གློག་བརྙན་«ཞིང་གྲོང་གི་བུད་མེད་དགེ་རྒན་»ལ་བལྟས་པའི་མྱོང་ཚོར།


        སྤྱིར་གློག་བརྙན་ཡག་པོ་ཞིག་ལྟ་བ་ནི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཕྱིར་མིག་མདུན་དུ་བཤམས་པ་དང་མཚུངས་ལ་སྐབས་རེར་ངུ་སྐྱེན་པ་དང་ལན་རེར་དགའ་སླ་བའོ།

       གློག་བརྙན་འདི་ནི་ཚོན་མདངས་ནག་པོའི་སུའུ་ལེན་ཀྱི་གྲགས་ཅན་གློག་བརྙན་ཅིག་ཡིན་ལ་བལྟས་མ་ཐག་ཏུ་གར་འཚོགས་ནས་བུ་མོ་མཛེས་མ་ཅིག་དྭངས་གཙང་དང་རྒྱུད་འཇམ་གྱིས་ཕྱུག་པ་ཞིག་མངོན་ཡོང་ལ་ཁོ་མོའི་མིང་ལ་ནི་ཁཱར་འར་བཱ་ལ་ཟེར་ཞིང་གར་འཚོགས་ནས་མཱ་འར་དེ་རཱོ་ཧྥུས་འཕྲད་ལ་ཁོ་ནི་མོས་གཉེན་གན་བཞག་པའི་སྐྱེས་པ་རེད། ཁཱར་འར་བཱ་ལ་ནི་ཏག་ཏག་སློབ་ཆེན་ནས་མཐར་ཕྱིན་དེ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་ཤས་པོས་ལས་ཡ་ཞིང་གྲོང་དུ་དགེ་རྒན་འགྲོ་བར་ཐག་བཅད། ཁོ་མོའི་གཉེན་གན་བཞག་པའི་སྐྱེས་པར་བཤད་རྒྱུར་“གནས་དེར་སློབ་གསོ་སྟོང་བས་མི་སུ་ཡང་དེར་འགྲོ་འདོད་མེད་ལ་ངས་ཕུགས་བསམ་ནི་སློབ་གསོའི་བྱིས་པ་སྐྱོང་རྒྱུ་དེ་ཡིན། གལ་ཏེ་ང་ཚོས་སུན་སྣང་མེད་པར་ལྷག་བསམ་ཟོལ་མེད་ཀྱིས་སློབ་གསོ་བྱས་ན་ཁོ་ཚོར་སེམས་འགུལ་ཐེབས་ནས་མི་བཟང་བོར་འགྱུར་སྲིད་ལ་སྟེས་དབང་གི་ཆེས་མི་ཐ་ཤལ་ཅིག་ཡིན་ཡང་འགྱུར་བ་གཏོང་སླ་”ཟེར་བ་དེའི་ང་ལ་ཡིད་ཀྱི་གཏིང་ནས་ཚོར་བ་རྣོན་པོ་ཞིག་གིས་བསྒུལ་བྱུང་།


