《རྐང་འཁོར་རྐུ་མཁན》ལ་བལྟས་རྗེས།

         ཝེ་ཐོ་རེ་ཨོ·ཏེ་སི་ཁཱའང་ཨི་ཐ་ལིའི་འཁྲབ་ཁྲིད་པ་གཙོ་བོའི་གྲས་ཡིན་ལ། ཁོང་གིས་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཨི་ཐ་ལིའི་འབངས་ཕལ་བའི་འཚོ་བ་དང་དཀའ་སྡུག་རྣམས་གློག་བརྙན་གྱི་བརྗོད་བྱ་རུ་དྲངས་པ་ནི་སྐབས་དེ་ཙམ་མ་ཟད་དེང་འདིར་ཡང་བལྟ་རིན་ཡོད་པ་ཞིག་ཡིན། དཔེར་ན་ཁོང་གི་རྐང་འཁོར་རྐུ་མཁནདུ་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ལས་ཀ་བ་ཕལ་བ་ཞིག་གིས་ཡུན་རིང་བསྒུགས་མཐར་བསྒྲག་ཤོག་སྦྱར་བའི་ལས་ཀ་ཞིག་རེག་ནའང་དེ་ལ་རྐང་འཁོར་ཞིག་དགོས་པས། ཆུང་མས་ཁྱིམ་གྱི་གདན་སོགས་བཙོང་ནས་རྐང་འཁོར་ཞིག་ཉོ་ཐབས་བྱས་པ་དང་། བཟའ་ཚང་གང་བོས་རེ་བ་གསར་བ་ཞིག་རྙེད་པ་དགའ་སྣང་གིས་བརྟས། ཡིན་ནའང་ལས་ཀའི་ཉིན་དང་པོར་འཚོ་རྟེན་གྱི་གཞི་མ་ཡིན་པའི་རྐང་འཁོར་རྐུ་ལ་ཤོར། ཁོ་དང་བུ་ཆུང་གཉིས་ཀྱིས་རྐང་འཁོར་དང་ལྷུ་ལག་འཚོང་བའི་ཁྲོམ་ལ་ཕྱིན་ནས་ཉིན་གང་བཙལ་མོད། རང་གི་རྐང་འཁོར་མ་རྙེད་པས་ཐབས་ཟད་དེ་གཞན་གྱི་རྐང་འཁོར་ཞིག་བརྐུས་པར། རྒྱུ་བདག་གིས་ངོ་ཐོག་དེ་ལ་བཟུང་ནས་གཅར་རྡུང་ཡང་གང་འཚམ་མྱངས། རེ་བ་བྲལ་བའི་ཕ་བུ་གཉིས་ཕྱིར་ཁྱིམ་ལ་ལོགས་ཤིང་། བསམ་ཤེས་པའི་བུ་ཡིས་ཕ་ལ་སེམས་གསོའི་དབུགས་དབྱུང་བསྩལ་བའི་བརྒྱུད་རིམ་བརྗོད་ཡོད།

f2207f5eea1844e89212a393eaad8ef0.jpg                འདི་ཉིད་ཀྱིས་འབངས་ཕལ་བའི་འཚོ་བ་བརྗོད་པ་དང་། དུས་ཟིང་དང་གཡོ་འཁྱོམ་གྱི་ཁྲོད་དུ་མི་ཕལ་བ་ནི་ཇི་ཚོད་གཞུང་དྲང་ཞིང་ལས་ལ་བརྩོན་ནའང་དེ་ཚོད་ཀྱིས་དབུལ་ཕོངས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་མ་ཐུབ་པའི་ཡིད་སྐྱོ་བའི་གནས་བབས་ཤིག་བརྗོད་ཡོད། དེའི་ཕྱིར་ཀྲུང་གོ་གསར་བ་བཙུགས་པའི་རྗེས་ལ་དེ་ཉིད་མ་རྩ་རིང་ལུགས་ཀྱི་ནག་ཉེས་བརྗོད་པ་དང་། འབྱོར་མེད་གྲལ་རིམ་གྱི་སྤུན་ཟླའི་ལས་དབང་བརྗོད་པ་སོགས་ཀྱི་ངོས་ཐད་ནས་རྒྱལ་ནང་ལ་དྲངས་ཤིང་ཡུལ་ཕྱོགས་སོ་སོ་ནས་བསྟན་པས། ཀྲུང་གོ་བ་ཚོར་མཚོན་ན་ཕྱི་གླིང་གི་གློག་བརྙན་ལ་བལྟས་པ་སྔ་ཤོས་དང་། བརྩམ་ཆོས་རྒྱུས་ཆེ་ཤོས་སུ་གྱུར་ཡོད།

              དུས་ཀྱི་འགྱུར་བ་དང་བསྟུན་ནས། ད་ལྟའི་ཆ་ལ་བརྩམས་ཆོས་དེ་ཉིད་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ཞེས་པའི་གོ་བ་གུ་དོག་པོ་ཞིག་ལ་ལེན་མི་དགོས་པར་གྱུར་ཡོད་ཅིང་། དུས་ཟིང་ཁྲོད་ཀྱི་མི་ཕལ་བའི་སྐྱིད་སྡུག་དང་། དཀའ་སྡུག་ཁྲོད་དུ་ཨ་ཕ་ཞིག་གིས་རང་ཉིད་ཀྱི་ལ་རྒྱ་ཇི་ལྟར་ཤོར་བ། ཡང་ན་བུ་ཡིས་རང་གི་སྐྱེད་བྱེད་དེ་ཉིད་རྨ་མེད་པ་དང་དྲི་མས་མ་གོས་པ། ཡང་ན་འགྲན་པའི་ཟླ་མེད་པ་ཞིག་མ་ཡིན་པར། སྐབས་སྐབས་སུ་ཅི་བྱ་གཏོལ་མེད་དང་། གཞན་གྱི་ཉེས་རྡུང་ཟེད་ནའང་ཡ་ལན་མི་བསློག་པའི་གཉོམ་ཆུང་ཞིག་ཡིན་པ་ཤེས་ནའང་། དེ་ལ་འཁང་ར་མི་བྱེད་པར་བསམ་ཤེས་བྱས་ཤིང་། རང་ཉིད་ཀྱང་ཕོ་ཁྱོ་ཀ་ཞིག་ཡིན་པའི་ཚུལ་གྱིས་ཨ་ཕའི་སྐྱོ་རོགས་སུ་འགྲེང་ཡོད་པའི་གཏམ་རྒྱུད་སེམས་སྒུལ་བ་ཞིག་རེད།

483a338e3eeb1993065134bdf75c9e07.jpg

fb264d59900e8269bf44f98c779f5092.jpg

དཔྱད་མཆན་ཡོད།