མི་ཉིད་ཀྱི་རྒྱུ་འབྲས་བློ་མིག ____ མེ་ལྕེ།

     


འདྲེན་ཚིག   མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་ནི་མུན་ནག་དང་སྒེར་གཅོད་ཀྱི་བྱེད་སྟངས་ལ་བལྟོས་ཏེ་བྱུང་བ་ཡིན། མུན་ནག་དང་སྒེར་གཅོད་ཀྱི་སྤྱི་ཚོགས་གང་དེ་ནི་མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་དང་བྲལ་བས་བྱུང་བ་ཡིན། རྒྱུ་འབྲས་བློ་མིག་དང་ལྡན་པའི་མི་བུ་དག་གིས་ནམ་ཞར་ཡང་མུན་ནག་དང་སྒེར་གཅོད་ཀྱི་གདོང་འབག་བཤུ་བཞིན་ཡོད། དེ་བས། མི་སྒེར་རེ་རེ་རྒྱུ་འབྲས་བློ་མིག་དང་ལྡན་པར་འཚོ་རྒྱུ་ནི་སྤྱི་ཚོགས་གང་དེ་ལེགས་ལམ་དུ་དཀྲི་བའི་ལམ་གྱི་རིམ་པ་གཙོ་བོ་ཡིན། ཡིན་ནའང་། མིའི་རིགས་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་སྟེང་དུ། མི་སྒེར་རེ་རེ་ཡོངས་སུ་རྒྱུ་འབྲས་བློ་མིག་དང་ལྡན་པར་གྱུར་བའི་དུས་སྐབས་ཤིག་ཧ་ལམ་བཙལ་འཚོལ་འབྱུང་དཀའ། དེའི་རྒྱུ་མཚན་ནི། ཇི་ལྟར་གལ་འགངས་ཆེ་བ་དག་དེ་ལྟར་སྲུང་དཀའ་ཞིང་། མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་ཀྱང་དེ་ལས་མ་འདས་སོ།། ལྐོག་ཉན་རླུང་འཚུབ་ཅེས་པའི་གློག་བརྙན་དེ་ལས། འུ་ཚོས་མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་དང་ལྡན་པའི་མི་བུ་དག་གི་ལས་དང་ལམ་མཐོང་འོང་ལ། ང་ཚོ་རང་གི་ལས་དང་ལམ་ཡང་མཐོང་ངོ།  ----- སྒྲིག་པ་པོས།


གཅིག

    མི་ལ་ལ་ཞིག་ནི་ནམ་ཡང་མི་གཞན་གྱི་འཚོ་བར་ཐེ་གཏོགས་བྱེད་པར་དགའ་ལ། མི་ལ་ལ་ཞིག་ནི་ནམ་ཡང་མི་བུ་གཞན་པའི་བྱ་སྤྱོད་ལྐོག་ཞུ་བྱེད་པར་སྤྲོ། ཡང་མི་ལ་ལ་ཞིག་གིས་མི་བུ་གཞན་གྱི་ཁེ་དབང་རྩིས་ཐང་རྡོག་ཐལ་དུ་གཏོང་བ་དེ་ནི་ནམ་ཡང་རང་ཉིད་ཀྱི"རྒྱལ་ཁ"ཞིག་ཏུ་རློམ་པ་དང་། མི་ལ་ལ་ཞིག་གིས་མི་བུ་ཕལ་བའི་གསང་བར་ལྐོག་ཉན་བྱེད་པ་དེ་ནི་ནམ་ཡང་རང་ཉིད་ཀྱི"བདེ་སྐྱིད"ཅིག་ཏུ་སྒོམ།

    དེ་ལྟ་བུའི་མི་ནི་འགྲོ་བ་མིའི་ལོ་རྒྱུས་ཐོག་མང་པོ་བྱུང་འདུག་པར་མ་ཟད། ད་ལྟའི་འཚོ་བའི་ཁྲོད་ནའང་རྒྱུན་པར་མཐོང་རྒྱུ་ཡོད་པ་རེད། 

    མི་བུ་ལ་ལ་ཞིག་གིས་ནམ་ཡང་རང་ཉིད་ཐེ་བའི་མི་བུ་ཕལ་བ་རྣམས་ཀྱི་འཚོ་བ་དང་ཚེ་སྲོག ཁེ་དབང་དང་རྩིས་ཐང་སོགས་ལ་གོང་བཀུར་དང་སྲུང་འཛིན་བླ་ལྷག་བྱེད་ཅིང་། ལྐོག་ཞུ་དང་ལྐོག་ཉན་དང་ལྐོག་གསོད་སོགས་མ་རུང་བའི་ལས་དག་ལ་དགག་རྒྱག་མཐིལ་ཕྱིན་མཛད་ནས་མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་དེ་དཔྲལ་བའི་མིག་ཟུང་བཞིན་དུ་སྲུང་བར་བྱེད།

    དེ་ལྟ་བུའི་མི་བུ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་ཤིན་ཏུ་ཉུང་ཉུང་ཡིན་པར་མ་ཟད། འུ་ཅག་གི་འཚོ་བའི་ཁྲོད་ནའང་ཧ་ཅང་དཀོན་ཞིང་ནམ་མཁའི་མེ་ཏོག་གི་དཔེ་བཞིན་ཡིན་པ་རེད། 


