«བྱ་ཁྲ་ཁེ་སི།»

         གློག་བརྙན་ལ་ལ་ཞིག་གིས་འཁྲབ་ཚིག་དང་རོལ་མོ་སོགས་སྤྱད་ནས་ཁྱོད་ལ་ཡིད་འགུལ་བའི་མིག་ཆུ་བཞུར་དུ་འཇུག་པ་དང་། ཡང་ལ་ལ་ཞིག་གིས་དལ་བ་དལ་བུར་ཁྱོད་ལ་མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ངོ་སྤྲད་ནས་སྙིང་གཟེར་དུ་འཇུག ངས་བལྟས་ན་དབྱིན་ཇིའི་འཁྲབ་ཁྲིད་པ་གྲགས་ཅན་ཁེན་ལོ་ཆིKen Loachཡི《བྱ་ཁྲ་ཁེ་སི》(KES,1969 རྒྱ་སྐད་དུ<ཁྲ་དང་བུ་ཆུང>小孩与鹰ཞེས་བསྒྱུར་ཡོད། )ནི་ཕྱི་མའི་རིགས་སུ་གཏོགས་པ་འདྲ།

         《བྱ་ཁྲ་ཁེ་སི》ནི་འཁྲབ་ཁྲིད་པ་ཁེན་ལོ་ཆི་ཡི་བརྩམས་ཆོས་གྲགས་ཆེ་ཤོས་ཤིག་ཡིན་པ་མ་ཟད། གློག་བརྙན་དཔྱད་བརྗོད་པ་ཚོས་འདི་ནི་དབྱིན་ཇིའི་གློག་བརྙན་ལོ་རྒྱུས་སྟེང་གི་གློག་བརྙན་གལ་ཆེན་པོ་ཞིག་ཏུའང་ངོས་འཛིན་བཞིན་ཡོད། དེ་ན་འདི་ཉིད་གལ་ཆེ་དོན་ཅི་ཡིན་ཞེ་ན། འདིའི་ནང་དུ་དབྱིན་ཇིར་ལོ་རབས་ལྔ་བཅུ་བར་བྱུང་བའི་རང་དབང་གློག་བརྙན་གྱི་ལས་འགུལ་ཞེས་པའི་སྒེར་ཚུགས་དང་རྣོ་ངར་གྱི་ཁྱད་ཆོས་རྒྱུན་བསྐྱངས་ཡོད་ལ། གཞན་ཡང་ལོ་རབས་སུམ་ཅུ་བར་དབྱིན་ཇིར་བྱུང་བའི་དངོས་བཤུས་གློག་བརྙན་པའི་དངོས་མཚོན་དང་ཞིབ་འབྲི་ཡི་ཆ་ཤས་ཀྱང་སླར་གསོ་བྱུང་ཡོད། དེའི་ཕྱིར་འདི་ཉིད་ནི་དབྱིན་ཇིའི་གློག་བརྙན་རྣོ་ངར་ནས་སླར་ཡང་དངོས་མཚོན་གྱི་ལམ་བུར་བསྐྱོད་ཅིང་། ནར་སོན་ཞིང་ལྷོད་ཆགས་པ་མཚོན་ཐུབ་ལ། འདི་ནས་བཟུང་དབྱིན་ཇི་རུ་སྔར་མེད་པའི་གློག་བརྙན་གྱི་ལམ་བུ་གསར་བ་ཞིག་ཆགས་ཡོད་ཅེས་བརྗོད་ཆོག

         གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་ཁ་སི་ཕིར(Billy Casper)ནི་ཨ་ཕ་མེད་པའི་ཁྱིམ་ཚང་ཁ་འཐོར་ཞིག་གི་ཕྲུ་གུ་ཆུང་བ་ཡིན། ཁོ་རང་སྔ་མོ་ནས་མལ་ལས་ལངས་རྗེས་སློབ་གྲྭར་མ་ཕྱིན་གོང་ཚགས་པར་སྐྱེལ་བའི་ཞོར་ལས་ཤིག་ཚར་དགོས་ཤིང་། ཞོར་ལས་དེའི་ཡོང་འབབ་ཁོའི་ཨ་མས་ཧམ་བཟུང་བྱས་ནས། ཐ་ན་ཁོ་ལ་རྐང་གྲུག་རྩེད་བྱེད་ཀྱི་གོས་ཐུང་ཞིག་ཀྱང་ཉོ་སྤྱད་རག་གི་མེད། ཁོའི་གཅེན་པོ་ནི་གྲོང་ཚོའི་ནང་གི་རྡོ་སོལ་གཏེར་ཁའི་བཟོ་བ་ཞིག་ཡིན་ལ། ཉིན་རྟག་པར་གཏིང་རིང་བའི་སོལ་ཁྲོན་དུ་བབས་ནས་ལས་ཀ་ལས་ནའང་ཡོང་འབབ་མཐོན་པོ་མེད། གཅེན་པོས་རང་གི་འཚོ་བའི་དཀའ་སྡུག་དང་སྐྱོ་ངལ་དག་ཁོང་ཁྲོ་རུ་བསྒྱུར་ནས་ནམ་ཡང་གཅུང་པོ་ཁ་སི་ཕིར་ལ་ཚིག་རྩུབ་དང་རྡུང་རྡེག་སྤྲོད་བཞིན་ཡོད། སློབ་གྲྭ་རུ་ཕྱིན་དུས་དགེ་རྒན་ཚོས་ཀྱང་སློབ་མའི་སེམས་ཁམས་དང་འགྲོ་འདུག་སོགས་ལ་དོ་སྣང་དེ་འདྲ་མི་བྱེད་པར། ཚིག་རྩུབ་མོ་དང་ཉེས་ཆད་སོགས་ཀྱིས་གཅུན་ཐབས་བྱེད། དཔེར་ན་ལུས་རྩལ་དགེ་རྒན་གྱིས་འཛིན་གྲྭ་རུ་ཁག་གཉིས་སུ་བགོས་རྗེས་རང་གི་རུ་ཁག་གིས་རྒྱལ་ཁ་ལེན་ཐབས་སུ་གཡོ་ཇུས་བཀོལ་བ་དང་། རུ་ཁག་ཕ་རོལ་བོ་སྒྲིག་ལམ་ལ་འགལ་སོང་ཞེས་ཧམ་པ་མཁྲེག་བཟུང་གིས་སྤོ་ལོ་བླུགས་ཐབས་བྱེད་པ་རེད། མཐར་ཁོ་ཚོའི་རུ་ཁག་ཕམ་རྗེས་དགེ་རྒན་གྱིས་མ་རུང་ཁོག་བཅིང་གིས་ཆེད་དུ་ཁ་སི་ཕིར་ལ་ཆུ་དྲང་མོས་གཟུགས་པོ་བཀྲུ་རུ་བཅུག་ཅིང་། སྒོ་འགྲམ་དུ་སྲུང་མཁན་སློབ་མ་མངགས་ནས་ཆུའི་ཀ་ལིའི་དང་རྒྱང་བསྐྱེད་དུ་མ་བཅུག་པར་མནར་གཅོད་བཏང་།

 

