གློག་བརྙན«ཐར་ལོ»དང་ཁྱོད་ཚོའི་ཧེ་བག

_____ ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན།

545454.jpg

ཐར་ལོའི་བརྙན་པར།

 གློག་བརྙན་ཞིག་བྱུང་བ་ལ་གཞིགས་ནས་སྤྱི་ཚོགས་ལས་ཚུར་སྣང་གི་རྣམ་འགྱུར་དང་སྐད་སྒྲ་ཅི་རིགས་གྲགས་པ་ནི་གློག་བརྙན་དེ་ལས་བསྐྱེད་པའི་སྒྱུ་རྩལ་གྱི་ཤེས་རབ་ཅིག་ཡིན། འོན་ཏེ། གློག་བརྙན་ལ་མ་དཔྱོད་པའི་དབང་འཛིན་གྱི་ཚོར་ཤེས་དང་དེ་ལས་བྱུང་བའི་གཏམ་རྒྱུད་ཀྱི་མྱོང་རོལ་མ་བྱས་པར།དམིགས་བཙུགས་སུ་གློག་བརྙན ༼   ཐར་ལོ  ༽  ནི་རྒྱ་ནག་གི་གློག་བརྙན་དང་མའོ་ཀྲུའུ་ཞིའི་མཛད་པ་སྣང་བའི་གློག་བརྙན་ཞིག་ཡིན་ཞེས་ལབ་བརྡོལ་གྱི་རླུང་འཚུབ་དང་ཁུངས་མེད་ཀྱི་རང་གཟུགས་སྣང་བའི་ཉེ་འཁོར་གྱི་སྐད་དང་ཡི་གེ་ལ་བཟློག་འདི་བྲིས་པ་ཉིད།  

 ཧ་ལམ་དུས་རབས་གཅིག་ལྷག་གི་ཡར་སྔོན་ལ།འཛམ་གླིང་གློག་བརྙན་ལོ་རྒྱུས་ལའང་བོད་བརྙན་ལས་སྡུག་པའི་གློག་བརྙན་གྱི་རླུང་འཚུབ་དང་གློག་བརྙན་གྱི་ཐན་པ།  གློག་བརྙན་གྱི་ས་དགྲ་བྱུང་མྱོང་བ་རེད།  དེ་བཞིན། ང་ཚོ་བོད་བརྙན་ནི་འཛམ་གླིང་གློག་བརྙན་གྱི་འཕེལ་འགྱུར་དང་ལོ་ངོ་བརྒྱའི་རྗེས་སུ་ལྷགས་ཀྱང་། བོད་བརྙན་གྱི་འབྱོར་ཕྱུག་ནི་འཛམ་གླིང་གློག་བརྙན་འཕེལ་སྟོབས་སུ་འགྲོ་བཞིན་པའི་དཀྱོགས་མཚམས་སུ་བྱུང་བ་ཡིན་པས།  བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་རྩ་དོན་དང་གློག་བརྙན་ཆེད་ཞིབ་ལ་གཞིགས་ནས་བོད་བརྙན་གྱི་ལམ་ཕྱོགས་གསལ་བོར་འབྱེད་བྱུང་བ་རེད།རིམ་གྱིས་བོད་ཡུལ་ལུང་བར་བོད་ཀྱི་གློག་བརྙན་འཕྲིན་འཁྲབ་ཁྲིད་པ་ཞི་བདེ་ཉི་མ་དང་བོད་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ།  སྒྲ་ལེན་པ་གདུགས་དཀར་ཚེ་རིང་།     དེ་བཞིན་ན་གཞོན་དཔུང་སྡེ་ལས་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་དང་རྣོ་སྦྲེང་།   མཁའ་བྱམས་རྒྱལ། སྙུག་བཅུད་ལེན། ཡར་སྒང་ཡར་རྒྱས།གཡང་ཕྱུག་འཚོ།བདུད་རྩི་སྐྱིད།  དར་རྒྱས་བསྟན་འཛིན།  པ་སངས་གསལ་སྒྲོན།  བསྟན་འཛིན་ཉི་མ།  ཀླུ་རྒྱལ་ར་ཏི། རྡོ་བྷ། ལྷ་དཔལ་རྒྱལ། འབྲོང་ཕྲུག རྟ་མགྲིན་རྡོ་རྗེ །ཟླ་མཛེས་ལ་སོགས་པ་ཆེད་ལས་ཅན་དང་ཆེད་ལས་མ་ཡིན་པ།ཉམས་ཞིབ་པ་དང་དཔུང་འཇུག་པའི་རིགས་དང་རིགས་ནི་རླབས་གསར་འཕྱུར་བ་ནང་བཞིན་ཡིན་པས།  བོད་བརྙན་གྱི་ལམ་ཁ་ཇེ་ཡངས་དང་བོད་བརྙན་དང་འབྲེལ་བའི་ལས་རིམ་ལ་ནི་སྣ་ཁ་ཇེ་མང་དུ་གྱུར་བ་དེ་ཉིད་ཟུར་ངོས་གཞན་ནས་མཐོང་ཐུབ་པ་ཞིག་ཡིན།   དཔེར་ན།  བོད་བརྙན་དྲྭ་ཚིགས་དང་འཕྲིན་སྟེགས།  བོད་བརྙན་ཆེད་དེབ་དང་གཞུང་ལུགས།    བོད་བརྙན་ལས་ཤག་དང་བཟོ་ལས་གླིང་།  བོད་བརྙན་གྲུབ་ལུགས་དང་རིགས་དབྱེ།    བོད་བརྙན་རྩོམ་རིག་དང་བཅར་འདྲི།   བོད་བརྙན་འགྲེམས་བརྡ་དང་ཚོང་ལམ།  བོད་བརྙན་ཆེད་སྤྱོད་མིང་བརྡ་དང་བོད་བརྙན་ཚགས་ཤོག    བོད་བརྙན་དཔུང་སྡེ་དང་ལས་གཞི་རིམ་གྱིས་རྒྱང་ལྟའི་མདུན་ལྗོངས་དངོས་ནི་རིམ་གྱིས་རྙེད་བྱུང་བ་རེད།   དེ་ནི་དུས་རིམ་གྱི་ངོས་ནས་བཤད་ན་གཙོ་བོ༢༠༠༢ལོ་ནས༢༠༡༨ལོའི་བར་གྱི་བོད་ཀྱི་གློག་བརྙན་ལ་ལོ་ངོ་བཅུ་བདུན་འགྱངས་བའི་འཕེལ་རིམ་གྱི་སྐྱོམ་སྟངས་ཞིག་ཡིན།འདི་ལ་བོད་ཀྱི་གློག་བརྙན་བྱུང་བའི་དུས་སྐབས་ཀྱང་བཞེད་དུ་ཆོག་སྙམ་སོང་།     