གཉིས།

­   སྐབས་དོན་དགུ་པའི་ཨོ་སི་ཁཱ(奥斯卡)གློག་བརྙན་གཟེངས་རྟགས་ཁྲོད་དུ་འཇར་མན་གྱི་གློག་བརྙན《ལྐོག་ཉན་རླུང་འཚུབ》 5398878.jpg(མིང་གཞན་ལ་《མི་གཞན་གྱི་འཚོ་བ》ཡང་ཟེར་ཞིང་རྒྱ་འགྱུར་དུ《窃听风暴》ཟེར།)ལ་ཆེས་ཕུལ་དུ་བྱུང་བའི་ཕྱི་སྐད་གློག་བརྙན་གྱི་གཟེངས་རྟགས་ཐོབ་པ་རེད། གཟེངས་རྟགས་དེ་མ་རག་པའི་ཡར་སྔོན་དུ། 2006ལོའི"འཇར་མན་གྱི་ཨོ་སི་ཁཱར"དུ་འབོད་པའི་རོ་ལ་གཟེངས་རྟགས(罗拉将)ཀྱི་ཁྲོད་དུ་ཆེས་ཕུལ་དུ་བྱུང་བའི་གློག་བརྙན་དང་། ཆེས་ཕུལ་དུ་བྱུང་བའི་འཁྲབ་གཞུང་། ཆེས་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ། ཆེས་ཕུལ་དུ་བྱུང་བའི་བརྙན་ཕབ་སོགས་ཀྱི་གཟེངས་རྟགས་བདུན་ཐོབ་འདུག དེས་མི་ཚད་ཡོ་རོབ་གླིང་གི་གློག་བརྙན་གཟེངས་རྟགས་ལས་ཀྱང་ཆེས་ཕུལ་དུ་བྱུང་བའི་གཟེངས་རྟགས་ཐོབ་འདུག་པ་རེད། འདི་ལྟའི་གཟེངས་རྟགས་གལ་བོ་ཆེ་མང་པོ་རག་མྱོང་བའི་གློག་བརྙན《ལྐོག་ཉན་རླུང་འཚུབ》ནི《ལེ་ཉིན། བདེ་མོ་བྱོས》དང་། 《བཙན་རྒྱལ་རྨེག་མེད་དུ་བཟོས་པ》སོགས་ཀྱི་གཞུག་ནས་ཡང་བསྐྱར་འཛམ་གླིང་ལ་གཡོ་སྐྱོམ་དྲག་པོ་ཐེབས་སུ་བཅུག་པའི་ཡོ་རོབ་གླིང་གི་གློག་བརྙན་ཞིག་ཡིན་པར་བཤད།

     གློག་བརྙན་དེའི་གཏམ་རྒྱུད་ཀྱི་བྱུང་རིམ་མདོར་བསྡུས་ནི་འདི་ལྟ་སྟེ། འཇར་མན་ཤར་མའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་གསང་བའི་ཉེན་རྟོག་པ་ཝེ་སི་ལི(维斯勒)ཡིས་ཐོག་མར་གོང་རིམ་གྱི་བཀའ་མངགས་ལྟར་ཟློས་གར་རྩོམ་མཁན་ཏི་ལེ་མན(德雷曼)བཟའ་ཟླ་གཉིས་ཀྱི་འཚོ་བར་ལྐོག་ཉན་བྱས་ཤིང་། བར་དུ་རང་འཁྲིའི་ལས་ཀྱི་ངོ་བོར་དོགས་སློང་དང་ཐེ་ཚོམ་སྐྱེས་ཏེ་མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་གི་མྱུ་གུ་འབུས་མགོ་བརྩམས་པ་དང་། མཐའ་མར་རང་ཉིད་ཀྱི་འོས་འགན་ལ་ངོ་ལོག་རྒྱབ་གཏོད་ཀྱིས་རང་གི་ལས་གནས་ཤོར་བའི་རིན་དོད་སྤྲད་ཅིང་། ལྐོག་ནས་ཉེན་ཁ་གང་མང་བརྒྱུད་དེ་རྩོམ་མཁན་ཏི་ལེ་མན་གནོད་འཚེ་རབ་དང་རིམ་པ་ལས་བསྐྱབས་པར་མ་ཟད་ད་དུང་སྲོག་ཉེན་ལས་ཐར་དུ་བཅུག་པའོ།། པོ་ལེན་བར་གྱང(柏林墙)རྨང་ནས་བཤིག་སྟེ་ལོ་ངོ་གཉིས་འགོར་བའི་རྗེས་ཀྱི་ཉིན་མོ་ཞིག་ལ་ཝེ་སི་ལི་ལམ་འགྲམ་གྱི་དཔེ་འཚོང་ཁང་ཞིག་བརྒྱུད་དེ་འགྲོ་བའི་སྐབས་སུ་དེ་རུང་རྩོམ་མཁན་ཏི་ལེ་མན་གྱི་དཔེ་དེབ་གསར་པའི་དྲིལ་སྒྲོག་རི་མོ་ཞིག་མཐོང་། ཁོ་ནང་དུ་སོང་སྟེ་དཔེ་དེབ་གསར་པ་དེ་ཕར་སློག་ཚུར་སློག་ཅིག་བྱས་རྗེས་དཔེ་དེབ་དེ་ཉོ་བའི་བརྡ་བསྟན་པ་ན། དཔེ་ཆ་འཚོང་མཁན་གྱིས་ཁོ་ལ་རིན་གོང་ག་ཚོད་ཡིན་པ་བཤད་རྗེས། "ཐུམ་རྒྱག་ཨེ་དགོས། མི་གཞན་ལ་ལེགས་སྐྱེས་སུ་འབུལ་རྩིས་ཡོད་དམ"ཞེས་དྲིས་པ་ན། ཁོས་ལན་དུ"འདི་ནི་ང་ལ་བྱིན་པ་རེད"ཅེས་ཐལ་བྱུང་། དེ་ནི་ཁོས་དཔེ་དེབ་དེའི་ཁ་ཕྱེ་མ་ཐག"སྐུ་ཞབསHGW XX/7ལ་ཕུལ་པ"ཞེས་པ་དེ་མཐོང་བས་སོ།། HGW XX/7ནི་པོ་ལེན་བར་གྱང་མ་བཤིག་པའི་ཡར་སྔོན་གྱི་འཇར་མན་ཤར་མའི་རྒྱལ་ཁབ་བདེ་འཇགས་ཅུས་སུ་ཡོད་པའི་ཝེ་སི་ལི་ཡི་གསང་བའི་མིང་ཚབ་ཡིན་པ་རེད།

