 

       རྗེས་སུ་སྟེས་དབང་གིས་སྲིང་མོས་རང་གི་ལྷམ་ཆུང་གློ་ཁ་མ་དེ་སློབ་གྲོགས་བུ་མོ་ཞིག་གིས་གྱོན་ཡོད་པ་མཐོང་སྟེ་ཕུ་བོ་དང་མཉམ་དུ་མོའི་ཕྱི་རྗེས་དེད་དེ་ཕྱིན། འོན་ཏེ་བུ་མོ་དེ་ནི་ཏག་ཏག་ལ་ལོང་པ་གད་སྙིགས་འཐུ་མཁན་དེའི་བུ་མོ་ཡིན་འདུག ད་དུང་ཡང་བུ་མོ་དེ་ཏག་ཏག་ལ་ཡར་སྔོན་གྱི་ཉིན་ཞིག་ལ་མོ་ཉིན་རྒྱུན་བཞིན་སློབ་གྲྭ་གྲོལ་མ་ཐག་ཡུལ་དུ་རྒྱུག་ཁ་གློད་སྐབས་དཔེ་ཁུག་ནས་སར་ལྷུང་བའི་ཞ་སྨྱུག་རྙེད་དེ་མ་སྦས་པར་ཕྱིར་སྤྲོད་མཁན་གྱི་བུ་མོ་དེ་ཡིན་འདུག སྐབས་དེར་མིང་སྲིང་གཉིས་མིའི་བག་ལ་ཞ་སྟེ་ཡོད་པའི་དྲིན་དུ་གཟོ་བའི་སེམས་ཤེས་ཆུང་ཆུང་དེས་ཕྱིར་ནུར་བྱེད་དུ་བཅུག་སོང་།  

                                                                   རས་ལྷམ་དཀར་པོའི་ཀུ་རེ། 

      ཉིན་ཞིག ཕུ་བོ་སློབ་ཐུན་གྱི་རྗེས་སུ་མི་ལུས་པའི་ཕྱིར་སཱ་ལ་སྔོན་ལྟར་དབུགས་ཧལ་ཧལ་གོམ་པ་ཐག་ཐག་ཕྱིར་ཡུལ་དུ་བརྒྱུགས། ཏག་ཏག་ལ་རྐ་ཁ་ཞིག་ནས་མཆོང་སྐབས་ཆེ་དྲགས་པའི་རས་ལྷམ་དེ་རྐང་བ་ནས་ལྷུང་སྟེ་རྐ་ཆུས་ཁྱེར་སོང་། ལྟོས་དང་། 随碟附送.jpgམོ་ཇི་ལྟར་རྒྱུག་ན་ལྷམ་ཆུང་དེ་ཡང་མོ་ལ་པྲ་ཆལ་སློང་བ་ལྟར་གྲུ་ཆུང་ཞིག་དང་འདྲ་བར་དེ་ལྟར་དགའ་སྤྲོའི་ངང་ཆུ་ཁར་གཡེངས་ནས་སྔོན་དུ་རྒྱུག་གིན་འདུག དེ་ནི་བྱིས་པ་ཚོས་བདའ་རེས་བྱས་ཏེ་རྩེ་བའི་རྩེད་མོ་དེ་རེད། ངོ་མ་བསམ་བཞིན་ལྟར་ལྷམ་ཡ་དེ་སོང་སོང་ནས་རྡོ་ཟམ་ཆུང་བ་ཞིག་གི་ཞབས་ལ་ཡིབས་ཏེ་ཕྱིར་བུད་མ་བྱུང་། ཕུ་བོས་རང་གི་ལྷམ་འབོར་དུ་བཅུག་པའི་འཁང་སེམས་དང་། ད་དུང་རང་ཉིད་དུས་ལྟར་མ་ཐོན་ན་ཕུ་བོ་སློབ་ཁྲིད་ཀྱི་རྗེས་སུ་ལུས་འགྲོ་བའི་ཚུབ་ཆས། སཱ་ལའི་མིག་ཆུ་རང་དབང་མེད་པར་མཁུར་འགྲམ་ནས་གྲིལ་འོང་དུས། ཡང་མི་གཞན་གྱི་རོགས་རམ་འོག་རློན་ནག་ལྕི་བ་ལྟ་བུར་གྱུར་ཡོད་པའི་ལྷམ་ཡ་པྲ་ཚག་དེ་ཡང་བསྐྱར་མིང་སྲིང་གཉིས་ཀྱི་རྐང་མགོར་ཐོན་འོང་། 

