ཐུའུ་ཆི་དང་ལང་ཚོ་མེད་པའི་ལང་ཚོ།


ཐུའུ་ཆི་(Giuseppe Tucci, 1894-1984)ནི་དུས་རབས་ཉི་ཤུ་པར་བོད་དུ་ཐེངས་མང་ལ་བསྐྱོད་དེ་བོད་ཀྱི་ཡུལ་ཁམས་ཁོར་ཡུག་དང་རིག་གནས་གནའ་ཤུལ། ཡུལ་སྲོལ་གོམས་གཤིས། སྐད་ཡིག་བརྡ་སྤྲོད། ལོ་རྒྱུས་ཆོས་ལུགས། བཟོ་རིག་སྒྱུ་རྩལ་བཅས་ལ་དཔྱད་པ་མི་ཉུང་བ་བཏང་བའི་དབྱི་ཐ་ལའི་(Italy)ཞིབ་འཇུག་པ་ཞིག་ཡིན་ལ། 1475994015961717.jpgཡོ་རོབ་ཀྱི་སྐད་ཡིག་ཅི་རིགས་ཀྱིས་བྲིས་པའི་ཁོང་གི་བརྩམས་ཆོས་དག་ལས་ཆོས་ལུགས་རིག་གནས་དང་ལོ་རྒྱུས་གནའ་དཔྱད་སྐོར་ནི་སྔ་ཕྱིར་རྒྱ་ཡིག་ཏུ་བསྒྱུར་ནས་ཆེད་དེབ་དང་དཔྱད་རྩོམ་ཕྱོགས་བསྒྲིགས་སོགས་ཀྱི་རྣམ་པས་དེབ་གཟུགས་སུ་དཔར་ཏེ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་ཡོད་པ་དེ་ལྟར་རེད། དེ་ཡང་བོད་ཀྱི་རིག་གཞུང་ཞིབ་འཇུག་དང་འབྲེལ་བའི་ནུབ་གླིང་གི་མཁས་པ་དག་གླེང་ན་ཐུའུ་ཆི་དང་ཁོང་གི་བརྩམས་ཆོས་ནི་ངེས་པར་གླེང་དགོས་ཤིང་བཀླག་པར་བྱ་དགོས་པར་མངོན་ཏེ། ཁྱད་པར་དུ་བོད་ཀྱི་བཙན་པོ་དག་དང་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་གནའ་ཤུལ། ཆོས་སྲིད་ལུགས་གཉིས་ཀྱི་རྣམ་གཞག་སྐོར་ལ་ཐུའུ་ཆི་ཡི་ཞིབ་འཇུག་ནི་གལ་ཆེ་ཚུལ་དུ་བཤད་པའི་གནས་སྐབས་ནི་རང་གིས་ཀྱང་དངོས་སུ་ཐེངས་འགར་མཐོང་མྱོང་ལ། ཐུའུ་ཆི་ནི་འཛམ་གླིང་ཤར་ཕྱོགས་ཀྱི་རིག་གནས་ལ་སྤྲོ་བ་ཆེ་ཞིང་བྱེ་བྲག་ཏུ་བོད་ཀྱི་ཡུལ་གྲུ་སོ་སོར་དངོས་སུ་བསྐྱོད་དེ་བོད་ཀྱི་རིག་གནས་ཀྱི་ཕྱོགས་སོ་སོ་ལ་ཞིབ་འཇུག་ཡུན་རིང་བྱས་ཡོད་པས། ཁོང་ནི་དུས་སྐབས་དེར་དམིགས་བསལ་གྱིས་བོད་ཀྱི་ཤེས་རིག་ལ་དོ་སྣང་ཆེ་བ་དག་དང་། འཛམ་གླིང་ཤར་ཕྱོགས་ཀྱི་སྐད་ཡིག་དང་ཆོས་ལུགས་ལ་ཐུགས་ཞེན་ཆེ་བའི་ནུབ་ཕྱོགས་མཁས་པ་དག་གུས་ཤིང་སྨོན་པར་གྱུར་བའི་ཤེས་ལྡན་པ་ཞིག་ཀྱང་ཡིན་པར་མཐོང་།