གསུམ།

     གློག་བརྙན་འདིའི་ནང་དུ་སྐབས་ཐོག་དེའི་གཏུམ་དབང་རིང་ལུགས་དང་སྒེར་གཅོད་ཆབ་སྲིད་ཀྱི་ནག་ཉེས་དེ་གསལ་པོར་བསྟན་འདུག་ཅིང་། རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་གསང་བའི་ཉེན་རྟོག་པ་རེ་རེ་ནི་གདུག་རྩུབ་ཀྱི"འཕྲུལ་ཆས"དེའི"གཅུས་གཟེར"རེ་རེ་ཡིན་པ་རེད། "འཕྲུལ་ཆས"དེའི་བྱེད་ནུས་མ་ཤོར་བར་དུ"གཅུས་གཟེར"དེ་ནམ་ཡང་ཟོ་ཆུན་འཁོར་ལོ་བཞིན་དུ་འཁོར་དགོས་པ་དང་། ནམ་ཞིག"གཅུས་གཟེར"དེ་བཙའ་ཡིས་ཟིན་ཚེ་སླར་ཡང"གཅུས་གཟེར"གསར་པ་ཞིག་ལ་བརྗེ་འགྲོ་གི་རེད།

     འཇར་མན་ཤར་མའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འཇར་ཡིག་གི་བསྡུས་མིང་ལ"སི་ཐ་སི"(Stasi)ཟེར་ཞིང་། 1950ལོའི་ཟླ4པར་གསར་དུ་བཙུགས། "སི་ཐ་སི"ཡི་འགན་འཁུར་གཙོ་བོ་ནི་གཅིག་ནས་ནང་གི་མང་ཚོགས་ཀྱི་བྱ་སྤྱོད་ལ་ཉམས་ཞིབ་ཀྱིས་ངོ་རྒོལ་ཕྱོགས་ཁག་མེད་པར་བཟོས་ཏེ་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོབ་བྱེད་རྒྱུ་དང་། གཉིས་ནས་ཕྱིའི་གསང་འཕྲིན་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་འགན་ཕྲག་ཏུ་ལེན་པ་སྟེ། སྐབས་དེའི་སུའུ་ལེན་གྱི་གསང་འཕྲིན་རྩ་འཛུགས"ཁི་ཀོ་པོ"(克格勃)དང་མཉམ་འབྲེལ་གྱིས་འཇར་མན་ནུབ་མ་དང་ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསང་འཕྲིན་ལ་མྱུལ་ཞིབ་བྱེད་རྒྱུ་དེ་རེད།

     "སི་ཐ་སི"ནི་དུས་སྐབས་དེའི་འཛམ་གླིང་གི་ཆེས་ཆེ་ཞིང་ཆེས་ལེགས་འགྲུབ་བྱུང་བའི་གསང་བའི་ཉེན་རྟོག་པའི་ལས་ཁུངས་ཤིག་ཡིན་འདུག་ལ། དེའི་མ་དངུལ་ཡིན་ནའང་འདྲ། ལས་བྱེད་མི་སྣ་ཡིན་ནའང་འདྲ། སྒྲིག་ཆས་ཡིན་ནའང་འདྲ། ཕྱོགས་གང་ཐད་ནས་འཛམ་གླིང་གི་རྩེ་མོ་ཡིན་པར་བཤད། འཇར་མན་ཤར་མ་ལ་སྐབས་དེར་མི་འབོར་ཁྲི1800ཡོད་ཅིང་། དེ་ལས་མི་ཁྲི9.1གིས"སི་ཐ་སི"རུ་བྱ་བ་སྒྲུབ་ཀྱིན་ཡོད་འདུག དེ་ལྟར་ན་མི197གྱི་ཁྲོད་དུ་མི་གཅིག་གིས་ལས་ཁུངས་འདི་གར་གསང་བའི་ལས་སྒྲུབ་ཀྱིན་ཡོད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། "སི་ཐ་སི"ཡིས་མྱུལ་མ་ཁྲི30གླས་ཏེ་རྒྱལ་ཡོངས་ཀྱི་མི་ཁྲི1800ལས་ཁྲི600ལ་སོ་ལྟ་དང་ཁ་ལོ་བསྒྱུར་ཅིང་དེར་གསང་བའི་ཡིག་ཚགས་བཟོས་འདུག་པ་དང་། མི3ལས་མི1ལ་ནམ་ཡང་མྱུལ་མ་དག་གི་མིག་གིས་འཚོས་ནས་བསྡད་ཡོད་པ་རེད།

