《འབུམ་རམས་པ་སི་ཁྲི་རན་ཇི》ཞེས་པའི་གློག་བརྙན་བསྐྱར་ཞིབ།

p2381079660.jpg

          《འབུམ་རམས་པ་སི་ཁྲི་རན་ཇི》(Doctor Strange 奇异博士)ནི་ཨ་རིའི་རི་མོའི་སྒྲུང་དེབ་ཅིག་རྨང་གཞི་བྱས་ཏེ་གློག་བརྙན་དུ་བསྒྱུར། འབུམ་རམས་པ་སི་ཁྲི་རན་ཇི་ནི་ཉིག་ཡོག་གྲོང་ཁྱེར་གྱི་གཤག་བཅོས་སྨན་པ་འཇོན་ཐང་ཅན་ཞིག་ཡིན་མོད། བདག་འཛིན་གྱི་བསམ་བློས་ཀུན་ནས་སྨྱོས་ཤིང་རང་སྣང་གི་རི་བོ་གནམ་ལ་ཟུག བྲག་ལམ་ནས་བྱུང་བའི་རླངས་འཁོར་གྱི་དོན་རྐྱེན་ཞིག་ལས། ཁོ་བོའི་ལག་པ་གཉིས་ལ་རྨས་སྐྱོན་ཚབ་ཆེན་ཤོར་ཏེ་སྨན་གྱིས་གསོ་ཐབས་བྲལ། གཤག་བཅོས་ཀྱི་ལས་ཀ་ལ་སྔར་ལྟར་ཞུགས་ཐབས་མེད་པར་གྱུར་པས། ཁོས་གོ་ལའི་ཤར་ཕྱོགས་ཀྱི་སྤྱི་ཚོགས་གཞན་ཞིག་ནས་ལག་ཟུང་གི་རྨས་སྐྱོན་ལ་བཅའ་ཐབས་བཙལ། 

          རྨས་སྐྱོན་ལ་དྲག་སྐྱེད་ཆེར་མ་བྱུང་བའི་རྗེས་སུ། འབུམ་རམས་པ་སི་ཁྲི་རན་ཇི་བལ་བོའི་རྒྱལ་ཁབ་ཏུ་ཕྱིན། གནས་དེ་ནས་ཁོ་རང་Ancient One ཞུ་བའི་གསང་བའི་ཆོས་བསྒྲུབ་པའི་སྔགས་འཆང་ཞིག་དང་མཇལ། སྔགས་འཆང་གིས་ངན་སྔགས་མཁན་ཚོགས་ཤིག་བསྡུས་ཏེ་མ་རིག་མུན་ནག་གི་གནོད་པ་ལས་འཇིག་རྟེན་གྱི་ཁམས་བདེ་བར་འགོད་པའི་ལས་ལ་བྲེལ། འབུམ་རམས་པ་སི་ཁྲི་རན་ཇིས་དང་ཐོག་རྨས་སྐྱོན་ཤོར་བའི་ལག་ཟུང་ལ་གསོ་ཐབས་བཙལ་བ་ཡིན་མོད། རྗེས་ནས་གསང་སྔགས་ཀྱི་མཐུ་མི་སྨན་པ་སྦྱང་ཐུབ་པར་མཐོང་པས། སེམས་སྦྱོང་གི་དཀའ་བ་ལྷུར་ལེན་བྱས་ཏེ་Ancient One གྱི་མཛུབ་སྟོན་ལ་བརྟེན་ནས་བདག་འཛིན་གྱི་ལྟ་བ་གཞོམ་པར་བྱས། འབྲས་བུ་ཅུང་ཐོབ་པ་དང་བསྟུན། ཁོའི་ལག་ཟུང་གསོ་བའི་དམིགས་ཡུལ་དེ་ཡང་དོན་ཆུང་དུ་གྱུར་ནས། འཇིག་རྟེན་གྱི་གེགས་དང་ངན་པ་རྒྱང་སྐྲོད་བཏང་སྟེ་སེམས་ཅན་སྐྱོབ་པའི་དཔའ་བོ་ཞིག་ཏུ་ལོག་པ་མཐར་ཐུག་གི་དམིགས་ཡུལ་དུ་གྱུར། 