བོད་རིག་པ་སྨྲ་བ་ཐུའུ་ཆི་ཡིས་ཁོང་དང་དུས་མཉམ་པའི་ནུབ་ཕྱོགས་ཀྱི་མཁས་པ་གཞན་དག་ལ་བཞག་པའི་བག་ཆགས་གླེང་ན་ངེས་པར་དུ་བརྩམས་སྒྲུང་གཅིག་ནས་མགོ་བཙུགས་ཏེ་གླེང་དགོས་ཏེ། དེ་ནི་ལང་ཚོ་མེད་པའི་ལང་ཚོ(Youth Without Youth)ཞེས་བྱ་བ་དེ་ཡིན། བརྩམས་སྒྲུང་ལང་ཚོ་མེད་པའི་ལང་ཚོ་ཞེས་བྱ་བས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་རོ་མ་ནེ་ཡའི་(Romania)འཁྲུག་འཁྲུག་ཟིང་ཟིང་གི་སྤྱི་ཚོགས་རྣམ་པ་དེ་རྒྱབ་ལྗོངས་སུ་བྱས་ཏེ། དུས་གཉན་དེའི་སྐབས་སུ་ད་དུང་ཤར་ཕྱོགས་ཀྱི་སྐད་ཡིག་དང་ཆོས་ལུགས་ཞིབ་འཇུག་ལ་མགོ་ཡོངས་སུ་འཁོར་ནས་མཐུན་པའི་ཁྱིམ་ཐབས་དང་འགྲོགས་མ་ཐུབ་ཅིང་མི་ཚེ་གང་བོར་ཁེར་རྐྱང་ངང་ཞིབ་འཇུག་གིས་དུས་འདའ་བར་བྱས་ལ། ཚེ་སྨད་དུ་རྐྱེན་ངན་གྱི་དབང་གིས་གློ་བུར་དུ་སྲོག་གཅིག་ལ་ལང་ཚོ་གཉིས་པའི་ལྟས་ཀུན་གསར་དུ་སྨིན་ཏེ་རྨད་དུ་བྱུང་བའི་རིག་པ་དང་ཡིད་འཛིན་ལ་བརྟེན་ནས་ཚེ་སྟོད་དུ་གནང་བའི་ཞིབ་འཇུག་གི་མུ་མཐུད་པའི་ཞོར་དུ། ད་དུང་མིའི་རིགས་སྐད་རིགས་ཀྱི་འབྱུང་ཁུངས་དང་། དུས་ཚོད་ཀྱི་རང་བཞིན་དང་མི་ཚེ་ཡི་དོན་སྙིང་། བརྩེ་དུང་གི་རིན་ཐང་། མ་འོངས་འཇིག་རྟེན་འཕེལ་ཕྱོགས་སོགས་ལ་མནོ་བསམ་གཏོང་བར་དགའ་བའི་ལང་ཚོ་གཉིས་ཀྱི་བདག་པོ་སྟེ་རྡོ་མེ་ནེ་ཁུ་(Dominic Matei)ཞེས་བྱ་བའི་མི་སྣ་དེའི་ཤིན་ཏུ་རྒྱུན་ལྡན་མ་ཡིན་པའི་མི་ཚེའི་བྱུང་བ་མཚར་ལ་རིང་མོ་དེ་བྲིས་ཡོད།

བརྩམས་སྒྲུང་དེའི་རྩོམ་པ་པོ་ནི་རོ་མ་ནེ་ཡའི་རྩོམ་པ་པོ་དང་ཆོས་ལུགས་ལོ་རྒྱུས་ཀྱི་མཁས་པ་གྲགས་ཅན་ཨེ་ལའེ་ཏི་(Mircea Eliade,1907-1986)ཡིན་ལ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་ཁོང་གིས་ཧྥ་རན་སིའི་སྐད་ཡིག་གིས་གཙོར་བྱས་ཏེ་སྔ་རྗེས་སུ་ཆོས་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་། ཆོས་ལུགས་རིག་པའི་གཞུང་ལུགས་དང་ཐབས་ལམ། མི་དང་སྤྱི་ཚོགས། ཆོས་ལུགས་བཅས་ཀྱི་འབྲེལ་བ་སོགས་ལ་དམིགས་ཏེ་ཆེད་དེབ་འགའ་བྲིས་པ་ལ་དུས་སྐབས་དེའི་རིག་གཞུང་པའི་སྡེ་ནས་གདེངས་འཇོག་མཐོན་པོ་ཐོབ་ཡོད་ཅིང་། དེང་གི་ཆོས་ལུགས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ནས་ཀྱང་ཨེ་ལའེ་ཏིའི་ལྟ་བས་གོ་གནས་ངེས་ཅན་བཟུང་འདུག་པས། དེ་ཡང་ནུབ་ཕྱོགས་ཀྱི་བོད་རིག་པ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་ཐུའུ་ཆི་ལ་རྒྱུས་གང་འཚམ་ཞིག་ཡོད་སྲིད་པ་དེ་དང་། ནུབ་ཕྱོགས་ཀྱི་ཆོས་ལུགས་རིག་པ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་ཨེ་ལའེ་ཏི་ལ་རྒྱུས་གང་འཚམ་ཞིག་ཡོད་སྲིད་པ་གཉིས་ནི་ཕལ་ཆེར་དོན་མཉམ།