          ཁ་སི་ཕིར་ཁོ་རང་ནི་སློབ་སྦྱོང་ལེགས་པོ་མེད་ལ། ཐ་ན་སློབ་གསེང་གི་སྐབས་སུ་ཐབས་ཤེས་བྱུང་ན་རྐུ་མ་རྐུ་བའི་ལས་ཀྱང་བྱེད་པ་རེད། ཁོས་ཞིང་བ་ཁྱིམ་ཚང་ཞིག་གི་རྩིག་པའི་གསེང་ན་བྱ་ཁྲའི་ཚང་ཞིག་ཡོད་པ་མཐོང་རྗེས། ཐབས་ཤེས་སྤྱད་ནས་བྱ་ཁྲའི་ཕྲུ་གུ་ཞིག་ནང་ལ་ཁྱེར་ཡོང་བ་དང་། གྲོང་ཁྱེར་གྱི་དཔེ་ཁང་ནས་ཁྲ་གསོ་ཐབས་ཀྱི་དེབ་ཅིག་བརྐུས་ནས་སློབ་སྦྱོང་ཞིབ་མོ་བྱས། རིམ་གྱིས་ཁོ་ནི་ཁྲ་ལ་དགའ་བར་གྱུར་བ་དང་། ཁོས་ངས་བྱ་ཁྲ་ཁྱེར་ནས་སྲང་ལ་འགྲོ་སྐབས། མི་རེ་འགས་ལྟོས་དང་། ཁ་སི་ཕིར་དང་ཁོའི་རྩེད་རོགས་བྱ་གླག་གཉིས་འགྲོ་བཞིན་འདུག་ཟེར། ངས་ཁོ་ཚོ་ལ་འདི་རྩེད་རོགས་མ་རེད་ཅེས་གསལ་སྤྲད་པ་ཡིན། ད་དུང་རེ་འགས་ང་ལ་འདི་བཏུལ་ཟིན་པ་ཨེ་རེད་ཅེས་དྲིས་བྱུང་། ངས་ཁྱོད་ཀྱིས་ཅི་ཟེར། བྱ་ཁྲ་ནི་འདུལ་ཐུབ་པ་ཞིག་མིན། བྱ་ཁྲ་ལ་མིས་ཁ་ལོ་བསྒྱུར་བ་ཙམ་རེད། བྱ་ཁྲའི་རང་གཤིས་གཏུམ་ཞིང་སུ་ལའང་ཞེད་མི་སྲིད། ང་ལའང་ཞེད་མི་སྲིད། བྱ་ཁྲ་རླབས་ཆེ་དོན་ཡང་འདི་རེད་ཅེས་ལན་བཏབས་པ་ཡིན་ཟེར། ཁོས་མི་ལ་ལས་ནེ་ཙོ་ལ་སྐད་ཆ་ཁྲིད་པ་རེད། འོན་ཀྱང་བྱ་ཁྲ་དང་ནེ་ཙོ་བསྡུར་ཐབས་གཏན་ནས་མེད་ཟེར་ལ། བྱ་ཁྲས་ང་ལ་ཁོ་རང་གསོ་རུ་བཅུག་པ་དེས་ང་ལ་རོགས་རམ་ཆེན་པོ་བྱས་སོང་ཟེར། ཁོས་ནམ་རྒྱུན་དེ་ཉིད་རང་གི་ལས་ཀ་ཆེ་ཤོས་ཤིག་ཏུ་བརྩིས་ཡོད་ལ། བྱ་ཁྲ་ཁུ་སིམ་མེར་གློག་ལྟར་གཤོག་འགྱུ་གཅིག་གིས་གནམ་འཕངས་བསྟད་ཅིང་། ཡང་གཤོག་འགྱུ་གཅིག་གིས་ས་ལ་འཛུལ་སྙམ་བྱེད་པའི་སྟངས་སྟབས་ལ་དབྱིངས་ཤོར། རྩོམ་འབྲིའི་དགེ་རྒན་གྱིས་ཁོ་ལ་བྱ་ཁྲ་གསོ་སྟངས་ངོ་སྤྲོད་དུ་བཅུག་པར། ནམ་རྒྱུན་དྲི་བར་ལན་མི་འདེབ་ཅིང་། སླ་ཐབས་ཁོ་ནས་འགྲོ་བའི་སློབ་མ་པྲ་ཆལ་དེས་གསོ་ཚགས་ཀྱི་གོ་རིམ་ཞིབ་པར་ངོ་སྤྲད་ཡོད་ལ། སྔོན་ཆད་ཀྱི་ཁོ་ནི་ཀུན་ལ་སྤྲོ་སྣང་ཡལ་ཞིང་། སྡུག་བསྔལ་གྱི་དུས་ཚོད་རིང་བོ་བརྒྱུད་པའི་མི་རྒན་ཞིག་ལྟར་མཆུ་འདབས་ཐུར་ལ་དྲུད་ཡོད་མོད། ངོ་སྤྲོད་བཞིན་པའི་སྐབས་ཀྱི་ཁོའི་གདོང་གི་ཉམས་འགྱུར་དང་མིག་མདངས་ལས་སྔར་མེད་པའི་འོད་སྣང་ཞིག་འཚེར་ཡོང་།

         འོན་ཀྱང་མི་ཚེ་དང་དཀའ་སྡུག་ཅེས་པ་ནི་སྐད་ཅིག་ཅིག་ལ་ཡལ་འགྲོ་བ་དང་། སྤྲིན་པ་བཞིན་རླུང་གིས་དེད་འགྲོ་བ་ཞིག་མིན་པར། ཁོས་གཅེན་པོའི་རྒྱན་ཤོག་ཉོ་བྱེད་ཀྱི་དངུལ་ལྐོག་ཏུ་སྤྱད་པ་ལ་བརྟེན། གཅེན་པོས་ཁོའི་བྱ་ཁྲའི་སྲོག་འཕྲོག་པ་རེད། གློག་བརྙན་གྱི་མཇུག་ཏུ་ཁ་སི་ཕིར་གྱི་བྱ་ཁྲའི་བེམ་པོ་སྡོང་བོ་ཞིག་གི་རྩད་པ་རུ་དུར་ལ་བཏབས་སོང་། འདི་ནི་བྱ་ཁྲ་ཁེ་སི་ཡི་སྲོག་འཕྲོག་པ་ཙམ་མིན་པར། གཞོན་ནུ་དེའི་སྤྲོ་སྣང་དང་རྨི་ལམ་གྱི་འཕྲོ་བཅད་པ་ཞིག་རེད།

