སྔ་མ་བོར་ལ་ཕྱི་མ་མ་ཟིན་པ་དེ། ____ གློག་བརྙན་ཐར་ལོར་བལྟས་རྗེས་སུ། 

གློག་བརྙན་ཐར་ལོ་ནི་འཛམ་གླིང་གི་གློག་བརྙན་དུས་ཆེན་ཆེན་པོ་བཞིའི་གྲས་སུ་ཚུད་པ་དང་གསེར་གྱི་རྟ་མཆོག་དང་བཅས་པའི་བྱ་དགའ་ཡང་མང་བོ་ཐོབ་པའི་བོད་རང་གི་གློག་བརྙན་ཞིག་ཡིན་པས། བོད་མི་མང་ཤོས་ཀྱིས་ནམ་ཞིག་ལ་མཐོང་ཐུབ་པར་རེ་ལྟོས་ཆེན་པོ་བཅངས་ཡོད་པ་རེད། ད་ལྟ་"སྐལ་བཟང"དེ་ཡང་མངོན་ཏུ་གྱུར་བས་བལྟས་རྗེས་ཀྱི་མྱོང་ཚོར་ཙམ་གླེང་བར་འདོད་སོང་།

"ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན་"ཟེར་བ་ལྟར་ཐར་ལོའི་བརྙན་མིག་རེ་རེའི་ནང་དུ་ང་ཚོའི་གྲིབ་གཟུགས་ཤར་ཡོད་ལ། གྲིབ་གཟུགས་དེ་ནི་སྤྱི་ནས་བཟུང་སྟེ་རེ་རེ་བཀྲལ་ན་ཧ་ཅང་གསལ་བར་བསམས་སོང་། དེ་ན་སྤྱིའི་གྲིབ་གཟུགས་གང་རེད་ཟེར་ན། དེ་ནི་ཁོ་རང་གྲོང་ཁྱེར་ནས་དོན་དག་སྣ་རེ་འཕྲད་པ་ལས་རང་ཉིད་ཀྱི་སྔོན་གྱི་ཐོབ་ཐང་བོར་སོང་ལ། ཕྱིར་ཐོབ་ཐང་གཞན་ཞིག་འཚོལ་དུ་སོང་བའམ་སྔོན་གྱི་དེ་གང་ཡིན་རུང་ཕྱི་མ་དེ་ཡང་མ་ཟིན་པས། སྔ་མ་བོར་ལ་ཕྱི་མ་མ་ཟིན་པ་ནི་བརྙན་མིག་སྤྱིའི་མཚོན་བྱེད་དུ་གྱུར་བའི་ང་ཚོའི་གྲིབ་གཟུགས་དེ་ཡིན་པར་བསམ་སོང་། དེ་དང་འདྲ་བར། ད་ལྟ་བོད་པ་མང་ཆེ་བར་མཚོན་ན་གྲོང་ཁྱེར་དང་"དེང་རབས"ཀྱི་འབྲེལ་བ་ཤིན་ཏུ་ཇེ་ཟབ་ནས་ཇེ་གཏིང་དུ་འགྱུར་བཞིན་ཡོད་པ་རེད་ལ། འདིའི་གོ་རིམ་ཁྲོད་དུ་ང་ཚོའི་བསམ་ཤེས་ཡིན་མིན་དང་མངོན་ལྐོག་གང་ཡིན་རུང་། སྔ་མ་སྟེ་བོད་པ་རང་ཉིད་ཀྱི་"ཆ་ཤས"འགའ་རེ་འབོར་གྱིན་ཡོད་པ་རེད་ལ། ཕྱི་མ་སྟེ་ཐོབ་ཐང་གཞན་པར་གྱུར་འདོད་མེད་པའམ་སྔ་མའི་ཁྱད་ཆོས་གང་ཡང་མེད་པའི་"ལམ་བར་གྱི་ཐར་ལོ"ལྟ་བུའི་མི་མང་བོ་ཞིག་འབྱུང་བཞིན་ཡོད་པ་རེད། དེ་དག་ནི་སློབ་མ་དག་གི་སྟེང་ནས་གསལ་ལ་ལྷག་ཏུ་ཆུང་དུས་ནས་རྒྱའི་སློབ་གྲྭ་འགྲིམས་དེ་ཡོང་མཁན་ཚོའི་སྟེང་ནས་གསལ་བ་རེད། ད་དུང་མི་རེ་རེའི་རང་སྟེང་ན་ཡང་གང་ཞིག་བོར་གྱིན་པའི་གྲིབ་གཟུགས་ཡོད་མེད་རང་རང་གིས་འདང་རྒྱོབས་དང་ཤེས་གི་རེད། དེ་བས་ཐར་ལོའི་གྲིབ་གཟུགས་འདི་ནི་ད་ལྟའི་མི་རབས་འདིའི་གྲིབ་གཟུགས་ཡིན་ལ་ལྷག་ཏུ་མི་རབས་རྗེས་མ་དག་གི་གྲིབ་གཟུགས་འདི་འདྲར་འགྱུར་བ་ལ་སྔོན་དཔག་ལྟ་བུར་གྱུར་འདུག་ཟེར་ན་ཡང་ཆོག་པར་བསམས་སོང་ལ། གྲིབ་གཟུགས་འདི་མ་འོངས་པ་ན་ཇེ་མང་དང་ཇེ་གསལ་ཏུ་འགྲོ་བར་སེམས་ཁུར་ཡོད་པས། མཇུག་ཏུ་སྔོན་དཔག་འདི་ལ་སེམས་ཁུར་དང་འདས་པ་ལ་ཕྱིར་རྟོག་བྱ་དགོས་པ་ང་ཚོར་བཤད་ཡོད་དེ། དེ་ནི་ཆང་དམ་དེའི་རྗེས་སུ་རྒྱག་དོན་དང་ཤོག་སྦག་དེ་ལག་ནས་བཀད་དོན་ལ་སོམས་དང་ཤེས་འོང་། ཤོག་སྦག་ཅིག་ལག་ནས་བཀད་ན་རང་སྲོག་ཤོར་མི་སྲིད་ལ་དེས་ང་ཚོས་སྦྲིད་འཐོམས་རིགས་ཤིག་དྭངས་པར་བྱས་ཏེ་རང་ཉིད་ལ་ཚ་འདྲི་གཏིང་འདྲི་ཞིག་བྱེད་དགོས་པ་བསྟན་པར་འདོད་དོ།།