                                    བཞི།

    《ལྐོག་ཉན་རླུང་འཚུབ》ཀྱི་འཇར་ཡིག་གི་བརྡ་ཁྱབ་སྟེང་དུ། "གཏུམ་དབང་ལམ་ལུགས་ཤིག་གི་ཁྲོད་ན་གསང་བ་ཞིག་ཡེ་ནས་ཡོད་མི་སྲིད་དོ"ཞེས་བྲིས་འདུག འཇར་མན་ཤར་མ་ནི་དངོས་ནས་དེའི་སྒྲུབ་བྱེད་རྣལ་མར་འགྲོ་སྟེ། གོང་དུ་བརྗོད་པའི་གསང་བའི་ཉེན་རྟོག་པ་དེ་དག་ལས་གཞན་ད་དུང་ག་ས་ག་ལ་ཁྱབ་པའི་དམངས་ཁྲོད་ཀྱི་ལྐོག་ཞུ་མཁན་ནི་མི་ཁྲི17.5ཡོད་འདུག་པ་དང་། 156f30687a92c79e777b86650008e178.jpgདེའི་ཁྲོད་དུ་ང་ནི་ཁྱོད་ལ་སོ་ལྟ་བྱེད་མཁན་ཡིན་ན་ཁྱོད་ཀྱང་ང་ལ་ལྐོག་ཉན་རྒྱག་མཁན་མིན་པའི་ངེས་པ་མེད་ལ། ཁྱོད་ནི་ཁོ་ལ་ལྐོག་ཉན་རྒྱག་མཁན་ཡིན་ན་ཁོ་ཡང་ཁྱོད་ཉིད་ལྐོག་ཞུ་བྱེད་མཁན་མིན་པའི་ངེས་པ་མེད་པ་རེད། དེ་ལྟ་བུའི་ཁྱོད་ཤི་ང་གསོན་གྱི་ཡ་ང་བའི་ཁོར་ཡུག་གི་ཁྲོད་དུ་མི་རྣམས་ནི་ནམ་ཡང་འཇིགས་སྐྲག་དང་ཞེད་སྣང་གིས་འཚོ་དགོས་ཤིང་། ནམ་ཡང་གཟུགས་མེད་ཀྱི་གཟེབ་མ་ཞིག་ཏུ་བཅུག་ནས་ཡོད་པ་རེད། "སི་ཐ་སི"ཡི་གསང་བའི་ཉེན་རྟོག་པ་དང་དམངས་ཁྲོད་ཀྱི་ལྐོག་ཞུ་མཁན་དག་གིས་མི་བུ་ཕལ་བ་རྣམས་ལ་ལྐོག་ཉན་དང་ལྐོག་ཞུ། རྗེས་འདེད་དང་འདྲི་གཅོད་སོགས་བྱས་པའི་འབྲས་བུར་ཡི་གེའི་ཡིག་ཚགས་དང་། སྒྲ་བརྙན་ཡིག་ཚགས། དངོས་རྫས་ཡིག་ཚགས་བཅས"རི་བོའི་གཏོས"དང་མཉམ་པ་བྱུང་ཞིང་། གལ་ཏེ་ཡིག་ཚགས་དེ་རྣམས་ཡར་བསླངས་ཏེ་ཡུག་གཅིག་ལ་བསྒྲིབས་པའི་དབང་་དུ་བཏང་ན་དེའི་རིང་ཚད་དུ་སྤྱི་ལེ180ལ་བསླེབ་སྲིད་པ་དང་། ད་དུང་ཉེས་དཔང་ཁུངས་འཕེར་དུ་བཟོས་པའི་བྱང་བུ་ཁྲི4000དང་ཁ་པར་ལྐོག་ཉན་གྱི་ཟིན་ཐོའང་ཁྲི་བཅུ་ཕྲག་ཁ་ཤས་བརྒལ་བར་བཤད།

    འཇར་མན་ཤར་མ་དང་འཇར་མན་ནུབ་མ་གཉིས་གཅིག་གྱུར་བྱུང་རྗེས་སྲིད་གཞུང་གིས་ཡིག་ཚགས་མང་པོ་ཞིག་ཕྱི་ལ་བཀྲམ་ཞིང་ཁྲོམ་བསྒྲགས་བྱས་པའི་ཚེ་ན། མི་རྣམས་རང་གི་མིག་ལ་ཡིད་མི་ཆེས་ཤིང་རྣ་བར་རློམ་ཐབས་བྲལ་བའི་དོན་རྐྱེན་ཡ་མཚན་པ་ཞིག་བྱུང་བ་ནི། དེ་སྔོན་རང་ཉིད་ལྐོག་ཞུ་བྱེད་མཁན་དེ་ནི་མི་གཞན་མ་ཡིན་པར་རང་གི་ཉེ་འཁོར་གྱི་མགོ་བོ་སྔར་ཐོག་གཅིག་ལ་བཞག་མྱོང་བའི་རང་གི་ཆུང་མའམ་ཁྱོ་ག་ཡིན་པ་དང་། ཡང་ན་སྙིང་གཏམ་སྦ་གསང་མེད་པར་ལྷུགས་པོར་བརྗོད་མྱོང་བའི་རང་གི་གྲོགས་པོ་དང་། ཡང་ན་ཁྲག་རྩའི་སྦུབས་སུ་རུས་རྒྱུད་གཅིག་པའི་ཟུངས་ཁྲག་ལྷོག་ལྷོག་ཏུ་རྒྱུ་བའི་རང་གི་ཤ་ཉེ་དག་ཡིན་པ་རེད། དེ་ནི་ཇི་འདྲའི་སྐྱི་གཡང་ཞིང་འཇིགས་སུ་རུང་བའི་འཇིག་རྟེན་ཞིག་རེད་ཨང་།

   《ལྐོག་ཉན་རླུང་འཚུབ》ཁྲོད་ཀྱི་ལྐོག་ཉན་རླུང་འཚུབ་རབ་ཏུ་གཡོས་པའི་དུས་ཚོད་དང་ས་ཆ་ནི་སྤྱི་ལོ1984འཇར་མན་ཤར་མ་རེད། དེ་ལྟའི་རླུང་འཚུབ་ནི་འཇར་མན་ཤར་མ་ཁོ་ན་ལ་གཡོས་པ་ཞིག་ནི་མ་ཡིན་ཏེ། དུས་དང་གནས་མི་གཅིག་པ་མ་གཏོགས་ཧི་ཐི་ལིར་གྱི་ན་ཙི་དུས་སྐབས་དང་། སི་ཏ་ལིན་གྱིས་དབང་སྒྱུར་པའི་སུའུ་ལེན་སྔོན་མའི་དུས་སྐབས། རྒྱ་ནག་གི"རིག་གནས་གསར་བརྗེ་ཆེན་མོ"སོགས་ཀྱི་སྐབས་སུའང་དེ་དང་ཆ་འདྲ་བའི་ལྐོག་ཉན་དང་ལྐོག་ཞུ། ལྐོག་གསོད་བཅས་ཀྱི་རླུང་འཚུབ་དྲག་པོ་མུ་ནས་མུར་ལྡང་མྱོང་བ་རེད། རྫོགས་ལྡན་སྤྱི་ཚོགས་སུ་གོམ་སྟབས་ཆེན་མོས་མཆོང་སྐྱོད་བྱེད་འདོད་ཀྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དག་ཏུ་ལྐོག་ཉན་དང་ལྐོག་ཞུ་དང་ལྐོག་གསོད་སོགས་ཀྱི་རླུང་འཚུབ་དྲག་པོ་རབ་ཏུ་ལྡང་མྱོང་བ་དང་། དེ་ལྟའི་རླུང་འཚུབ་དྲག་པོ་ལྡང་བའི་འབྱུང་རྩ་ཡང་ཆབ་སྲིད་སྒེར་གཅོད་དང་གཏུམ་དབང་ལམ་ལུགས་ཁོ་ནར་ཐུག་འདུག གང་ན་ཆབ་སྲིད་སྒེར་གཅོད་དང་གཏུམ་དབང་ལམ་ལུགས་ཁ་དར་ན་དེ་ན་ལྐོག་ཉན་དང་ལྐོག་ཞུ་དང་ལྐོག་གསོད་སོགས་ཀྱི་རླུང་འཚུབ་ནི་རྒྱུན་མི་ཆད་ཅིང་། གང་ན་ལྐོག་ཉན་དང་ལྐོག་ཞུ་དང་ལྐོག་གསོད་སོགས་ཀྱི་རླུང་འཚུབ་དྲག་ཏུ་ལྡང་བ་ཡིན་ན་དེ་ན་ཆབ་སྲིད་སྒེར་གཅོད་དང་གཏུམ་དབང་ལམ་ལུགས་ཁ་དར་བའི་རྟགས་ཡང་དག་གོ།