           སྤྱིར་གློག་བརྙན་གྱིས་སྤྱི་ཚོགས་སོ་སོའི་ནང་རིགས་དང་ཚད་འདྲ་མིན་གྱི་ཤུགས་རྐྱེན་སྣ་ཚོགས་བཟོ་བས་ན། དེ་དག་བཟོ་མཁན་གྱིས་ཀྱང་སྤྱི་ཚོགས་ལ་ཤུགས་རྐྱེན་དང་བརྡ་ཅི་ཞིག་སྟོན་པར་སྔ་གཞུག་གི་བསམ་བློ་མང་པོ་གཏོང་བ་གདོན་མི་ཟ། ཏག་ཏག་འབྱུར་རྩ་དང་བརྒྱུད་རིམ་འདི་འདྲ་རྒྱུ་མཚན་དུ་བྱས་ཏེ། གློག་བརྙན་ལ་ཆབ་སྲིད་དང་རིག་གནས། དཔལ་འབྱོར་དང་སློབ་གསོ། ལོ་རྒྱུས་དང་སྤྱིར་མིའི་སྤྱི་ཚོགས་ཀྱི་འགྱུར་བ་སོགས་གང་ཅིའི་ཐད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་གིས་ཀུན་ནས་བསླངས་ཏེ་མཐོང་སྣང་ཅན་གྱི་གཏམ་རྒྱུད་དུ་བསྒྱུར་དང་སྒྱུར་མུས་སུ་མཆིས། དམིགས་ཡུལ་དེ་འདྲ་འགྲུབ་པར་བརྩོན་པ་ནི་ཆུང་ས་ནས་གློག་བརྙན་བཟོ་བའི་ལག་རྩལ་དང་པ་སེ་བཙོང་སྟེ་སྒོར་དངུལ་གསོག་པའི་དཔལ་འབྱོར་གྱི་འཐབ་རྩོད་ཙམ་རེད་མོད། ཆེ་ས་ནས་མཚོན་དོན་དང་གཏམ་རྒྱུད་ཀྱིས་མི་སེམས་བསྒྱུར་པར་བརྩོན་པའི་རིག་གནས་དང་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་ཞིག་གོ།

 

          ཉེ་ལམ་ཕྱོགས་སོ་སོའི་འདྲ་མཉམ་དང་ཐོབ་ཐང་སྨྲ་བ་སྐོར་ཞིག་གིས་ནུབ་ཕྱོགས་གློག་བརྙན་སྒྱུ་རྩལ་གྱི་སྡེ། ལྷག་པར་དུ་ཧོ་ལཱེ་བོ་སྒྲི་(Hollywood) སོགས་ལ་འཕྱ་སྨོད་དང་ཟུར་ཟ། སུན་འབྱིན་བྱེད་བཞིན་པའི་ནང་དོན་གཙོ་བོ་དཔེར་ན། ཨོ་སི་ཁཱར་ (Oscar) ལྟ་བུའི་དགའ་རྟགས་རྩེ་གྲས་ཐོབ་པའི་གློག་བརྙན་གྱི་གྲལ་དུ། མི་དཀར་གྱིས་འཁྲབ་པའི་གློག་བརྙན་གྱི་རིགས་ལས་མི་ནག་དང་ཤར་གླིང་གི་མིས་འཁྲབ་པའི་གློག་བརྙན་ནི་ཚུད་དཀའ་བའི་གནད་དོན་བརྗོད་པ་ལྟ་བུ། འདི་ལས་མི་རིགས་དང་རིགས་རྒྱུད་རིང་ལུགས་ནི་གློག་བརྙན་ལྟ་བུའི་སྒྱུ་རྩལ་གྱི་དོ་རའི་ཟར་ཟུར་གང་རུང་ལ་སྐྱ་འཐབ་ཡོད་པས་མི་ཚད། མི་དཀར་རིགས་རྒྱུད་ཀྱིས་གོ་གནས་ཆེན་པོ་འཛིན་བཞིན་པ་མངོན་གསལ་དུ་སྟོན། 

 