 ཐར་ལོའི་གྲིབ་གཟུགས་དེ་འདས་པ་དང་ད་ལྟའི་གྲིབ་གཟུགས་ཡིན་ལ། ལྷག་ཏུ་མ་འོངས་པའི་མི་མང་བོ་ཞིག་གི་གྲིབ་གཟུགས་ཡིན་སྲིད་ཀྱི་རེད།དེ་བས་ཐར་ལོ་ནི་ཡུལ་དུས་ཀྱི་ཚད་བཀག་མེད་པའི་ཕུལ་བྱུང་གི་གཏམ་རྒྱུད་བརྙན་ལྷེ་(故事片)ཞིག་ཡིན་པར་འདོད་སོང་།.གཏམ་རྒྱུད་བརྙན་ལྷེ་ནི་འཁྲབ་སྟོན་པ་ཆེད་ལས་ཡིན་མིན་གཉིས་ཀྱིས་འཁྲབ་ཆོག་ལ། གཏམ་རྒྱུད་ལ་བྱུང་རིམ་ངེས་ཅན་ཞིག་དགོས་པ་རེད། འདི་ལ་ཡང་བརྗོད་བྱའི་ཆ་ནས་དབྱེ་སྟངས་དུ་མ་ཡོད་མོད། གཅིག་མཐུན་ཞིག་བྱུང་མི་འདུག དེ་ནས་ཕུལ་བྱུང་གི་གཏམ་རྒྱུད་བརྙན་ལྷེ་བཟང་བོ་ཞིག་ཡིན་ན་དེ་ལ་དུས་རབས་ཀྱི་ཁྱད་གཤིས་དང་མི་རིགས་ཀྱི་ཁྱད་གཤིས་ཡོད་པ་མ་ཟད། ཡིད་འགུགས་ནུས་པའི་མི་སྣའི་སྣང་བརྙན་དང་བྱུང་རིམ་ཡོད་པ་རེད། ད་དུང་གཏིང་ཟབ་ས་ཞིག་ནས་འཚོ་བའི་ངོ་གདོང་དངོས་ཤིག་མཚོན་ཏེ། ལྟ་མཁན་རྣམས་ལ་འཚོ་བའི་བདེན་དོན་དང་བསམ་གཞིག་གི་ཆ་ཞིག་སྟོན་ཐུབ་པ་རེད། ཏག་ཏག་ཐར་ལོར་འདི་དག་འཛོམས་ཡོད་པས་གཏམ་རྒྱུད་བརྙན་ལྷེ་ཕུལ་བྱུང་ཞིག་ཡིན་པར་འདོད་སོང་།