                                                                    བྱ་དགའི་ལྷམ་གྱི་ཀུ་རེ།

       སྲིང་མོའི་ལྷམ་བོར་པའི་འགྱོད་སེམས་དེ་ཨ་ལེའི་སེམས་ནས་ནམ་རྒྱུན་འབོར་གྱིན་མི་འདུག ཁོས་རང་གི་སློབ་འབྲས་ཀྱིས་ལོན་པའི་ཟླུམ་ཐིག་འབེབ་ཆས་དེ་ཡང་ཕངས་སེམས་མེད་པར་སྲིང་མོར་བྱིན་ཏེ་རང་གི“བྱས་ཉེས”ལ་འགྱོད་བཤགས་ཕྲན་བུ་བྱས། དེ་ལྟའི་འཚོ་བའི་ཆ་རྐྱེན་འོག་གི་སློབ་ཕྲུག་ཅིག་ལ་མཚོན་ན་ཟླུམ་ཐིག་འབེབ་ཆས་ཤིག་ཀྱང་རིན་ཐང་ཆེ་ལ་ཡིད་དུ་འོང་བའི་སློབ་སྦྱོང་ཡོ་བྱད་ཅིག་ཡིན་པ་སུས་མི་ཤེས། ད་དུང་ཕ་བུ་གཉིས་གཉིས་ཀས་གྲོང་ཁྱེར་གྱི་ཞོར་ལས་ནས་གླ་གངུལ་ཕྲན་བུ་ལོན་ཏེ་ཕྱིར་ཡུལ་དུ་ཡོང་བའི་ལམ་ཁར་ཡང་། ཨ་ལེས་དངུལ་དེ་ལས་ཐོག་མར་སྲིང་མོར་ལྷམ་ཆུང་ཞིག་ཉོ་དགོས་པའི་རེ་བ་བཏོན་པ་ལས། འུ་ཚོའི་བྱིས་པ་ཚོ་ཇི་བཞིན་ཐོག་མར་རང་ཉིད་མི་རྗེད་པར་ང་ལ་ཀན་དགོས་དང་འདི་དགོས་སོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་འདུག དེ་ལྟའི་ཕུ་བོ་ཞིག་ཡོད་ན་སྲིང་མོ་དེའི་སྐྱིད་ཨང་། མཆི་མ་ཁོར་རེར་ཐོན་དུ་འཇུག་པའི་བརྙན་ངོས་དེ་འདྲ་ནི་གློག་བརྙན་དེའི་སྲོག་ཤིང་གི་ངོས་ན་གང་སར་འོད་འཚེར་རེར་བསྟར་དུ་བརྒྱུས་ཡོད་པ་རེད། དེ་ལྟར་སྲིང་མོར་ལྷམ་ཞིག་འཐོབ་ཆེད་དུ་ཨ་ལེ་སློབ་གྲྭའི་རྒྱུག་རྩལ་འགྲན་སྡུར་དུ་ཞུགས། དེར་མ་ཟད་ཨང་དང་པོ་ལོན་བཞིན་དུ་བསམ་གཟས་ཏེ་བྱ་དགར་ལྷམ་ཆུང་ཞིག་ཡོད་པའི་ཨང་གསུམ་པར་དམིགས་ཏེ་བརྒྱུགས། འོན་ཀྱང་བྱིས་པ་ཚོས་དཔུང་འཐབ་ནས་མཇུག་མཐའི་ས་ཐིག་བརྒལ་དུས་ཅི་ཡིན་འདི་ཡིན་མ་ཤེས་པར་ཨ་ལེ་ལ་ཨང་དང་པོ་ཐོབ་སོང་། ད་དུང་དགེ་རྒན་གན་དུ་བསླེབས་དུས་ཐང་ནས་འགྲེ་ལྡོག་རྒྱག་གིན་དབུགས་ཀྱང་གཏོང་ལེན་བྱེད་ཐུབ་ཀྱིན་མེད་རུང་། ཨ་ལེས“ང་ཨང་གསུམ་པ་ཨེ་རེད”ཟེར། བྱིས་པ་གཞན་པ་ཞིག་ཡིན་ན་དགའ་ཐག་ཆོད་ཡིན་པའི་དོན་དེ་ཨ་ལེའི་མགོར་ཐོན་དུས་ཅིའི་ཕྱིར་སེམས་ཁུར་དང་སྡུག་བསྔལ་ཞིག་ཏུ་གྱུར་སོང་བ་རེད། 