          སྐབས་འདིར། དུས་རབས་ནི་ཉི་ཤུ་རྩ་གཅིག་ལ་སླེབས་ཏེ་ཚར་ལ་ཉེ་ན་ཡང་། སོ་སོའི་གློག་བརྙན་སྒྱུ་རྩལ་ཁྱབ་གདལ་གྱི་འགྲན་སྡུར་ཁྲོད། ཤར་ཕྱོགས་༼ཡ་གླིང་༽པས་གློག་བརྙན་ཕབ་ལེན་ལག་རྩལ་དང་རྟོགས་བཟོ་བཅས་ཀྱི་ཐད་ནུབ་ཕྱོགས་པ་དང་དོ་ཟླ་དེ་ཙམ་ཡོང་གི་མེད་པས་མི་ཚད། རྒྱུག་ཆེ་བའི་རྒྱལ་སྤྱིའི་གློག་བརྙན་མང་པོའི་དོན་སྙིང་གི་མཚོན་བྱ་དང་མི་སྣའི་ཚབ་མཚོན་གྱི་གྲལ་དུ་ཡང་ཚུད་ཐུབ་པ་ཧ་ཅང་ཉུང་། ༼འབུམ་རམས་པ་སི་ཁྲི་རན་ཇི་༽གློག་བརྙན་ལྟ་བུར་མཚོན་ན། ཤར་ཕྱོགས་པའི་"གསང་བའི་ཆོས་"ལ་ནུབ་ཕྱོགས་པ་སྐྱབས་སུ་སོང་སྟེ་བདེན་པའི་རང་ལུགས་བཟུང་ནས། ནུབ་ཕྱོགས་པའི་ཡི་ཤུའི་ཆོས་ལས་བྱུང་བའི་འཇིག་རྟེན་གཏོར་བའི་འདོན་འདྲེ་འགའ་ལ་འཐབ་རྩོད་བྱས་ནས་འཇིག་རྟེན་སྐྱོབ་པའི་མཚོན་དོན་ཁྲོད། ཤར་ཕྱོགས་ཀྱི་སྔགས་འཆང་Ancient One ནི་སྤྱིར་ན་ཤར་ཕྱོགས་ཡ་གླིང་གི་རིགས་རྒྱུད་ཅིག་གིས་མཚོན་དགོས་མོད། མི་སྣ་དེ་ཉིད་ཀྱང་མི་དཀར་བུད་མེད་ཅིག་གིས་མཚོན་པར་བྱས་ཏེ། རིག་གནས་ཀྱི་མཚོན་ཡུལ་དང་མཚོན་བྱེད་ལ་མགོ་རྟིང་བསློགས། དེ་མིན་འབུམ་རམས་པ་སི་ཁྲི་རན་ཇི་ལ་Ancient One ལས་ཀྱང་མཐུ་སྟོབས་ཆེ་བའི་མི་དཀར་ངན་སྔགས་མཁན་ནམ་རྫུ་འཕྲུལ་ཅན་ (sorcerer) གྱི་འཇིག་རྟེན་སྐྱོབ་པའི་དཔའ་བོ་གཅིག་པུའི་གོ་གནས་ཐོབ། 

 

          ནུབ་ཕྱོགས་པས་ཤར་ཕྱོགས་རང་ལུགས་སམ་ཆོས་ལུགས་གོམ་སྲོལ་གྱི་རིག་གནས་ (Orientalism) དང་གསང་ཆོས། (Occultism) སངས་རྒྱས་ཆོས་ལུགས་ (Buddhism) སོགས་དང་འབྲེལ་བའི་རིག་གནས་ལ་ཚབ་མཚོན་དང་གོ་བརྡ་ལེན་པའི་སྒང་ལ། ཆོས་ལུགས་དང་རིག་གནས། རིགས་རྒྱུད་སོགས་སོ་སོ་ལ་ནང་གི་མཐོ་དམའ་དང་འདྲ་མཉམ་དཀོན་པའི་སྣང་ཚུལ་སྐྱོ་བོ་མང་པོ་བསྐྲུན། དཔེར་ན། ནུབ་ཕྱོགས་པས་ལོ་ངོ་མང་པོའི་རང་ལ་ཤར་ཕྱོགས་པར་ "གསང་བ་" དང་"ངོ་མཚར་" ལྟ་བུའི་ཁྱད་མཚར་བའི་འཆར་ཡན་གྱི་ལྟ་ཚུལ་བཟུང་པའི་མཇུག་འབྲས་ནི་ནུབ་ཕྱོགས་འཇིག་རྟེན་དུ་ད་བར་དུ་ཡང་ཤར་ཕྱོགས་པའི་དོན་དངོས་ཀྱི་མི་རིགས་དང་རིག་གནས། ལོ་རྒྱུས་སོགས་ཀྱི་མཚོན་དོན་ལ་མཁྲེགས་འཛིན་གྱི་ལྟ་ཚུལ་རྙིང་བ་དག་(stereotypes) རྒྱུན་འབྱམས་སུ་སོང་ཡོད་པ་ལྟ་བུ་དེ་རེད། 

