གློག་བརྙན«ལས་དབང་གི་རྩེད་མཚར»ཞེས་པ།

 


     སྤྱིར་གློག་བརྙན་འདི་ནི་སྐྱེ་དངོས་འཕེལ་འགྱུར་སྨྲ་བ་ཏར་ཝུན་(达尔文)གྱི་མི་ཚེའི་ལོ་རྒྱུས་ཁུངས་སྣེ་རུ་བཟུང་ནས་བྲིས་པའི་སྒྲུང་གཏམ་ཞིག་འཁྲབ་གཞུང་དུ་བཅོས་ཏེ།བརྙན་རིས་སུ་ཕབ་པ་ཞིག་ཡིན་ལ། 6781A34B-3FF4-4BAE-81A2-0F5AAEDCA275.jpgཁོ་བོས་དེ་སྔོན་སྐུ་ཞབས་འདི་ཉད་ཀྱི་རྣམ་པར་ཐར་བ་མདོ་ཙམ་ཞིག་བཀླགས་མྱོང་ཞིང་། ཁོང་སྐུ་བཞུགས་དུས་ཀྱི་འཚོ་བའི་རྣམ་པར་རྒྱུས་རན་ཙམ་ལོན་ཡོད་ནའང་།  སྟབས་ལེགས་པ་ཞིག་ལ་དེ་རིང་དུས་ཀྱི་གླེགས་བར་ནས་དམ་པ་འདིའི་མི་ཚེའི་མཛད་པ་གློག་གཟུགས་སུ་ཕབ་པ་ཞིག་དང་མཇལ་བའི་བསྐལ་བ་ཐོབ་པས་བློ་ཡིད་རབ་ཏུ་མགུ་ཞིང་། རང་གི་མྱོང་སྣང་རགས་པ་ཞིག་ཤོག་བུར་འགོད་པའི་འདུན་མའང་ཤར་མར་སྐྱེས།  
    ཏར་ཝུན་ཁོང་གི་མི་ཚེའི་བརྒྱུད་རིམ་ཡོངས་ནས་བལྟས་ན། ཁོང་གི་མི་ཚེ་ནི་ལས་དབང་དང་འཐབ་འཛིང་བྱས་པའི་མི་ཚེ་ཞིག་སྟེ།  དང་པོར་ཁོང་ལྷ་ཚོགས་ཀྱིས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་ཏུ་འཁྲུངས་ཤིང་། བར་དུ་ཆོས་ལ་དད་པའི་བཟའ་ཟླ་ཞིག་དང་ངོ་ཐུག    ཐ་མར་རང་གི་ལུས་སེམས་གཉིས་ཀྱང་འགལ་ཟླར་གྱུར་བས་དམ་པ་ཁོང་གི་མི་ཚེ་ནི་མུ་ནས་ལས་དབང་དང་འཐབ་ཅིང་འཁྲུག་པའི་ལྡོག་མེད་ཀྱི་གོ་རིམ་འབའ་ཞིག་སྟེ།  འདིར་རིམ་པ་བཞིན་ཅུང་ཟད་བསྙད་ན།

༡   ཏར་ཝུན་དང་སྤྱི་ཚོགས་འཐབ་འཁྲུག
    སྐབས་དེའི་ཡོ་གླིང་སྤྱི་ཡོངས་དང་། ནང་སྒོས་སུ་ལྷ་ཚོགས་ཀྱིས་དབང་བསྒྱུར་བའི་དབྱིན་ཇིའི་སྤྱི་ཚོགས་སུ་ཁོང་གིས་བཏོན་པའི་འཕེལ་འགྱུར་ལྟ་བ་ཁས་ལེན་མཁན་ཉིན་མོའི་སྐར་མ་ལྟར་དཀོན་ཞིང་།  ཐ་ན་ཁོང་འདེད་གསོད་དང་། ཉིད་ཀྱི་བརྩམས་ཆོས་རྡོག་རྫིས་བཏང་བའི་ཚུལ་ཡང་མང་དུ་མཆིས་ཏེ།   བླུན་རྨོངས་ཀྱི་དུས་རབས་སུ་དམ་པ་བཀྲོངས་པ་ནི་གྲངས་ཚད་ལས་འདས་པས་དེ་ནི་མིའི་རིགས་ལོ་རྒྱུས་ཀྱི་སྐྱོ་གར་ཆེ་ཤོས་སུ་མི་བྲི་ཐུ་མེད་ལ།  དམ་པ་གང་ཡང་སྐུ་འདའ་དུས་ནས་ད་གཟོད་རྩི་ཞིང་བཀུར་བས་ན། ཏར་ཝུན་ཁོང་དང་ཉིད་ཀྱི་བརྩམས་ཆོས་ཀྱང་རྗེས་སུ་བརྩིས་ཤིང་གཅེས་ནོར་དུ་བཀུར་པ་ལགས།