 རྒྱ་ནག་གི་གློག་བརྙན་ལོ་རྒྱུས་སུའང་ལོ་ངོ་བཅུ་བདུན་རིང་གི་གློག་བརྙན་འཕེལ་བའི་དུས་རིམ་ཞིག་ཡོད།   དེ་ནི་རྒྱ་ནག་རྒྱལ་ཁབ་དབུ་བརྙེས་ནས་རིག་གསར་མཇུག་རྫོགས་པའི་དུས་ཀྱི་བར་གླགས་སུ་བྱུང་བའི་དམར་ལུགས་པའི་གློག་བརྙན་དང་རྒྱལ་གཅེས་རིང་ལུགས་གློག་བརྙན། རིག་གསར་བརྗོད་དོན་གློག་བརྙན་འཕེལ་བའི་དུས་སུ་བཞེད།   ཡིན་ཡང་། བོད་ཀྱི་གློག་བརྙན་འཕེལ་རིམ་དང་རྒྱའི་གློག་བརྙན་འཕེལ་རིམ་ལ་འབྲེལ་ཆོས་དེ་འདྲའི་ཟབ་མོ་མེད།གལ་སྲིད་ལོ་རྒྱུས་ཀྱི་ངོས་ནས་ཡོད་པའི་དབང་དུ་གྱུར་ཚེ་བོད་འབྲེལ་གློག་བརྙན་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འབྲེལ་བ་འདུགདེ་ཡང་བོད་བརྙན་མ་བྱུང་བའི་སྔ་རོལ་ལ་བོད་འབྲེལ་གློག་བརྙན་གྱི་འཕེལ་རིམ་བྱུང་མྱོང་། ཀྲུང་གོའི་སྔ་རབས་གློག་བརྙན་དུས་སྐབས་སུ་བྱུང་བའི་བོད་འབྲེལ་གློག་བརྙན་ཉུང་ཤས་བྱུང་བ་དེ་ཡིན།    དཔེར་ན། བོད་འབྲེལ་གློག་བརྙན༼   ཞིང་བྲན ༽  དང༼   གསེར་དངུལ་ཐང ༽ ༼     ཁུ་རིའི་ཉི་མ་སེར་པོ ༽  ༼   ངའི་སྐལ་བཟང་མེ་ཏོག༽  ༼    གླག་དམར ༽   ༼  རྩྭ་ཐང་གི་དྲག་རླུང ༽ ༼   དྲག་ཏུ་བསྐྱོམས་པའི་གཙང་བོ༽སོགས་བྱུང་བས།  བོད་བརྙན་ལོ་རྒྱུས་ལ་གློག་བརྙན་རིག་པའི་སྐྱ་ཐིག་ཙམ་བྱུང་མོད།   བརྗོད་གཞི་ལས་རྒྱ་ནག་རང་ངོས་ནས་དམར་ལུགས་པའི་བསམ་བློ་དང་དམར་ལུགས་པའི་བརྗོད་བྱ་འཛིན་པའི་གློག་བརྙན་རིག་པའི་ལག་ཆ་ཁོ་ན་རང་རེད། དེ་ནི་ལེ་ཉིན་གྱིས༼   གློག་བརྙན་ནི་ཆབ་སྲིད་པའི་དྲིལ་བསྒྲགས་བྱེད་སྤྱད་ཀྱི་ཐབས་ལམ་གཙོ་བོ་ཡིན ༽  གསུང་བ་ནང་བཞིན་རེད།  དེ་རྗེས་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་རབས་བཞི་བ་དང་རབས་ལྔ་བའི་སྐབས་ནས་ཀྱང་བོད་འབྲེལ་གློག་བརྙན་གསར་བ་ཁ་ཤས་བྱུང་།  དེ་ལས༼   ལུང་གཞུང་དམར་པོ༽དང ༼   རྟ་རྐུན ༽  ༼   སྲོང་བཙན་སྒམ་པོ. ༽  ༼   ཨ་ཆེན་གངས་རྒྱབ ༽    ༼   ཡེ་ཤེས་སྒྲོལ་མ ༽  སོགས་བྱུང་བ་ལ་གཞིགས་ནས་བོད་འབྲེལ་གློག་བརྙན་ནི་ཆབ་སྲིད་ཀྱི་སྐྱོར་མ་དང་རྒྱལ་གཅེས་མཛའ་མཐུན་གྱི་བརྙན་མིག་བཙལ་བའི་སྡེ་ནི་བྱུང་།     