        དེ་ལྟར་བྱ་དགའི་ལྷམ་དེས་ཀྱང་མིང་སྲིང་གཉིས་ལ་གབ་ཚིག་ལྟ་བུའི་ཀུ་རེ་ཞིག་བརྩེས་ཏེ་མི་སྣང་བར་གྱུར་སོང་། འོན་ཏེ་ཟུར་ངོས་གཞན་ཞིག་ནས་བལྟས་ན་བུ་ཆུང་ཨ་ལེའི་སྐྱོ་ཤས་དང་འགྱོད་གདུང་ཕྲན་བུ་དེས་ཨང་དང་པོའི་མཚན་སྙན་འོད་དུ་འཚེར་བ་དེ་ཡང་མདོག་འཆོར་དུ་བཅུག་སྟེ་མེད་པ་མིན་སྙམ། མི་རྣམས་ཀྱིས་མི་ཚེའི་ཁྲོད་ལས་ཀ་སྣ་ཚོགས་ཀྱི་ཁྱབ་ཁོངས་ནས་ལེན་དང་ལེན་བཞིན་པའི་བྱ་དགའ་ཆེ་མ་ཆུང་གསུམ་མི་ཉུང་བ་ཞིག་ཀྱང་དེ་ལྟ་བུའི་འཚོ་བའི་སྒྲོམ་གཞི་རུ་བཞག་སྟེ་བལྟས་ན། མི་སེམས་འགུལ་ཡོང་བའི་ཚེ་སྲོག་གི་དོན་སྙིང་རེ་རྙེད་ཐུབ་རྒྱུ་ཡོད་ཨང་། 

       ལར་གློག་བརྙན་དེས་རྗོད་བཞིན་པ་ནི་དཀའ་ཚེགས་ཀྱི་ལོ་ཟླའི་ཁྲོད་ཀྱི་བྱིས་པ་གཉིས་ཀྱི་སྐྱོ་ཤས་འདྲེས་པའི་གཏམ་རྒྱུད་ཡིན་རུང་། དེ་ལྟ་བུའི་ཀུ་རེ་འདྲེས་པའི་འཚོ་བའི་སྣང་ཚུལ་དག་བློ་བག་ཡངས་མོས་ངང་སྤྲོས་ཡོང་ན། གློག་བརྙན་ཧྲིལ་བོ་སྡུག་བསྔལ་གྱི་ལྗིད་དུ་མི་འབྱང་ལ་དེ་ལས་ལྡོག་སྟེ་རེ་བའི་དབྱངས་རྟ་དང་འདུན་པའི་སྐུལ་མ་ཡིས་ཁེངས་པར་བྱེད་པ་ཞིག་རེད། 