འཛམ་གླིང་ཤར་ཕྱོགས་ཀྱི་སྐད་ཡིག་དང་ཆོས་ལུགས་ལ་ཞིབ་འཇུག་བྱ་རྒྱུ་ནི་ཡོ་རོབ་མཁས་པ་འདི་གཉིས་ཀྱི་ཐུན་མོང་གི་དགའ་ཕྱོགས་ཡིན་ལ། ཁོང་གཉིས་སྒེར་ངོས་ནས་ཀྱང་འབྲེལ་བ་ཟབ་པར་མངོན་ཏེ། གོང་ནས་ཅུང་ཙམ་ཞུས་པའི་བརྩམས་སྒྲུང་ལང་ཚོ་མེད་པའི་ལང་ཚོ་ཞེས་པར་ཨེ་ལའེ་ཏི་ཡིས་ཐུའུ་ཆི་ནི་བྱུང་རིམ་ཕྱི་མ་འགའ་དང་ཐད་ཀར་འབྲེལ་བའི་མི་སྣ་གལ་ཆེན་ཞིག་ཏུ་བྲིས་ཡོད། བརྩམས་སྒྲུང་དེར་མི་སྣ་གཙོ་བོ་རྡོ་མེ་ནེ་ཁུ་ལ་ལང་ཚོ་གཉིས་པ་གསར་དུ་བརྙེས་རྗེས་བྱུང་བའི་དོན་དག་གཙོ་བོ་གཅིག་ནི་ཁོ་བུ་མོ་བེ་རོ་ནེ་ཁ་(Veronica)དང་འཕྲད་ནས་འཇིག་རྟེན་གྱི་བརྩེ་དུང་ལ་ཕྱིར་བློ་ཁ་འཁོར་ཏེ་སྐྱིད་སྡུག་མཉམ་དུ་མྱངས་པའི་སྐོར་ཡིན། རི་མགོར་སྤྲོ་གསེང་དུ་ཕྱིན་པའི་བེ་རོ་ནེ་ཁ་དང་མོའི་གྲོགས་མོ་ནི་ཆར་རླུང་ཤིན་ཏུ་དྲག་པོ་ཞིག་དང་འཕྲད་པས་རླངས་འཁོར་ལ་དོན་རྐྱེན་བྱུང་སྟེ་གྲོགས་མོ་བསད་ཅིང་། བེ་རོ་ནེ་ཁ་ནི་ཤིན་ཏུ་འཇིགས་ནས་བླ་ཡང་འཁྱམས་འདུག་སྐབས་རྡོ་མེ་ནེ་ཁུ་ཡིས་བྲག་ཁུང་ཞིག་ཏུ་ཡིབ་ནས་བསྡད་ཡོད་པའི་བེ་རོ་ནེ་ཁ་བསྐྱབས་པ་དང་། སྨན་ཁང་ནས་ནད་བཅོས་བྱེད་སྐབས་བེ་རོ་ནེ་ཁའི་བླ་འཁྱམས་འདུག་པས་མོས་རང་གི་སྐད་རིགས་ཡོངས་སུ་བརྗེད་ནས་ལེགས་སྦྱར་གྱི་སྐད་ཁོ་ན་མ་གཏོགས་བརྗོད་མི་ཤེས་པར་གྱུར་ལ། ཁོ་མོས་ལེགས་སྦྱར་སྐད་དུ་མོ་རང་ནི་རྒྱ་གར་གྱི་ནང་བའི་སློབ་དཔོན་དཔལ་ལྡན་ཆོས་གྲགས་ཀྱི་དངོས་སློབ་རུ་པེ་ནེ་(Rupine)ཡིན་པར་སྨོས་པ་སོགས་ཀྱང་བྱུང་བས། ཉེ་འཁོར་གྱི་སྨན་པ་དག་ཀྱང་བཅོས་ཐབས་ལ་རྨོངས་ནས་འུ་ཐུག་ཐབས་ཟད་དུ་ལུས། གནས་ཚུལ་དེར་དམིགས་ནས་རྡོ་མེ་ནེ་ཁུ་ཡིས་སྨན་པ་དག་ལ་བེ་རོ་ནེ་ཁ་དང་བརྡ་འཕྲོད་རྒྱུ་ནི་གལ་ཆེ་ཚུལ་བཤད་ཅིང་། ཁོང་གིས་ད་དུང་རོམ་གྱི་ཤར་ཕྱོགས་རིག་གནས་ཞིབ་འཇུག་ཁང་(The