                                      ལྔ།

    མི་གཞན་གྱི་འཚོ་བར་ཐེ་གཏོགས་དང་སོ་ལྟ་དང་ལྐོག་ཉན་བྱེད་པ་དང་། མི་གཞན་གྱི་འཚོ་བ་མེད་བརླག་དང་ཐོར་ཞིག་དང་རྩ་མེད་དུ་གཏོང་རྒྱུ་ནི་སྒེར་གཅོད་ཆབ་སྲིད་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་རེད། གདུག་རྩུབ་ཀྱི་ཆབ་སྲིད་ཁོར་ཡུག་དེ་འདྲའི་ཁྲོད་དུ་མི་བུ་ཕལ་བ་རྣམས་ཀྱི་མགོ་ཐོག་ཏུ་ནམ་གུང་སྒོ་རྡུང་བའི་འཇིགས་དངངས་དང་། མཚན་མོའི་གཉིད་དཀྲོག་པའི་དངངས་སྐྲག སྙིང་དམར་པོ་རྩད་ནས་འབལ་བའི་ཞེད་སྣང་སོགས་ནི་གནས་ངེས་མེད་དང་དུས་ངེས་མེད་དུ་འོང་གི་ཡོད་པ་རེད།

    ཞེད་སྣང་དང་དངངས་སྐྲག་གི་ངང་ནས་འཚོ་བ་རོལ་རྒྱུ་ནི་གཏུམ་དབང་ལམ་ལུགས་འོག་གི་མི་རྣམས་ཀྱི་ཐུན་མོང་གི་ཆབ་སྲིད་འཚོ་བ་ཞིག་ཡིན་པ་དང་། གནས་དེ་གའི་མང་ཚོགས་ཀྱི་གདོང་ན་སྐྱིད་སྣང་དང་འཛུམ་མདངས་ཤིག་ཡེ་ནས་མཐོང་རྒྱུ་མེད་པར་དེ་ལས་ལྡོག་སྟེ་འཇིགས་དངངས་ཀྱི་ཚེར་མ་ནི་མི་རེ་རེའི་ཤ་གསེང་རུས་གསེང་དུ་ཟུག་འདུག

    འཇིགས་དངངས་དེས་མི་བུའི་དབུགས་ཀྱི་རྒྱུ་བ་གཅོད་པར་བྱེད་ལ། འཇིགས་དངངས་དེས་ནི་མི་བུའི་ལུས་སེམས་གཉིས་ཀ་ཐོར་ཞིག་ཏུ་གཏོང་བར་བྱེད།

    འཇིགས་དངངས་དེ་ནི་མི་བུའི་རང་དབང་འཇོམས་པའི་གཏེ་བོ་རེད་ལ། འཇིགས་དངངས་དེ་ནི་མི་བུའི་འཚོ་བ་བརླག་པའི"སི་ཐ་སི"རེད།  

    དེར་བརྟེན།  དུས་རབས20པའི་འཇར་མན་གྱི་ལོ་རྒྱུས་སྟེང་དུ"ཧི་ཐི་ལིར་གྱི་གཅིག་བསྡུས་བཙོན་ར་ཡིས་འགྲོ་བ་མིའི་ཆེས་གདུག་རྩུབ་ཆེ་བའི་འཇིགས་དངངས་བཟོས་བྱུང་བ་དང་། འཇར་མན་ཤར་མའི་སི་ཐ་སི་ཡིས་འགྲོ་བ་མིའི་ཆེས་རུས་གཏིང་དུ་ཟུག་པའི་དངངས་སྐྲག་བཟོས་བྱུང་བ་རེད"ཅེས་ཀྱང་བརྗོད་ཆོག་གོ།

                              དྲུག

     1961ལོའི་ཟླ8པའི་ཚེས12ཉིན་གྱི་ཞོགས་པར་འཇར་མན་ཤར་མའི་དམག་མིས་འཇར་མན་ཤར་ནུབ་གཉིས་ཀྱི་ས་མཚམས་སུ་ཨར་འདམ་དང་ལྕགས་སྐུད་ཀྱི་དྲ་བས་གྲུབ་པའི་པོ་ལེན་བར་གྱང་བརྩིགས། ཚེས13ཉིན་གྱི་ཉིན་གུང་ལམ་མདོ་ཞིག་བཀག་སྡོམ་བྱས་པའི་ཁྱབ་བསྒྲགས་ཀྱིས་པོ་ལེན་དངོས་སུ་དུམ་བུ་གཉིས་སུ་བཅད།

