ལས་བསྐོས་གཏན་གྲོགས།

p2360849770.jpg

བསྡུས་དོན།

   རང་གཤིས་ཞི་ཞིང་སྨྲ་བ་ཉུང་བའི་སན་རུའུ་དྭ(Shahrukh Khan)ནི་གློག་འཕྲིན་ཀུང་སི་ཞིག་གི་ལས་མི་ཡིན་པ་དང་། ཁོ་པ་ཐེངས་ཤིག་རང་དགེ་རྒན་གྱི་བུ་མོ་ཐ་ནཱའི(Anushka Sharma)གཉེན་སྒྲིག་མཛད་སྒོར་འགྲོ་སྐབས། ཁོ་མོ་མཐོང་མ་ཐག་ཏུ་སེམས་པ་དབང་མེད་དུ་ཤོར། སྐབས་དེར་ལས་བཟང་ངན་ཅི་ཡིན་ཆ་མ་འཚལ་བ་ཞིག་ལ། གཉེན་སྒྲིག་གི་ཉིན་མོར་ཐ་ནཱའི་དགའ་རོགས་འགྲིམ་འགྲུལ་འགལ་རྐྱེན་ཞིག་ནང་འདས་བས། དེས་ཐ་ནཱ་ལ་བཟོད་པར་དཀའ་བའི་སྡུག་བསྔལ་བྱིན། ཁོ་མོའི་ཨ་ཕས་དེ་འདྲ་བཟོད་ཐབས་མེད་པས་སྙིང་ནད་ཀྱིས་མནར་མཐར། རང་གི་བུ་མོ་སན་རུའུ་དྭ་ལ་བཅོལ་གདམས་བྱས་རྗེས་མི་ཡུལ་དང་ཁ་གྱེས།

   སན་རུའུ་དྭ་ཉིན་ལྟར་རང་གི་ལྷ་མོ་སྡུག་བསྔལ་ནང་འཚོ་བར་སེམས་གཏིང་ནས་མ་བཟོད་པར་བསྡད། ཡུན་རིང་མ་སོང་བར་ཐ་ནཱ་ཞབས་བྲོའི་འཛིན་གྲྭ་ཞིག་ཏུ་ཞུགས་ཤིང་། དེ་ན་སན་རུའུ་དྭས་ཁོ་མོ་དང་ཐག་ཇེ་ཉེར་གཏོང་བའི་ཆེད་མི་གསར་པ་ཞིག་ཏུ་འགྱུར་བ་བྱས་པ་དང་མིང་ལའང་ར་ཆི་ཞེས་བཏགས། སྟབས་ལེགས་ནས་སྐབས་དེར་ར་ཆི་ཁོ་མོ་དང་མཉམ་དུ་བྲོ་རྩེད་རྒྱུའི་གོ་སྐབས་ཐོབ། དེ་འདྲ་བྱས་ཏེ་ཁོ་པས་ཉིན་ལྟར་ལུས་གཅིག་མི་གཉིས་ཀྱི་ཐོག་ནས་ཁོ་མོའི་འཚོ་བའི་ནང་དུ་ཐོན། རིམ་བཞིན་ཐ་ནཱ་སྐྱོ་སྡུག་གི་འཚོ་བའི་ནང་ནས་ཐོན་འགོ་བརྩམས་པ་མ་ཟད་སླར་ཡང་བརྩེ་དུང་གི་ལམ་ཕྲན་དུ་བསྐྱོད། འོན་ཏེ་ཁོ་མོ་དུངས་ཡུལ་ནི་ར་ཆི་ཡིན་ནམ་ཡང་ན་སན་རུའུ་དྭ་ཡིན།

p881698276.jpg 

དཔྱད་གཏམ།

    གློག་བརྙན་ཧྲིལ་པོ་བརྩེ་དུང་གི་བརྗོད་བྱ་གཙོ་བོར་བཟུང་ནས་འཁྲབ་པ་ཞིག་དང་། ལྷད་མེད་དྭངས་གཙང་གི་བརྩེ་དུང་ཞིག་ལ་ལྡན་པའི་རིན་ཐང་དེ་མཚོན་པར་བྱས་ཡོད།