                                                                                   རྐང་བའི་ངལ་གསོ། 

      མཇུག་མཐའི་བརྙན་ངོས་དེ་བདག་གིས་ཅིས་ཀྱང་གླེང་ན་འདོད། ཉ་མོ་དམར་ཆུང་ཁྱུ་གཅིག་རྩེན་བཞིན་པའི་རྫིང་བུ་དེས། ཁུ་སིམ་མེར་ཉི་འོད་ཁྲོད་ཉལ་ཡོད་པའི་རྫིང་བུ་དེས། འཚོ་བའི་འཚིར་གནོན་གྱི་བར་གླགས་འཚོལ་གྱིན་ཨ་ལེ་མིང་སྲིང་གཉིས་ལ་བྱིས་དུས་ཀྱི་འགོག་ཏུ་མེད་པའི་དགའ་སྤྲོ་སྟེར་མྱོང་། རེབ་ཅིག་མིང་སྲིང་གཉིས་ཀྱིས་རྫིང་བུ་དེའི་ཁ་ནས་རས་ལྷམ་འཁྲུད་སྐབས་འདག་རྫས་ཀྱི་ཝུ་བ་གནམ་ལ་སྤུར་ཏེ་ཁོར་ཡུག་གི་ཡོད་ཚད་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་བསྒྱུར་མྱོང་། 阿道夫高达.jpgའོད་ཀྲིག་ཀྲིག་གི་ཝུ་བ་དེ་དག རྨི་ལམ་གྱི་སྒྲོ་གཤོག་འདྲ་བའི་ཝུ་བ་དེ་དག འོད་ཁྱུག་ཁྱུག་གི་ཟངས་མའི་ཆུ་སྦུག་གི་ཕ་རོལ་ཏུ་འཕུར་གྱིན་ཡོད་དུས། ཨ་ལེ་མིང་སྲིང་གཉིས་ཀྱི་བྱིས་བློ་དྭངས་གཙང་གཙང་བ་དེ་ཡང་རླུང་བུ་འཇམ་པོས་བྱིལ་བྱིལ་བྱས་ན་ལུ་གུ་མེ་ཏོག་ལྟར་བཞད་ཀྱིན་མེད་དམ། 

       ད་དུང་ཨ་ལེས་ནམ་རྒྱུན་རྫིང་བུ་འདིའི་ཁ་ཡི་ཆུ་སྦུག་ཁ་ཚུར་གཅུས་ཏེ་སྐོམ་སེལ་གྱིན་གོམ་སྒྲ་ཐག་ཐག་གིས་བསྐྱུར་པའི་ངལ་དུབ་ཀྱང་སེལ་གྱིན་ཡོད། སྲིང་ཆུང་མ་སཱ་ལས་ཀྱང་ཉིན་རྒྱུན་ཁྱིམ་བདག་མ་ཆུང་ཆུང་ཞིག་དང་འདྲ་བར་རྫིང་བུ་དེའི་ཁ་ནས་དཀར་ཡོལ་སོགས་སྣོད་ཅ་འཁྲུད་བཞིན་དེ་ལ་རང་གི་ཚོད་ཀྱིས་རོགས་འདེགས་བྱེད་ཀྱིན་ཡོད། 

       གློག་བརྙན་གྱི་མཇུག་ཏུ། ཨ་ལེས་རྒྱུག་འགྲན་གྱི་ཨང་གསུམ་པར་ཆེད་དུ་དམིགས་ཀྱང་ལས་མི་འདོད་བཞིན་དུ་ཨང་དང་པོར་ཁེལ་སོང་བས་སྐྱོ་སྡུག་གིས་སྨྲ་བ་ཅི་ཡང་མེད་པར་ལྷས་ཁྱིམ་དུ་འཛུལ་ཡོང་། སྨྲ་བ་ཅི་ཡང་མེད་པར་རྫིང་བུ་དེའི་ཁར་བསྡད། སྨྲ་བ་ཅི་ཡང་མེད་པར་ཨང་གསུམ་པ་འཐོབ་ཕྱིར་རྒྱུག་རྩལ་སྦྱངས་ཏེ་ཆུ་བུར་གྱིས་སྒང་སྒང་དུ་གྱུར་པའི་རྐང་བ་ཆུང་ཆུང་དེ་གཉིས་ལྷམ་ཆུང་ལས་ཕྱིར་བླངས་ཏེ་རྐང་རྗེན་ལ་རྫིང་བུའི་ནང་དུ་ག་ལེར་བསྲིངས་སོང་། 