     པོ་ལེན་བར་གྱང་གི་ཤར་ཕྱོགས་ནི་མང་གཙོ་འཇར་མན་དང་། པོ་ལེན་བར་གྱང་གི་ནུབ་ཕྱོགས་ནི་མནའ་འབྲེལ་འཇར་མན་ཡིན་པ་རེད། འཇར་མན་ཤར་མ་སྟེ་མང་གཙོ་འཇར་མན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན་པ་དང་། འཇར་མན་ནུབ་མ་སྟེ་མནའ་འབྲེལ་འཇར་མན་ནི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ཡིན་པ་རེད། པོ་ལེན་བར་གྱང་གིས་གནས་ཀྱིས་མཚོན་པའི་ས་མཚམས་ཤིག་དུམ་བུར་གཉིས་སུ་བཅད་པ་ཁོ་ན་མ་ཡིན་ཏེ། དེས་ལམ་ལུགས་གཉིས་དང་འདུ་ཤེས་འཛིན་སྟངས་གཉིས། ཆབ་སྲིད་ལྟ་གྲུབ་གཉིས་དུམ་བུར་བཅད་དེ་སོ་སོར་དབྱེ་འདུག་པ་དང་། ཡང་ན་སྒེར་གཅོད་དང་མང་གཙོ་གཉིས་སོ་སོར་ཕྱེས་ཤིང་།གཉའ་གནོན་དང་རང་དབང་གཉིས་སོ་སོར་བཀར་བ་རེད།

     པོ་ལེན་དུམ་བུར་བཅད་པས་མི་ཚད་མི་སེམས་དུམ་བུར་བཅད་པའི་བར་གྱང་དེ་བྱུང་བས་རང་དབང་ལ་སྨོན་ཞིང་བཙན་བྱོལ་གྱིས་བར་གྱང་ཕ་རོལ་བརྒལ་འདོད་ཀྱི་མི་བུ800ལྷག་གི་ཚེ་སྲོག་ཤོར་བ་དང་། མ་ཟད། མི་བུ་བདུན་ཁྲི་ལྔ་སྟོང་ལྷག་ཁྲི་མུན་དུ་བཅུག་པ་རེད། མཐོ་ལ་སྨིས3.5དང་རིང་ཚད་ལ་སྤྱི་ལེ100ལྷག་ཡོད་པའི་པོ་ལེན་བར་གྱང་དེ་ནི་ཕྱིའི་དགྲ་བོ་འགོག་པའི་ཕྱིར་དུ་བརྩིགས་པ་ཞིག་ནི་མ་ཡིན་པར་ལྡོག་ཏེ་ནང་གི་མང་ཚོགས་འགོག་པར་ཆེད་དུ་བརྩིགས་པ་ཞིག་རེད། པོ་ལེན་བར་གྱང་གིས་འཇར་མན་ཤར་མའི་སྲིད་དབང་སྒེར་སྡོམ་དེ་ལུགས་མཐུན་ཅན་དུ་བསྒྱུར་པའི་དུས་མཚུངས་སུ། རང་དབང་དང་མང་གཙོ། ཁྲིམས་སྐྱོང་དང་གློག་གྲོལ་བཅས་ལ་ཕྱོགས་པའི་མང་ཚོགས་ཀྱི་བློ་ཁ་དེ་བཙན་གྱིས་འགོག་གི་ཡོད་པ་རེད། འཇར་མན་ཤར་མའི་མང་ཚོགས་རྣམས་ལ་མཚོན་ན་པོ་ལེན་བར་གྱང་ནི་རང་དབང་ལུང་པར་བགྲོད་པའི་བཀག་རྡོ་ཆེན་པོ་ཞིག་ཡིན་པས་མི་ཚད། ད་དུང་མིའི་ནང་སེམས་ན་གནས་པའི"བར་གྱང"མཐུག་པོ་ཞིག་ཀྱང་ཡིན་པ་རེད། ཇི་སྲིད་ཨར་འདམ་དང་ལྕགས་སྐུད་ཀྱི་དྲ་བས་གྲུབ་པའི་པོ་ལེན་བར་གྱང་དེ་མ་བཤིག་པའི་བར་དུ་མིའི་ནང་སེམས་ན་གནས་པའི"བར་གྱང"ནི་དེ་སྲིད་དུ་གནས་ཤིང་། ཇི་སྲིད་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དེ་རྨང་ནས་མ་གཏོར་བར་དུ་ཨར་འདམ་དང་ལྕགས་སྐུད་ཀྱི་དྲ་བས་གྲུབ་པའི་པོ་ལེན་བར་གྱང་ནི་དེ་སྲིད་དུ་གནས་ངེས་སོ།།