    བྱུང་རིམ་ཐད་ངོ་སྤྲོད་རགས་རིམ་ཞིག་བྱས་ཚེ། སན་རུའུ་དྭ་ཞེས་པ་ཕྱི་ཚུལ་ནས་ལྟས་ན་ཉམས་ཆུང་ནུས་མེད་ཀྱི་སྐྱེས་པ་ཞིག བཞིན་མཛེས་གཟུགས་བཟང་ལྷ་མོ་དང་འདྲ་བའི་རང་དགེ་རྒན་གྱི་བུ་མོ་ཐ་ནཱ་ལ་ཡིད་སེམས་དབང་མེད་དུ་ཤོར། ལས་བཟང་ངན་ཅི་ཡིན་ཆ་མི་འཚལ་བ་ཞིག་ལ། ཁོ་མོའི་གཉེན་སྒྲིག་གི་ཉིན་མོར་ཁྱོ་བོ་ལྔ་ལམ་དུ་ཕྱིན་པས། དེ་ནས་བཟུང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་། ཁོ་མོའི་ཨ་ཕས་ཡང་དེ་འདྲ་བཟོད་ཐབས་མེད་པས་སྙིང་ནད་ཀྱིས་བཅངས་མཐར། རང་གི་བུ་མོ་སན་རུའུ་དྭ་ལ་རེ་བ་བཅོལ་ནས་མི་ཡུལ་དང་ཁ་གྱེས། དེ་ལྟར་སན་རུའུ་དྭ་ལ་ལུགས་མཐུན་ངང་རང་གི་གཅེས་པའི་ལྷ་མོ་དེ་ཐོབ། འོན་ཏེ་སྐྱོ་འོས་པ་ཞིག་ལ། ཁོ་བོར་ཐ་ནཱའི་སེམས་ཉིད་འཐོབ་མེད་པ་མངོན་གསལ་དོད་པོ་རེད། རང་གི་ལྷ་མོ་ཉིན་ལྟར་སྐྱོ་གདུང་ལས་ཡར་མི་འདོན་པ་དང་། དེ་ལས་ཀྱང་མི་འོས་པ་ཞིག་ནི་ཁོ་མོས་རང་ཉིད་ལ་བརྩེ་དུང་གི་ཆུ་ཐིགས་ཙམ་ཡང་བྱིན་མེད། དེ་ནི་ཁོ་པའི་ངོས་ནས་བསམ་ན་ཆེས་མི་འདོད་པ་དེའམ་མི་དགོས་པ་དེ་ཡིན་རུང་། འོན་ཏེ་ཏག་ཏག་དེ་ནི་ཉིན་ལྟར་མིག་མདུན་དུ་འཕྱོ་བའི་བརྩེ་དུང་གི་ཞགས་པ་དེ་རེད།

 p610324785.jpg

    “གང་ལྟར་རང་གི་ལྷ་མོར་སྤྲོ་བ་ཞིག་འཕེལ་ཚེ། ང་རང་ཉིད་ལ་དགོས་པའི་བརྩེ་དུང་ནི་དེ་འདྲ་ཞིག་ལས་མ་མཆིས།”འདི་ནི་ངོ་མ་རེད་ལ། ཐ་ནཱ་ཞབས་བྲོ་བསླབ་བསམ་པའི་འདུན་པ་དེར་ཁོ་བོས་བཀག་འགོག་བྱས་མ་སོང་ལ། བྱེད་ཀྱང་མི་སྲིད། རྒྱུ་མཚན་ནི་ཐ་ནཱ་ཁོ་རང་ཉིད་ཀྱི་ལྷ་མོ་ཡིན་པས་རེད། གློག་བརྙན་གྱི་བྱུང་རིམ་དེར་སླེབས་སྐབས། ཐ་ནཱའི་འཚོ་བའི་ནང་ར་ཆི་ཞེས་པ། འདུ་འཛོམས་ལ་དགའ་ཞིང་། སྐད་ཆ་མང་བ་དང་། སེམས་རྩ་ཁོལ་ཞིང་འཚོ་བ་ལ་སྤྲོ་སྣང་དང་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པའི་ན་གཞོན་ཞིག་ཐོན། འོན་ཏེ་ཕོ་གསར་དེ་ནི་ཉིན་ལྟར་རང་གི་མིག་མདུན་དུ་སྣང་བའི་ཁ་ཏ་ཉུང་ཞིང་སྤྲོ་སྣང་མེད་པ་དང་། ཕྱི་ནས་བལྟས་ཚེ་ནུས་མེད་ཉམས་ཆུང་བ་དང་། ད་དུང་སྨ་ར་འཇོག་རྒྱུར་དགའ་བའི་བཟའ་ཟླ་ནི་ཡིན་སྙམ་པ་ག་ལ་སྲིད།