43578df9-def7-4e52-9535-d03979ca721b.jpg


       དེ་ནས་ཁོ་མོས་སེམས་ཀྱི་གོམ་ཁ་ཤས་པོས་ལས་ཡ་རུ་ཕྱོགས་ཏེ་ཤིང་རྟའི་འདྲུད་འཁོར་ནང་བསྡད་ཏེ་སོང་། ཡིན་ཡང་། ས་ཐག་རིང་བའི་ཞིང་གྲོང་བ་ཚོས་སློབ་གསོ་དང་བྱིས་པའི་མདུན་ལམ་ལ་འགན་མི་ཁུར་བར་མ་ཟད་ཁཱར་འར་བཱ་ལའང་ཁས་ལེན་དེ་བས་མ་བྱས། སློབ་འགོ་ཚུགས་ཉིན་ཁོ་མོས་སློབ་ཁྲིད་གྲ་སྒྲིག་བྱས་ཡང་སློབ་ཁང་ནང་དུ་མི་གཅིག་ཀྱང་མེད་པས་སྟོང་སེང་ངེར་ལུས་འདུག སྐབས་དེར་ཁོ་མོར་ཡིད་ཆད་ཅུང་ཙམ་སྐྱེས་ཡང་ནང་སེམས་ནས་མེ་རི་འབར་བ་བཞིན་“བྱིས་པ་ཚོ་སློབ་ཁྲིད་འགོ་བརྩམ་ངའི་མིང་ལ་ཁཱར་འར་བཱ་ལ་ཞེས་བཤད། ”སྐབས་དེར་སྒོ་ཕྱི་ནས་སློབ་མ་གསུམ་བཞི་ཡིས་ཉན་འདུག དེ་ནས་ཁོ་མོས་འབད་བརྩོན་ལྷོད་མེད་ཀྱིས་ངང་ནས་སློབ་ཁྲིད་བྱས་པས་སློབ་མ་ཇེ་མང་དུ་སོང་བ་དང་བསྟུན་སློབ་གྲྭ་འཛུགས་འགོ་བྱུང་ལ། ཁོ་མོས་དམིགས་ཡུལ་ནི་སློབ་མའི་ཁ་གྲངས་དང་སློབ་གྲྭ་འཛུགས་པ་རྐྱང་རྐྱང་ཞིག་མིན་པར་ཞིང་གྲོང་དེའི་མི་རྣམས་ཀྱི་སེམས་ཁ་སློབ་གསོ་ལ་ཕྱོགས་པ་དང་རྒྱབ་སྐྱོར་དགོས་པ་དེ་ཡིན། དེ་ནི་ང་ཚོས་བསམ་གཞིགས་བཏང་ན་འང་གནད་གལ་ཆེན་ཞིག་ཡིན་པར་སྙམ་ལ་དེང་སྐབས་ཀྱི་དགེ་མིང་འཛིན་པ་ཚོས་ཁྱིམ་བདག་གིས་རྒྱབ་སྐྱོར་མི་བྱེད་ཟེར་ཤེས་པ་ལས་ཐབས་ཀྱིས་དེ་ལ་བཅར་མཁན་ནི་ཉིན་མོའི་སྐར་མ་བཞིན་ལས་མ་འདས་པས། ཁོ་མོས་སེམས་རྒྱུད་དུ་དངོས་གནས་དགེ་རྒན་ཟེར་བའི་ཚིག་དོན་གྱི་འདུ་ཤེས་ཟབ་མོ་ཞིག་ཆགས་འདུག་པ་མཚོན་ནུས་ལ་ཕུལ་བྱུང་དགེ་རྒན་ཅིག་ཡོད་ན་ཁོ་མོ་ནི་ཕུལ་བྱུང་དགེ་རྒན་དེ་ལོས་ཡིན་སྙམ་པར་འདོད།