                                    བདུན།

     གསང་བའི་ཉེན་རྟོག་པ་ཝེ་སི་ལི་ནི་དང་ཐོག་སྒེར་གཅོད"འཕྲུལ་ཆས"དེའི"གཅུས་གཟེར"ཞིག་ཡིན་ཞིང་། རླབས་ཆེན་གྱི་མི་སྣ་དང་རླབས་ཆེན་གྱི་གསུང་ཚད་མར་བཟུང་སྟེ་བགོས་པའི་ལས་ལ་ཧུར་བརྩོན་གྱིས་འཇུག་པའི་མི་ཞིག་ཡིན་རེད། ཡིན་ནའང་གཅིག་ཏུ་ཁོས་རང་གི་མགོ་ཁྲིད་ཀྱིས་རྩོམ་མཁན་ཏི་ལེ་མན་གྱི་ཆུང་མ་ལ་དབང་དང་བཙན་གྱིས་མི་ཚངས་སྤྱོད་པའི་སྐྱུག་བྲོ་བའི་བྱ་སྤྱོད་དེ་མཐོང་བ་དང་། b853d6fc4610f3b6fd037f0e.jpgགཉིས་སུ་ཁོས་ཁང་ཀླད་ནས་ལྐོག་ཉན་བྱེད་བཞིན་པའི་སྣང་དུ་རྩོམ་མཁན་ཏི་ལེ་མན་གྱིས་སྐྱོ་ཉམས་དང་བཅས་རོལ་དབྱངས་ཤིག་དཀྲོལ་བཞིན་པ་དེ་ཐོས་པས་ནང་སེམས་ལ་གཡོ་སྐྱོམ་དྲག་ཏུ་ཐེབས་པ་དང་མཉམ་དུ་རང་ཉིད་རང་ལ་ཐེ་ཚོམ་སྐྱེས་པ་སོགས་ཀྱིས་ཁོང་གི་རྒྱུ་འབྲས་བློ་མིག་གི་མྱུ་གུ་དེ་ཁད་ཀྱིས་འབུས་མགོ་བརྩམས་པ་རེད། དུས་དེ་ནས་བཟུང་ཝེ་སི་ལི་ཡིས་རང་ཉིད་ཀྱི་མི་ཚེའི་ལས་དབང་ལ་རང་གིས་ཁ་ལོ་བསྒྱུར་ཐུབ་པ་བྱུང་བ་དང་། དེས་མི་ཚད་མི་གཞན་གྱི་འཚོ་བར་ལྐོག་ཉན་བྱེད་མཁན་ཞིག་ནས་མི་གཞན་གྱི་འཚོ་བ་སྐྱོབ་མཁན་ཞིག་ཏུ་གྱུར་པ་རེད། རྩོམ་མཁན་ཏི་ལེ་མན་ལ་མཚོན་ནའང་ཐོག་མ་ནས་སྒེར་གཅོད་ལམ་ལུགས་འདིའི"དགྲ་བོ"ཞིག་ནི་མིན་སྟེ། རང་གི་ཆུང་མ་ནི་ཁ་ཐང་དབང་ཐང་ཅན་གྱི་རིག་གནས་པུའུ་ཡི་འགན་འཛིན་པའི"རྩེད་ཆས"སུ་གྱུར་པ་དང་། རང་གི་གྲོགས་པོ་དམ་པ་སྟེ་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཅེ་སི་ཁ(杰斯卡)ལགས་གཞུང་ཕྱོགས་ཀྱིས་བཙན་གྱིས་འཆི་ལམ་དུ་བརྫངས་པ་སོགས་རྐྱེན་བྱས་ཏེ་ཁོ་རང་ལམ་ལུགས་འདིའི་དྲང་བདེན་མ་ཡིན་པ་དང་དྲག་ཤུགས་བཅས་ལ་སེམས་གཏིང་ནས་ཁོང་ཁྲོ་སྐྱེས་ཤིང་། དེར་རྒོལ་ལན་སྤྲད་དེ་ལམ་ལུགས་འདིའི་རྫུན་ཕུགས་བརྟོལ་བ་དང་དྲང་བདེན་སྐྱོང་བའི་འདུན་པ་ནི་མེ་རི་བཞིན་དུ་འཕྱུར་བྱུང་། དེ་ནི་ཁོང་གི་མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་སད་པའི་རྟགས་མཚན་རེད་ལ། ཤེས་ཡོན་ཅན་ཞིག་གི་འགན་འཁྲིའི་འདུ་ཤེས་སད་རྟོགས་བྱུང་བའི་རྟགས་མཚན་ཡང་རེད།

    མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་སད་བྱུང་བས་ན་ཝེ་སི་ལི་ཡིས་ཚེ་སྲོག་གི་ཉེན་ཁ་རབ་དང་རིམ་པ་བརྒྱུད་དེ་རང་གི་སོ་ལྟ་བྱེད་ཡུལ་རྩོམ་མཁན་ཏི་ལེ་མན་ཡང་འཆི་ལམ་ནས་བསྐྱབས་པ་དང་། མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་སད་བྱུང་བས་ན་དུས་རྒྱུན་ལམ་ལུགས་དང་རུང་བསྟུན་བྱེད་པའི་ཏི་ལེ་མན་གྱིས་ཀྱང་འཇར་མན་ནུབ་མའི《གསར་འགྱུར་མེ་ལོང》དུས་དེབ་སྟེང་དུ། འཇར་མན་ཤར་མའི་གདུག་རྩུབ་ཀྱི་ཆབ་སྲིད་དྲག་གནོན་འོག་ཏུ་ཤེས་ཡོན་ཅན་མང་པོས་རང་སྲོག་བཅད་པའི་སྐོར་གྱི་རྩོམ་ཡིག་སྤེལ་བ་རེད།

    རྒྱུ་འབྲས་བློ་མིག་སད་མགོ་ཚུགས་པའི་དུས་སྐད་ཅིག་མ་དེ་ནས་བཟུང་ཝེ་སི་ལི་དང་ཏི་ལེ་མན་གཉིས་ནི་སྲིད་དབང་སྒེར་སྡོམ་འོག་གི་ཡ་ཡ་དང་ལེགས་སོ་ཟེར་བའི"གཡུང་མོ་ལུག"ཅིག་ནས་"རྒོད་པོ་ཐུར་རྒྱུག་གི་གི"བྲེ་སེར་འབྲོང"ཞིག་ཏུ་གྱུར་བ་རེད། དེ་ལྟ་བུའི་ཝེ་སི་ལི་དང་ཏི་ལེ་མན་མང་པོ་ཞིག་གི་བདེན་པའི་ཨུ་ཚུགས་དང་ཁོང་ཚོའི་དབང་ཆའི་མདུན་ནས་དྲང་གཏམ་སྨྲ་བའི་སྙིང་སྟོབས་ལ་བརྟེན་མཐར1989ལོའི་ཟླ11པའི་ཚེས9ཉིན་གཏུམ་དབང་ལམ་ལུགས་ཀྱི་མཚོན་བྱེད་གཙོ་བོ་སྟེ་པོ་ལེན་བར་གྱང་ནི་རྨང་ནས་རྫོག་བྱུང་ངོ་།།