       ངལ་ཞིང་དུབ་པས་ལུས་སེམས་ཉོབ་པ་གསོ་ཕྱིར། ན་ཞིང་སྦྲིད་པའི་རྐང་བ་ཆུང་ཆུང་གཉིས། གོམ་སྒྲ་ཐག་ཐག་གློད་མ་མྱོང་བའི་རྐང་བ་ཆུང་ཆུང་དེ་གཉིས། སོས་དལ་ལ་ཕབ་ཅིང་བློ་བག་ལྷོད་ནས་ག་ལེར་རྫིང་བུ་དེའི་བསིལ་ཆུའི་ནང་དུ་བསྲིངས་དུས། ལྟ་མཁན་དག་གི་སེམས་ཀྱི་མིང་མི་ཐོགས་པའི་ཚ་ངར་དེ་ལ་ཡང་གྲིབ་བསིལ་གཞན་ཞིག་སྟེར་སྲིད། 

        བརྙན་ངོས་དེས་བདག་ལ་དྲིན་ལྡན་ཨ་མའི་མངལ་ཁྱིམ་གྱི་རྫིང་བུ་དེ་དྲན་དུ་བཅུག་ཡོད། བུ་ཆུང་ཨ་ལེའི་དལ་ཅག་གེར་སྡོད་པའི་རྐང་བ་ཆུང་ཆུང་གཉིས་དང་ཉ་མོ་དམར་ཆུང་དག་གི་ཁོམ་ལོང་མེད་པའི་པྲ་ཚག་གི་འཁྱུག་རྩེན་ཏེ། ཚེ་སྲོག་གི་གནས་སྐབས་ཀྱི་ངལ་གསོ་ཞིག་དང་འགོག་ཏུ་མེད་པའི་འཕེལ་སྟོབས་ཀྱི་ཡུལ་ཡིད་གཉིས་དེ་ལྟར་བརྟེན་ཅིང་འབྲེལ་བར་འཇུག་དོན་ནི། མིའི་རིགས་དང་མིའི་རིགས་བྱིངས་ཀྱི་རིག་པ་དང་དཔལ་ཡོན་ཀུན་གྱི་ཆུ་མགོ་སྟེ་མ་ཡུམ་ལགས་ཀྱི་བརྩེ་གདུང་ངམ་བྱམས་དུངས། ཡང་ན་མ་ཡུམ་ཞེས་པའི་རིག་གནས་བརྡ་ཆད་དེས་མཚོན་པའི་ཞི་བདེ་དང་ལྷག་མཐོང་གི་རིན་ཐང་མཐར་ཐུག་པ་དེ་ལྟ་མཁན་དག་ལ་མངོན་པར་མཚོན་འདོད་པ་ཡིན་ནམ། ཡང་ན་འདི་ནི་སོ་སོ་རང་གི་བག་ཆགས་ཤིག་ནས་འཕོས་པའི་མ་འོངས་འཚོ་བའི་ཕུགས་རེ་ཞིག་གམ། མི་ཚེའི་ཁུར་བོ་གནས་སྐབས་འབོག་སའི་གྲུ་ཁ་ཞིག་ལ་སྨོན་པ་ཁུ་སིམ་མེར་གླེང་བ་ཡིན་ནམ་་་་་་་་

དཔྱད་མཆན་ཡོད།