p610324853.jpg

    བར་གྱི་བྱུང་རིམ་དུ་མའི་ཁྲོད། ཁོས་ཐ་ནཱའི་མིག་མདུན་དུ་ཚུལ་བཞིན་སྲུང་བའི་བཟའ་ཟླ་སན་རུའུ་དྭ་དང་། རྒྱབ་ཏུ་སེམས་རྩ་ཁོལ་བའི་ར་ཆི་དེ་འཁྲབ་ནས་མི་སེམས་འགུལ་བའི་གཏམ་རྒྱུད་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན།“ ང་ཚོ་ནི་བརྩེ་དུང་གི་ལམ་ཆུང་སྟེང་བསྐྱོད་ཅིང་། མ་ཟད་བསྐྱར་དུ་འཕྲད་སྲིད་ཀྱི་རེད།”ཐ་ནཱ་སླར་ཡང་བརྩེ་དུང་གི་རོ་བཅུད་མྱོང་ཐུབ་སོང་། བརྩེ་དུང་གི་ལམ་ཆུང་སྟེང་ཁོ་མོ་སླར་ཡང་ར་ཆི་དང་འཕྲད། འོན་ཏེ་ལས་དབང་ལ་སྙིང་རྗེ་ཟེར་བ་མེད་པ་འདྲ། ཁོ་མོ་ལམ་ཆུང་དེའི་སྟེང་ཇི་ཙམ་གྱིས་གཏིང་རིང་བ་བསྐྱོད་ཀྱང་དེ་ཙམ་གྱིས་སྐྱོ་གདུང་གིས་ཁེངས། ཁོ་མོ་ར་ཆོ་ལ་དགའ་ཞིང་། སན་རུའུ་དྭ་ལ་གཅེས། འོན་ཏེ་གདམ་ག་ནི་ངོ་མ་ལས་སླ་པོ་ཞིག་མ་རེད།

   མཇུག་མཐར། གནམ་རྒན་མས་ཁོ་མོར་གདམ་ག་ལེཊ་པོ་ཞིག་གནང་སོང་། ད་གཟོད་ཁོ་མོས་རང་གི་བཟའ་ཟླ་ནི་ཁོ་མོའི་སྐྱབས་མགོན་ཡིན་པ་རྟོཊ་སོང་། དེ་འདྲའི་འོག་ཁོ་མོས་ར་ཆི་ལ་རང་གི་བཟའ་ཟླར་རྒྱབ་འགལ་བྱེད་མི་འདོད་པ་སྨྲ་བའི་སྐབས། ར་ཆིའི་མིག་གཉིས་དགའ་མགུའི་མཆི་མས་ཡོངས་སུ་བརླན། མ་རེད། འདི་ར་ཆི་མ་རེད། འདི་ནི་སན་རུའུ་དྭ་རེད།

 p610325094.jpg

   བརྩེ་དུང་གི་གར་སྟེགས་དེ་མཐའ་མ་སན་རུའུ་དྭ་དང་ཐ་ནཱས་མཇུག་སྒྲིལ་སོང་། མཉམ་འཁྲབ་ཀྱི་སྤྲོ་སྣང་དེ་ལས་ཁོ་མོས་སན་རུའུ་དྭའི་ཡོད་ཚད་རྟོགས་སོང་།དགའ་བ་དག སྐྱོ་བ་དག སྤྲོ་སྣང་དག འཆར་ཡན་དག    སྔར་སོང་གི་དྲན་པ་ཡོད་ཚད་སྐབས་དེར་རེ་རེ་བྱས་ནས་གར་སྟབས་དང་གླུ་དབྱངས་ལྷན་དུ་ཐ་ནཱའི་མིག་ལམ་དུ་ཤར། ཁོ་མོས་རང་གིས་བཟའ་ཟླས་རང་ཉིད་ལ་བྱིན་པའི་བརྩེ་བ་མཐོང་སོང་། མ་ཟད་ནམ་ཀུན་སྨྲ་བ་ཉུང་བའི་སན་རུའུ་དྭས་སྐབས་དེ་དུས་སེམས་ཀློང་ཡུན་རིང་སྦས་པའི་སྙིང་གཏམ་ཡོད་རྒུ་གར་འཁྲབ་ཀྱི་རྣམ་པར་རྟེན་ནས་རང་གི་ལྷ་མོར་བཤད་སོང་། ཁོ་མོ་མཆི་མ་བཞུར་བཞིན་རང་གི་བཟའ་ཟླར་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་འདྲི་སྐབས། ཁོ་བོས་“དེའི་རྒྱུ་མཚན་ནི། ཁྱོད་ངའི་ལྷ་མོ་ཡིན་པས་སོ”ཟེར།

   དེ་ལྟར། ཁོ་གཉིས་ལ་མཉམ་དུ་དབང་བའི་བརྩེ་དུང་གི་བྲོ་གར་དེ་ནས་མགོ་བརྩམས་སོང་ལ། ལམ་ཆུང་དེའང་དེ་ནས་འགྲིམ་མགོ་ཚུགས། 

དཔྱད་མཆན་ཡོད།