Oriental Institute in Rome)ནས་ལེགས་སྦྱར་སྐད་སྨྲ་ཤེས་ཤིང་། རྒྱ་གར་རིག་གནས་དང་སངས་རྒྱས་ཆོས་ལུགས་ཀྱི་ཆེད་མཁས་ཤིག་གདན་དྲངས་ཏེ་སྨན་པ་དག་དང་མཉམ་དུ་བཅོས་ཐབས་གྲོས་སུ་འདེབས་རྒྱུའི་རེ་བ་ཞུས། ཉིན་གཉིས་ཀྱི་རྗེས་སུ་ཁོང་གི་རེ་བ་ལྟར་རོམ་གྱི་ཤར་ཕྱོགས་རིག་གནས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་པའི་ཐུའུ་ཆི་ཉིད་རོམ་ནས་དངོས་སུ་སྨན་ཁང་དུ་ཕེབས་ནས་ལེགས་སྦྱར་སྐད་ཀྱི་ལམ་ནས་བེ་རོ་ནེ་ཁ་དང་ཁ་བརྡ་བྱས་ལ། ནད་པའི་གནས་ཚུལ་ལ་བརྟགས་ཤིང་དཔྱད་མཐར་ཐུའུ་ཆི་ཡིས་སངས་རྒྱས་བསྟན་པ་ཐོག་མར་དར་བའི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་(Uttar Pradesh)ན་རུ་པེ་ནེའི་སྒྲུབ་ཕུག་དངོས་ཡོད་ཚུལ་དང་བེ་རོ་ནེ་ཁ་ཡུལ་དེར་དངོས་སུ་ཁྲིད་ན་ནད་བཅོས་ལ་ཕན་ཚུལ་བཤད། དེ་ནས་མི་སྣ་གཙོ་བོ་རྡོ་མེ་ནེ་ཁུ་དང་ཐུའུ་ཆི་གཉིས་ཀྱིས་བེ་རོ་ནེ་ཁ་རྒྱ་གར་བྱང་ཕྱོགས་ལ་ཁྲིད་ནས་མོའི་བླ་བཀུགས་ཏེ་ནད་གདོན་ལས་ཐར་བར་བྱས་ལ། དོན་དེ་སྐབས་དེའི་གསར་འགྱུར་བརྒྱུད་ལམ་དག་ཏུ་ཁྱབ་པས་བེ་རོ་ནེ་ཁ་དང་ཐུའུ་ཆི་གཉིས་ནི་མི་མང་ཀུན་གྱིས་ཤེས་ནས་མཚན་སྙན་ཀྱང་རིམ་པར་རྒྱས། བྱུང་རིམ་འདི་དག་གི་རྗེས་ནས་ཐུའུ་ཆི་ཡི་ལས་འགན་ཡོངས་སུ་ལེགས་པར་འགྲུབ་འདུག་པས་བརྩམས་སྒྲུང་གི་བྱུང་རིམ་ཕྱི་མ་དག་ཏུ་ཁོང་བྲིས་མི་འདུག་གོ །