       ཁཱར་འར་བཱ་ལ་ཡིས་རྒྱལ་ཁབ་དང་སློབ་གསོ་ཆེད་དུ་དཀའ་སྤྱད་འབད་བརྩོན་དང་ངང་རྒྱུད་བཟང་བོའི་སློབ་ཁྲིད་བྱས་པ་འདིས་ད་གཟོད་སློབ་གསོའི་འཇོན་ནུས་ཅན་གྱི་མི་སྐྱེད་སྲིང་བྱེད་ཐུབ་ལ་འཇོན་མི་ཇེ་མང་དུ་འང་གཏོང་ཐུབ་པ་རྟོགས་སྲིད། རིམ་གྱིས་ཉེ་འཁོར་གྱི་མི་རྣམས་ཀྱང་རང་ཤུགས་ཀྱིས་ཚུར་འཁོར་ཡོང་ལ་ཁོ་མོས་དཀའ་ཁག་དང་སྡུག་ཡུས་དག་ཡང་རིམ་བཞིན་སེལ་འགྲོ་བའི་ལམ་དུ་ཕྱིན་པར་མ་ཟད། ལོ་ངོ་གསུམ་འདས་པའི་རྗེས་མཱ་འར་དེ་རོ་ཧྥུས་བཙོན་གྲོལ་ཐོབ་ཏེ་ཞིང་གྲོང་དུ་མོར་ལྟ་རུ་ཡོང་བ་དང་བསྟུན་དམངས་ཚོགས་ཀྱིས་ཁོང་གཉིས་ལ་གཉེན་སྟོན་གཟབ་རྒྱས་ཅིག་བསྡུས་ལ་དེ་ནི་ཁོ་གཉིས་ལ་མཚོན་ནས་བཤད་ན་བདེ་སྐྱིད་ལས་ཀྱང་བདེ་སྐྱིད་ཅིག་ཡིན་པར་གོར་མ་ཆག།  རྒྱུ་མཚན་ནི་ཁོ་མོའི་སྐྱེས་པ་བཙོན་གྲོལ་ཐོབ་མ་ཐག་ཡིན་ལ། ཁོ་མོའི་འང་ཤས་པོས་ལས་ཡའི་སློབ་གསོ་གོང་འཕེར་གཏོང་ཆེད་དུ་དཀའ་ལས་རག་ཡོད་པ་ནི་དེ་བས་བཤད་མ་དགོས་མོད། དམངས་ཚོགས་ཀྱིས་ཁོ་མོར་དྲིན་ལན་འཇལ་བྱེད་ཙམ་དུ་གཉེན་སྟོན་བསྡུས་པ་ནི་དེ་བས་ཀྱང་སེམས་འགུལ་ཐེབས་པ་ཅིག་ཡིན། ཡིན་ནའང། ཟླ་བཅུ་བའི་གསར་བརྗེ་ཐོན་ལ་ཡོད་པས། མི་སེམས་འང་བྲེལ་འཚུབ་ཀྱིས་གཙེས་བཞིན་ཡོད།

       གཏམ་རྒྱུད་དེའི་ཁྲོད་ཀྱི་དུས་ཚོད་ཀྱི་བར་ཐག་ནི་ངེས་ཅན་ཞིག་གིས་རྒྱ་ཆེར་བྱས་ཡོད་སྟེ། མཱ་འར་དེ་རོ་ཧྥུས་ནི་ཡང་ཕྱིར་གྲོང་ཁྱེར་ནང་དུ་གསར་བརྗེ་ཞུགས་དགོས་ལ། ཁོ་མོས་གནས་དེར་ནས་མུ་མཐུད་དུ་བྱིས་པ་ཚོར་སློབ་ཁྲིད་བྱེད་པ་དང་ཕྱོགས་གཅིག་ནས་སྐྱེས་པ་ནམ་ཐོན་ལའང་སྒུག་དགོས། དེ་འདྲའི་གཏམ་རྒྱུད་ཁྲོད་གཅིག་ནས་ཁཱར་འར་བཱ་ལ་ཡིས་ལུས་སེམས་གཉིས་པོའི་སློབ་མའི་ཆེད་དུ་དཀའ་ལས་མྱངས་དགོས་ལ། གཉིས་ནས་འཛམ་གླིང་དམག་འཁྲུག་འམ་ཡང་ན་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་བྱུང་བར་ཡང་མངོན་ཡོང་བའི་ང་ཚོར་ལྟ་མཁན་དག་གིས་ཡིད་སེམས་སུ་ཁོ་མོ་ནི་དཀའ་སྡུག་ལ་མི་སྐྲག་པར་ཕུགས་ཀྱི་བྱ་བ་ནན་ཏན་དུ་སྒྲུབ་མཁན་གྱི་རླབས་ཆེ་བའི་བུད་མེད་ཅིག་ཡིན་པའི་ངེས་ཤེས་སྐྱེ་ཐུབ་ལ་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཟེར་བའང་དེ་ལས་མ་འདས་པ་མེད་སྙམ། ཡིད་སྐྱོ་བ་ཞིག་ལ་དམག་འཁྲུག་ལས་ཁོ་མོས་ཁྱོ་ག་རྨས་སྐྱོན་ཚབ་ཆེན་ཐེབས་ནས་ཁོ་མོར་ཆེས་མཐའ་མཇུག་གི་གྱེས་བརྡ་བཏང་ནས་འཇིག་རྟེན་དང་གྱེས་སོང་།