        བྱ་ཁྲ་ཁེ་སི་ནི་ཁ་སི་ཕིར་ལ་དེ་འདྲ་གལ་ཆེ་དོན་ཅི་ཞིག་ཡིན་པའི་ཐད་ལ་མི་རེ་རེར་རང་རང་གི་ལྟ་ཚུལ་རེ་ཡོད་ངེས་རེད། ངས་བལྟས་ན་དཀའ་སྡུག་ཆེ་ཞིང་གསོན་ཤུགས་མེད་པའི་ཁོར་ཡུག་དེ་འདྲ་ཞིག་ནས། བྱ་ཁྲ་དེའི་ལུས་སྟེང་དུ་ཁ་སི་ཕིར་ལ་མེད་པའི་ཁྱད་ཆོས་མང་པོ་ཞིག་འདུས་ཡོད་དེ། དཔེར་ན་ཁ་སི་ཕིར་ནི་གཟུགས་མེད་པའི་གཟེབ་ཅིག་ཏུ་རང་དབང་དང་བྲལ་བའི་ངང་དུ་བཙུད་ཡོད་ལ། གཟེབ་དེ་བཟོ་མཁན་གྱི་མི་རྒན་པ་དང་ཁོར་ཡུག་ཆེན་པོ་དེས་ཁ་སི་ཕིར་འདུལ་ཐབས་དང་གཅུན་ཐབས་བྱེད་ཀྱིན་ཡོད། བྱིས་པ་ལོ་ཆུང་ངུ་ཁོ་ལ་མཚོན་ན་དེ་ནི་ཐར་དཀའ་བའི་ངན་སྔགས་ཤིག་ཡིན། བྱ་ཁྲ་ནི་ང་རྒྱལ་དང་རང་དབང་གིས་འཚོ་བའི་འདབ་ཆགས་ཤིག་ཡིན་ལ། ཁོའི་གམ་ནས་མི་ཚོས་སྐད་མཐོན་པོས་སྐད་ཆའང་སྨྲ་མི་ཕོད། བྱ་ཁྲ་ནི་གཟེབ་ཏུ་བཙུད་ཐབས་མེད་པར། ཁོ་གསོ་བའང་ཁོའི་རང་གཤིས་དང་ཁྱད་ཆོས་བེད་སྤྱད་པ་ཙམ་ལས། གསོ་མཁན་གྱིས་ཁོ་རང་བཏུལ་ཟིན་པ་མིན། བྱ་ཁྲ་ལ་སུ་དང་གང་གིས་ཀྱང་འགྲན་མི་བཟོད་པའི་གཤོག་རྩལ་ཁྱད་པར་བ་དང་ལྡན་པས། ནམ་ཡིན་རུང་གནམ་འཕངས་བསྟད་ནས་འཕུར་ཆོག་ལ། རང་གིས་འཛིན་འདོད་པའི་བྱ་བྱེའུ་ཅི་ཞིག་ཡིན་རུང་བར་སྣང་ནས་བདེ་ལྕག་འཁྱུག་པའི་ངང་འཛིན་ཐུབ་པ་རེད། དེའི་ཕྱིར་ཁ་སི་ཕིར་གྱིས་བྱ་ཁྲ་གསོ་བའི་བརྒྱུད་རིམ་འདི་ལ་བརྟེན་ནས། རང་དབང་གིས་འཚོ་ཞིང་རང་གི་ལས་དབང་ལ་རང་གིས་ཚོད་འཛིན་པའི་ཕུགས་བསམ་གྱི་འཚོ་བ་ཞིག་ལ་རེ་སྙེག་བྱས་ཡོད་རུང་། མཐར་དེ་ཉིད་ཀྱང་འཚོ་བའི་བདེན་པ་གཅེར་བུ་དེས་བཅོམས་ཡོད་པ་རེད།

        ང་ལ་མཚོན་ན་གློག་བརྙན་ཁོ་རང་ཉིད་ཀྱང་བྱ་ཁྲ་ཁེ་སི་དང་འདྲ་བར། ཁུ་སིམ་པའི་སྒོ་ནས་འཇིག་ཉེན་གྱི་ཚོར་བ་ཞིག་སྙིང་ལ་གློ་བུར་དུ་བཞག་སོང་།


(ཆོག་མཆན་མེད་པར་གང་བྱུང་དགོལ་མི་ཆོག)

དཔྱད་མཆན་ཡོད།