1475994673902075.jpg

ཨེ་ལའེ་ཏིས་རྩོམ་གྱི་དགོས་འབྲེལ་ལ་བསྟུན་ནས་ཤར་ཕྱོགས་རིག་གནས་སྤྱི་དང་ཁྱད་པར་དུ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་མང་བའི་ཐུའུ་ཆི་རང་གི་བརྩམས་སྒྲུང་དུ་བྲིས་པ་ལས་ཕྱོགས་གཅིག་ནས་ཐུའུ་ཆི་ཡིས་ནུབ་ཕྱོགས་རིག་གཞུང་པའི་སྡེ་ནས་ཟིན་པའི་གོ་གནས་དང་ཤན་ཤུགས་མཚོན་ཐུབ་པ་དང་། དེ་ཡང་རྩོམ་རིག་གསར་རྩོམ་གྱི་ཆེད་དུ་ཐུའུ་ཆི་ཡི་མིང་དང་ལས་གནས། ཞིབ་འཇུག་གི་ཕྱག་ལས་དང་ཡོན་ཏན་གྱི་གཙོ་བོ་སོགས་མདོར་ན་ཐུའུ་ཆི་མི་ངོ་མའི་གནས་ཚུལ་ཡོད་ཚད་ཇི་མ་ཇི་བཞིན་དུ་གཡར་ནས་བརྩམས་སྒྲུང་དུ་བྲིས་འདུག་པའི་ཚུལ་འདི་ལས་ཀྱང་རྩོམ་པ་པོ་ཨེ་ལའེ་ཏི་དང་ཐུའུ་ཆི་བར་གྱི་འབྲེལ་བ་ནི་སྤྱིར་བཏང་ཙམ་ཞིག་མིན་ཚུལ་ཤེས། ཡང་ཚུལ་འདི་ལས་ལོ་རྒྱུས་ཀྱི་མི་སྣ་ཞིག་རྩོམ་རིག་གི་མི་སྣར་འགྱུར་དགོས་ན་མི་དེ་རང་སྟེང་ལ་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ཁྱད་ཆོས་ཤིག་ནི་ཅིས་ཀྱང་གྲུབ་དགོས་པར་བསམ་ལ། ཐུའུ་ཆི་ཡི་ཡོན་ཏན་དང་ཁྱད་ཆོས་ནི་ཁོང་གི་བརྩམས་ཆོས་དག་བཀླགས་ན་ཤེས་པར་འགྱུར་ལ། དེ་བཞིན་དུ་ཁོང་གི་ནོར་འཁྲུལ་དང་གོ་འཛོལ་ཀྱང་ཁོང་གི་བརྩམས་ཆོས་དག་བཀླགས་ན་རྟོགས་ཡོང་སྟེ། མདོར་ན་ལང་ཚོ་མེད་པའི་ལང་ཚོ་ཞེས་པའི་བརྩམས་སྒྲུང་འདིར་བྲིས་པའི་ཐུའུ་ཆི་ནི་ཆོས་ལུགས་རིག་པ་སྨྲ་བ་མཁས་ཅན་ཨེ་ལའེ་ཏིའི་མིག་ནང་གི་ཐུའུ་ཆི་ཡིན་པར་ངེས་ལ། མི་སྒེར་གྱི་ཉམས་མྱོང་དང་འབྲེལ་བའི་སྣང་བརྙན་དེ་ད་ལྟའི་ངེད་ཅག་དང་ཡང་མི་ལོ་བཞི་བཅུ་ཙམ་གྱིས་ཆོས་འདུག་གོ །

2007ལོར་འཁྲབ་ཁྲིད་པ་གྲགས་ཅན་ཁོ་ཕོ་ལཱ་(Francis Ford Coppola)ཡིས་ཨེ་ལའེ་ཏིའི་བརྩམས་སྒྲུང་འདི་གློག་བརྙན་དུ་ཕབ་སྐྲུན་བྱས་འདུག་ལ། དེར་ཐུའུ་ཆི་འཁྲབ་མཁན་ནི་མར་སེལ་ཡུའུ་རེ་སུ་(Marcel Iures)རེད། ཟིན་བྲིས་འདིའི་བར་བར་དུ་བཀོད་པའི་བརྩམས་སྒྲུང་འདི་དང་འབྲེལ་བའི་པར་དག་ནི་གློག་བརྙན་དེ་ལས་བཤུས་པ་ཡིན།

2015.9.27



1475994641436600.jpg



▕  གློག་བརྙན་youth without youthལ་བལྟ་འདོད་ན་འདིར་གནོན།  http://www.mgtv.com/v/3/292319/f/3104138.html


དཔྱད་མཆན་ཡོད།