 དེ་ནས་བརྙན་མིག་བྱེ་བྲག་པ་འགའི་མཚོན་དོན་གླེང་ན། ཐར་ལོ་བདེ་སྐྱིད་པར་ཁང་ནས་གཡང་མཚོ་སྐྲ་བཞར་ཁང་གཉིས་བར་གྱི་འགྲོ་འོང་དང་བཅས་པའི་བརྙན་མང་ཤོས་ལྡོག་ལེན་གྱི་བྱེད་ཐབས་སྤྱད་ཡོད་པ་རེད་ལ། དེ་ནི་ཁོ་ལ་མཚོན་ན་གྲོང་ཁྱེར་ནི་རབ་རིབ་དང་མག་མོག་ཅིག་ཡིན་པ་མཚོན་འདུག་ལ། གཡང་མཚོ་དང་ཁོ་གཉིས་ཀྱི་འབྲེལ་བ་ཡང་དེ་བཞིན་རེད། ཁོ་གཉིས་ཀྱི་འབྲེལ་བ་དེ་འདྲའི་མག་མོག་ཅིག་ཡིན་པས། ཁོ་གཉིས་རྗེས་སུ་རང་སར་འགྲོ་ངེས་ལ། དེ་འགྲོ་བའི་རྒྱུ་མཚན་ནི་ཁཱ་ལokནང་དུ་ཁོ་གཉིས་ལ་མི་མཐུན་ཆ་མང་བོ་ཞིག་བྱུང་ཡོད་པ་རེད། དེ་དག་ནི་ཁོ་གཉིས་ཀྱི་དུ་ཆང་གཉིས་མི་གཅིག འདུག་སྟངས་མི་གཅིག གླུ་མི་གཅིག་ལ་སྐད་སྦུག་དགོས་མིན་སོགས་ཀྱང་མི་གཅིག་པས་རང་སར་འགྲོ་ངེས་པ་དབུགས་ལྒང་ཞིག་རང་སར་གད་པ་དེས་སྔོན་བརྡ་ལྟ་བུ་བཏང་ཡོད་པར་བསམས་སོང་། ད་དུང་པར་ལེན་ཁང་དུ་པར་ལེན་གྱིན་པའི་བོད་རིགས་བཟའ་ཟླ་དེ་གཉིས་ལ་མཚོན་ན་སྔ་མའི་ཆ་དེ་འབོར་གྱིན་པའི་གོ་རིམ་བསྡུས་པ་ཞིག་རེད་ཟེར་ན་ཆོག་པར་བསམས་སོང་ལ། ཁོ་གཉིས་ཀྱི་དང་ཐོག་བོད་ལྭ་གྱོན་ཡོད་པ་ནས་རིམ་བཞིན་ཕུད་པའི་གོ་རིམ་དེ་ནི་དེའི་མངོན་སྟངས་གསལ་བོ་ཞིག་ཡིན། ཡིན་ཡང་། བོད་ལྭ་ཕུད་ཚར་དུས་གང་ཞིག་འགྲིག་མེད་པའམ་སྟོང་བའི་ཆ་ཞིག་ཡོད་པའི་ཚོར་སྣང་ཡོང་བཞིན་པ་ནི་ཆེས་མ་མཐའི་རིགས་ཀྱི་འདུ་ཤེས་མངོན་སྟངས་ཤིག་གམ་སྔ་མ་དོར་ཚར་ན་ཕྱི་མ་དེ་དེ་འདྲའི་འཚམ་པོ་མེད་པའི་མངོན་སྟངས་ཤིག་རེད། དེ་ནས་ལུ་གུའི་འབའ་སྒྲ་དེས་གང་ཞིག་ཆད་ཡོད་པའམ་གང་ཞིག་མཁོ་བཞིན་པ་རྟོགས་པར་བྱས་སོང་བ་ལྟར་ཚར་བར་བྱས་འདུག་ལ།དེ་ནི་སད་རྟོགས་རིགས་ཤིག་ཡིན་ཡང་སྲིད། གང་ལྟར་མཐའ་མར་ཐར་ལོའི་ལག་ནང་ནས་ཤོག་སྦག་གད་པའི་སྒྲ་དེ་དང་ན་ཟུག་དེས་ལུ་གུའི་འབའ་སྒྲ་དེ་ལས་སད་རྟོགས་ཆེ་ཞིག་འབྱུང་རྒྱུ་ནི་གཙོ་བོ་རེད་འདོད་དོ།།


རྩོམ་འདིའི་ནང་གི་བརྡ་སྤྲོད་དང་དག་ཆ། ཡང་ན་གཏགས་ནོར་ཐེབས་པ་དག་ངེད་རྩོམ་སྒྲིག་ཁང་ནས་བཅོས་ཡོད། བརྗོད་བྱའི་ཐད་ནས་མ་ཡིག་ནང་བཞིན་བཞག་ཡོད་པ་ལས་གཞོག་གཏུབ་ཅི་ཡང་བྱས་མེད། དེ་ལུགས་ཐུགས་ལ་འཇགས་པར་འཚལ།

དཔྱད་མཆན་ཡོད།