༢   ཏར་ཝུན་དང་བཟའ་ཚང་འཐབ་འཁྲུག
    ཏར་ཝུན་ཁོང་ནི་ལྡོག་འདྲི་དང་ཉམས་ཞིབ་ལ་དགའ་བའི་ཚན་རིག་པ་ཞིག་ཡིན་ལ།  ཁོང་གི་ཆུང་མ་ནི་ཁ་ཆེ་བ་(基督信徒)ངོ་མ་ཞིག་སྟེ།   ཆུང་དུས་ནས་ཆོས་ལ་དད་པ་དང་།  མཆོད་པ་དང་།  བཀུར་བསྟི་བ་ནི་ཉིན་རེའི་བྱ་རིམ་དུ་ཟད་རྐྱེན་ཕན་ཚུན་གྱི་བསམ་བློའི་བར་འགལ་ཟླ་ངེས་ཅན་ཞིག་གནས་ཤིང་།   ལྷག་པར་བུ་མོ་ཆེ་བའི་ཤི་རྐྱེན་ལས་ཏར་ཝུན་ཁོང་ཆོས་ཀྱི་གསང་རྒྱ་ལས་དངོས་ཡོད་ཀྱི་རྣམ་པར་ཁ་ཕྱོགས་སུ་བཅུག་པས་བཟའ་ཟླ་གཉིས་དབར་གྱི་བསམ་བློའི་འགལ་ཟླའང་རིམ་བཞིན་མངོན་གསལ་དུ་ཕྱིན་ཏོ།།

༣  ཏར་ཝུན་དང་ལུས་སེམས་འཐབ་འཁྲུག

    སྤྱིར་དཔྱོད་ཤེས་ཀྱི་རྒྱང་མཐོང་བསྣམས་པའི་ཚན་རིག་པ་ཞིག་གི་ངོས་ནས་དོན་དངོས་ལ་ཡིད་ཆེས་དགོས་པ་ནི་བསྙོན་དུ་མེད་ཅིང་།  ཁོང་སྐུ་ན་ཕྲ་དུས་ནས་ལྷ་ཚོགས་ཀྱི་ཆོས་སྒྲ་དང་བསྡོངས་ཏེ་ནར་སོན་པས་དུས་རིམ་ལ་ལར་མངོན་སུམ་ལས་ལྐོག་གྱུར་གྱི་དབང་དུ་འགྲོ་བའི་ཉེན་ཁའང་རབ་དང་རིམ་པ་ཞིག་བྱུང་ཞིང་།   རྒྱུན་པར་ལུས་སེམས་གཉིས་འགལ་འཐབ་ཀྱི་རྣམ་པར་གྲུབ།
    བརྒྱ་བཤད་སྟོང་ལབ་ནའང་དམ་པ་ཁོང་གི་མི་ཚེ་ནི་ཏིག་ཏིག་གི་འབྲས་བུ་ལྗིད་དུ་ཁུར་ཆོག་ལ།  དགྱེ་དགྱེའི་མགོ་བོ་མཐོན་པོར་འདེགས་རུང་བའི་དཔའ་བོའི་ལོ་རྒྱུས་རིང་མོ་ཞིག་སྟེ།  དུས་རབས་མང་བོ་ཞིག་གི་སོ་ཁ་ན། ནམ་ཡང་འབྲུག་སྒྲ་བཞིན་ལྡིར་འོང་བ་ནི་ཁོང་ཁོ་ནའི་ཡོན་ཏན་ཏེ་འཕེལ་འགྱུར་སྨྲ་བའི་རྣམ་གཞག་འདི་ཁོ་ནའོ།།  
    ལར་ཁོ་བོ་ལྟ་བུའི་སྙུག་ཐོག་པ་གླེན་པ་ཞིག་ལ་མཚོན་ན།  ཉིན་རེར་རང་ཉིད་ཀྱི་འཚོ་བའི་ཟ་ཟུར་ནས་ཐོས་པའམ་མཐོང་བའི་བྱ་བ་ཙག་ཙིག་རེ་ཟིན་ཐོར་འགོད་པ་དང། རང་གི་མྱོང་སྣང་ཕྲན་བུ་རེ་ཤོག་བུར་འབྲི་བ་ནི་འཚོ་ཕྱོགས་རིགས་ཤིག་ཏུ་བསམ་ཡོད་ལ།  དོན་དམ་དུ་ང་འཚོ་བའང་སྙུ་གུ་རྐང་ཐུར་འདི་ཁོ་ནའི་ཆེད་དུ་ཡིན་པ་འདྲ།


 

དཔྱད་མཆན་ཡོད།