 

        ལར་ཤར་ཕྱོགས་ཕར་ཞོག བོད་ཀྱི་ཡུལ་དང་མི་ལ་བཟུང་བའི་གསང་བ་དང་ངོ་མཚར་གྱི་ལྟ་ཚུལ་ནི་ནུབ་ཕྱོགས་སུ་ད་རུང་ཤི་མ་གསོན་དུ་ལུས་ཡོད་དེ།  ༼འབུམ་རམས་པ་སི་ཁྲི་རན་ཇི་༽ གློག་བརྙན་ནང་དུ། བོད་ཀྱི་མཚོན་དོན་དུ་མ་ནི་དཔེར་ན་བལ་ཡུལ་གྱི་མ་ཎིའི་བསྐོར་ལམ་དུ་འགྲོ་བཞིན་པའི་པང་ཁེབས་དཀྲིས་པའི་བོད་པའི་བུད་མེད་དང་ཉེ་འཁོར་གྱི་གོམས་སྲོལ་ཙག་ཙིག ལྷག་པར་དུ་སྔགས་འཆང་ Ancient One ནི་བོད་ནས་ཡིན་པ་དང་། འབུམ་རམས་པ་སི་ཁྲི་རན་ཇི་སོགས་ཀྱིས་སྦྱངས་བའི་གསང་སྔགས་ཀྱི་མཐུ་དང་རྩལ་ལ་ནང་བའི་ལྟ་གྲུབ་དང་གཏན་ཚིགས་ཀྱིས་ཤུགས་རྐྱེན་བཟོས་ཡོད་པ་མཚོན། སྔགས་འཆང་དེ་ཉིད་བོད་ནས་ཡིན་པར་རྟོགས་བཟོ་བྱས་པ་ནི་གློག་བརྙན་དེ་ཡི་འཁྲབ་གཞུང་རྩོམ་པ་པོ Robert Cargill ཡིས་ཉེ་ལམ་ཉིག་ཡོག་དུས་བབས་གསར་འགྱུར་ལས་གསལ་བཤད་བྱས་མོད། ཁོས་གློག་བརྙན་ལས་སྔགས་འཆང་བོད་ཡུལ་ནས་ཡོང་བ་གསལ་སྒྲག་མ་བྱས་པའི་རྒྱུ་མཚན་ནི་འབྲེལ་ཡོད་ཆབ་སྲིད་ལ་གནོད་པ་བཟོ་མི་འདོད་པ་དང་། རྒྱ་ནག་གློག་བརྙན་ཚོང་རའི་ནང་གློག་བརྙན་འདི་ཉིད་སྟོན་འདོད་པའི་ཆེད་དུ་ཡིན་བྱས་པའི་སྐད་ཆ་དྲང་མོར་བརྗོད་ཡོད། ཡིན་ན་ཡང་། འདིར་བཤད་བཞིན་པ་ནི་དེ་མ་ཡིན་ལ། འདི་འབྲེལ་གྱི་འབྲེལ་བརྗོད་ཕྲན་བུ་ནི་ཨ་རིའི་མ་རྩ་དང་དངོས་པོའི་འཇིག་རྟེན་ལ་ནུབ་ཕྱོགས་པས་ཧི་མ་ལ་ཡའི་གངས་འདབས་ཀྱི་མི་རིགས་ཤིག་གི་རིག་གནས་ལས་གསང་བ་ཆོས་ལུགས་ཟེར་བ་ཞིག་བསྒྲུབ་སྟེ་བདག་གིར་བྱས་ནས་རང་ཉིད་ཀྱི་སྙིང་བོ་འཚོལ་བ་དང་། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་བོད་དང་སྤྱིར་ཧི་མ་ལ་ཡའི་གངས་འདབས་ཀྱི་མི་རིགས་སོ་སོ་ལ་"གསང་བ" དང་"ངོ་མཚར" གྱི་ལྟ་ཚུལ་རྙིང་བ་དག་མི་འདོར་སླར་གསོ་བྱས་ཏེ། དངོས་ཡོད་ཀྱི་བྱེ་བྲག་སྣང་བརྙན་ལ་དངོས་མེད་ཀྱི་ཚོན་མདོག་རབ་རིབ་བྱུགས་པ་དེ་ལ་མཉམ་འཇོག་གནང་དགོས་ས་ཞིག་རེད་སྙམ་པ་དེ་ལགས། 


དཔྱད་མཆན་ཡོད།