  སྤྱིར་ན་བོད་ཡུལ་ལུང་བར་གློག་བརྙན་འགྲེམས་སྟོན་དར་བའི་དུས་སྐབས་ནི་ཧ་ལམ་ལོ་རབས་བདུན་བཅུ་ནས་བརྒྱད་བཅུ་འགོ་ཚུགས།      ཕྱི་སྟོན་གློག་བརྙན་དང་བསྐོར་སྐྱོད་གློག་བརྙན་གྱི་ཐབས་སུ་གློག་བརྙན་ཐོར་རེ་ཙམ་ཡུལ་ལུང་གང་སར་འགྲེམས་སྟོན་བྱས་པ་རེད།    རྫོང་ཁག་རིམ་པ་དང་ཁུལ་རིམ་པའི་ཁོངས་གཏོགས་སུ་གློག་བརྙན་ཁང་གསར་འཛུགས་བྱས་པ་ལ་གཞི་བྱས་ནས་གློག་བརྙན་འགྲེམས་སྟོན་གྱི་ལས་རིགས་བྱུང་མྱོང་བ་རེད།  དེ་དུས་གློག་བརྙན་ལས་སྣང་བའི་བརྙན་མིག་གི་གཏམ་རྒྱུད་ནི་ཀྲུང་གོའི་འཇར་འགོག་དམག་འཁྲུག་དང་རིག་གསར་བརྗོད་དོན།  རྒྱལ་གཅེས་རིང་ལུགས།   དམར་ལུགས་པའི་བསམ་བློ་སྲོག་ཤིང་དུ་འཛིན་པའི་སྐྱ་མདོག་གློག་བརྙན་རབ་དང་རིམ་པ་བྱུང་ནས་འགྲེམས་སྤེལ་གྱི་རླུང་ནི་རི་དང་ལུང་བ།  སྦྲ་གུར་སློབ་གྲྭ་དང་རོང་ཁུལ།  འབྲོག་ཐང་དང་དགོན་གྲོང་ལ་སོགས་པ་ཁྱབ་བརྡལ་དུ་གྱུར།  དུས་མཚུངས་སུ་ལོ་རབས་དགུ་བཅུ་བའི་སྨད་ནས་བཟུང་།ལྷག་པར་བོད་ཡུལ་ལུང་བར་ཚོན་མེད་བརྙན་འཕྲིན་ནས་ཚོན་མདོག་བརྙན་འཕྲིན་དར་བ་ལ་གླགས་བྱས་ནས།  དམར་ལུགས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་མུ་འབྲེལ་འཇར་འགོག་དམག་འཁྲུག་ནི་ས་རྡོ་འབབ་འབབ་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྙན་རིས་ནི་མེ་རླབས་འཕྱུར་འཕྱུར་བྱས་པའི་རྒྱབ་ལྗོངས་དང་དུས་སྐབས་ནས་བཟུང་།  བོད་ཡུལ་ལུང་བའི་མི་དང་མིས་མིག་འབྲས་སྐྱེ་མཆེད་དུ་སྣང་བའི་བདེན་མཛེས་བཙོག་གསུམ་གྱི་ལོངས་སྤྱོད་ནི་གློག་བརྙན་འཕྲིན་གྱི་བརྗོད་གཞི་དང་གཏམ་རྒྱུད་ལ་འཐིམས་སོང་།འདས་བའི་རབས་དང་རབས་མི་འདྲ་བའི་མི་རབས་ཀྱི་འགྱུར་བ་ལ་གཞིགས་ནས། བོད་མིའི་སྤྱིའི་སྲོལ་རྒྱུན་མཛེས་དཔྱོད་དང་རིག་གནས་ལྟ་སྟངས་ལ་ཤུགས་རྐྱེན་དང་ཉམས་ཆག་བྱུང་བས། དེང་སྐབས་ཀྱི་སྐད་ཆ་ལྟར་ན།བོད་ཀྱི་གློག་བརྙན་སེམས་ཁམས་རིག་པ་ལ་དབྱེ་ཞིབ་ཅིག་བྱས་ན། ཕལ་ཆེར་བོད་ཁམས་ཀྱི་དམངས་ལས་ལོ་སྣ་བཞི་བཅུ་ནས་ལྔ་བཅུའི་ཡན་གྱི་མིའི་འདུ་ཤེས་དང་བག་ཆགས་སུ་དམར་ལུགས་པའི་གློག་བརྙན་ནི་འཚོ་བའི་ལྟ་སྟངས་དང་རིན་ཐང་ལྟ་ཚུལ་དུ་ཆགས་པས།བོད་ཀྱི་གློག་བརྙན་གང་ཞིག་བྱུང་ན་མི་རིགས་ཀྱི་མཛེས་དཔྱོད་དང་རིན་ཐང་།བདེན་གྲུབ་དང་ལྟ་སྤྱོད་ཞིག་ཏུ་མི་སེམས་པ་ནི་ཐད་ཀར་ལྟ་མཁན་གྱི་གློག་བརྙན་འཕྲིན་གྱི་མྱོང་རོལ་དང་སྤྱི་ཚོགས་ཚུར་སྣང་། བག་ཆགས་འགྱུར་བ་བཅས་ལ་འབྲེལ་འདུག་པ་རེད།  