       འོན་ཀྱང་། ཁོ་མོས་རང་ལ་སྙིང་ཕུར་བརྡབ་ཏེ་སློབ་མའི་རྒྱུད་ལ་ཤེས་བྱ་ཅི་འབྱོར་བྱས་པ་འདིས་དམངས་ཚོགས་ཀྱིས་དེ་ལས་ལྷག་པའི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཞིང་། ཞིང་གྲོང་འདིའི་སློབ་སྦྱོང་སོགས་ཆེས་བཟང་བའི་སློབ་མ་པུའོ་ལུས་ཧྥོས་སྔོན་མར་གྲོང་ཁྱེར་སློབ་གྲྭ་ནས་རྒྱུ་རྐྱེན་དུ་མས་དང་ལེན་མ་བྱས་མོད། ཁོ་མོས་བསྐྱར་དུ་མངགས་བཅོལ་ལྟར་པུའོ་ལུས་ཧྥོས་ཡིས་གྲོང་ཁྱེར་ནས་སློབ་འབྲིང་འདོན་པའི་རེ་བ་མངོན་འགྱུར་བྱུང་བར་མ་ཟད། དམག་འཁྲུག་གི་སོ་ཁ་རྒོད་ཡང་ཁཱར་འར་བཱ་ལ་ཡིས་དངོས་སུ་སློབ་གྲྭ་སྲུང་སྐྱོབ་ཀྱི་སྙན་ཞུ་འབུལ་བས། ཞིང་གྲོང་དེར་ནས་སྔར་མེད་ཀྱི་སློབ་གྲྭ་འཛུགས་ཐུབ་པར་མ་ཟད་ཁོ་མོ་སློབ་གཙོ་རུའང་བསྐོ་བཞག་བྱས། དམག་འཁྲུག་འཇུག་བསྡུས་པ་དང་ཁོ་མོས་སློབ་མ་དག་གིས་ཀྱང་སོ་སོའི་འཇོན་ནུས་མངོན་ཐོན་བྱུང་བས་གནས་དེར་གྱི་དགེ་རྒན་བྱས་པ་དང་པུའོ་ལུས་ཧྥོས་ནི་ཁྱད་འཕགས་ཀྱི་དགེ་རྒན་ཆེན་མོར་གྱུར།

       མདོར་ན། ཁཱར་འར་བཱ་ལ་ནི་དཀའ་ཁག་གདོང་གཏད་ཕོད་མཁན་ཅིག་ཡིན་པར་མ་ཟད་རང་གིས་མི་ཚེ་ཞིང་གྲོང་གི་བྱིས་པ་ཚོས་ཆེད་དུ་འབུལ་ནུས་མཁན་ཞིག་ཀྱང་ཡིན་ལ། དེར་བལྟས་ན་སློབ་གསོས་འཇོན་མི་སྐྱེད་སྲིང་ཁོ་ན་མ་ཡིན་པར་འཇོན་མི་སྐྱེད་སྲིང་གི་རྨང་གཞི་བརྟན་ཚུགས་དང་སྙིང་སྟོབས་ད་དུང་འདུ་ཤེས་ཀྱིས་ཕྱུག་པ་ཞིག་བསྐྱེད་པའོ།

 


2016ལོའི་ཟླ4བའི་ཚེས་4ཉིན་བར་གཞི་ནས་བྲིས།


 

དཔྱད་མཆན་ཡོད།