    《ལྐོག་ཉན་རླུང་འཚུབ》ཀྱི་འཁྲབ་ཁྲི་པ་ཏོན་ནར་སི་མར་ཁི(多纳斯马克)ནི་གཞོན་སྐྱེས་ཀྱི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ་ཞིག་རེད། ཁོས་ལོ་ངོ9ཡི་ཡར་སྔོན་ནས་བཟུང་གསང་བའི་ཉེན་རྟོག་པ་ཞིག་གིས་ཇི་ལྟར་རྩོམ་མཁན་གྲགས་ཅན་ཞིག་གི་མི་སྒེར་གྱི་འཚོ་བ་ལ་ལྐོག་ཉན་བྱས་པའི་གནད་དོན་ལ་བསམ་གཞིག་བཏང་མྱོང་བ་དང་། དེའི་ཐད་ནས་སྔོན་གྱི་གསང་བའི་ཉེན་རྟོག་པ་དང་ལྐོག་ཞུ་མཁན་གང་མང་ཞིག་ལ་བཅར་འདྲི་བྱས་མྱོང་། དེ་འདྲའི་བློ་སྔོན་དུ་བཏང་ཞིང་མིའི་རང་བཞིན་ལ་འཚོལ་རྟོག་གནད་སྨིན་བྱས་པའི་འབྲས་བུར་ད་གཟོད་གློག་བརྙན་འདི་འདྲ་ཞིག་ཕབ་སྐྲུན་བྱས་ཐུབ་སོང་བ་རེད།

     སྒྱུ་རྩལ་པའི་འགན་འཁྲི་ཟེར་ནའང་འདྲ། སྒྱུ་རྩལ་པའི་མིག་དབང་ཟེར་ནའང་འདྲ། གང་ལྟར་ཀྱང་སྒྱུ་རྩལ་བརྩམས་ཆོས(ཡང་ན་པར་རིས)ཀྱི་རྣམ་པས་སྲིད་དོན་གླེང་བ་ནི་དངོས་ནས་བློ་སྤོབས་ལྡན་པའི་རྟགས་སུ་འཁུམས། བརྗོད་བྱ་འདི་ལྟ་བུ་ཞིག་སྒྱུ་རྩལ་གྱི་ལམ་ནས་ཀློག་པ་པོའི་སྤྱན་སྔར་བསྟར་བ་ལ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པར་མ་ཟད་དངོས་ཡོད་ཀྱི་དོན་སྙིང་ཡང་གལ་ཆེན་ལྡན་པ་རེད། ངས་བལྟས་ན་འདི་ནི་སྒྱུ་རྩལ་གྱི་བདེན་པ་རེད་ལ། སྒྱུ་རྩལ་གྱི་རིན་ཐང་རྣལ་མ་ཡང་རེད།

     བརྩམས་སྒྲུང་གི་ལམ་ནས་བྲིས་པའི་ཨོ་ཝེར་གྱི《1984》དང་། གློག་བརྙན་གྱི་ལམ་ནས་ཕབ་སྐྲུན་བྱས་པའི་ཏོན་ནར་སི་མར་ཁི་ཡི《ལྐོག་ཉན་རླུང་འཚུབ》སོགས་ཀྱིས་གཏུམ་དབང་ལམ་ལུགས་དང་སྒེར་གཅོད་སྲིད་དབང་གི་ནག་ཉེས་སུན་འབྱིན་དང་ཐེར་འདོན་བྱས་འདུག་པས་མི་ཚད། དམར་པོའི་ལྟ་གྲུབ་ཀྱིས་འགྲོ་བ་མིའི་ལོ་རྒྱུས་སྟེང་བཟོས་པའི་ནག་ཉེས་དང་སྐྱོ་གར་ལ་ཕྱིར་རྟོག་ཀྱང་བྱས་འདུག་པ་རེད། 1917ལོའི་སུའུ་ལེན་གྱི་དམར་པོའི་གསར་བརྗེ་ནས་བཟུང་ད་ལ་ཐུག་གི་བར་དུ་དམར་པོའི་ལྟ་གྲུབ་གྱིས་མི་བུ་དུང་ཕྱུར་གཅིག་གི་གཅེས་པའི་ཚེ་སྲོག་འཕྲོག་པར་བཤད་ཅིང་། དུས་ད་ལྟ་ཡང་ད་དུང་མི་བུ་མང་པོ་ཞིག་གི་མགྲིན་པ་བསྒགས་ཤིང་ཁྲག་རྩ་གཅོད་ཀྱིན་ཡོད་པ་རེད། འདི་ལྟ་བུའི་འཇིགས་རུང་གི་ཆབ་སྲིད་ལམ་ལུགས་འོག་ཏུ《ལྐོག་ཉན་རླུང་འཚུབ》སོགས་ལ་ཇི་འདྲའི་རིན་ཐང་ལྡན་པ་རེད་ཨང་།

     འུ་ཅག་གི་མི་མང་པོ་ཞིག་ལ་མཚོན་ན་སྒྱུ་རྩལ་ཁ་ལ་འཁྱེར་ནས་སྒྱུ་རྩལ་རྡོག་བརྫིས་སུ་གཏོང་བ་དང་། རིགས་གཞུང་ཁ་ལ་འཁྱེར་ནས་མི་གཞི་ཐེད་ལ་འབོར་བ། ཡི་གེའི་རོལ་རྩེད་གཉེར་ཏེ་མགོ་བོ་ཀྲོག་ཀྲོག་བྱེད་པ་ལས་དོན་དམ་གྱི་སྒྱུ་རྩལ་རྣལ་མ་ཞིག་དང་རིགས་གཞུང་རྣལ་མ་ཞིག་གཏན་ནས་གཉེར་ཐུབ་ཀྱིན་མི་འདུག ནམ་ཞིག་འུ་ཅག་གི་སྒྱུ་རྩལ་པ་དང་། ཤེས་ཡོན་ཅན། རྩོམ་མཁན་དག་གི་མི་ཉིད་ཀྱི་རྒྱུ་འབྲས་བློ་མིག་སད་བྱུང་ན་དེ་དུས་རང་རེ་ལའང་ཏི་ལེ་མན་ལྟ་བུའི་རྩོམ་མཁན་མང་དུ་འབྱུང་གི་རེད་ལ། བོད་ཀྱི"ཏི་ལེ་མན"དག་བྱུང་ཚེ་འུ་ཅག་ལའང་བོད་རང་གི《1984》དང《ལྐོག་ཉན་རླུང་འཚུབ》ལྟ་བུ་མང་དུ་འབྱུང་ཐུབ་གི་རེད།

    2008ལོའི་ཟླ7པའི་ཚེས13ཉིན་ལན་གྲུའི་རང་ཤག་ཏུ། 


  

དཔྱད་མཆན་ཡོད།