 དེར་ལྡོག་ཕྱོགས་ཀྱི་ངོས་ནས་བོད་ཡུལ་ལུང་བར་གློག་བརྙན་བྱུང་བ་ནས་བསམ་བློ་ལ་ཡམས་ནད་དང་གྱི་ན་བའི་རིམས་ནད་འགོས་ལ།བརྙན་འཕྲིན་འགྲེམས་པ་ནས་ལྟ་སྤྱོད་ལ་འཇིག་ཉེན་དང་གས་ཆག་ཐེབས་པའི་མཇུག་འབྲས་ལས། ད་ནི་བོད་བརྙན་རིག་གསར་དང་བོད་བརྙན ༼ ཐར་ལོ  ༽ ལའང་འཁྲུལ་བའི་བརྡ་དང་རྨོངས་བའི་གཏམ་ནི་ཆར་བརྡོལ་བཞིན་དུ་ལྷུང་བྱུང་བ་རེད།  དཔེར་ན།  ༼ཐར་ལོ༽ནི་རྒྱ་འབྲེལ་གློག་བརྙན་ཡིན་རབས་དང. ༼  ཐར་ལོ ༽ ལས་སྣང་བའི་མིའི་བྱ་སྤྱོད་ནི་བོད་མིའི་ཀུན་གཞི་ལས་བརྒལ་བ།  རྒྱ་ནག་གློག་བརྙན་གྱི་བསམ་བློའི་ཡང་སྙིང་བཟུང་ཚུལ་གྱི་བཤད་ཡམས་ལུང་བ་གང་བྱོ་བྱུང་།  འདི་རུ་དམངས་ཚོགས་ཀྱི་སྐད་དང་བརྡ་ཟེར་བ་ནི་མིན། ཁོ་ཚོ་ལ་གློག་བརྙན་གྱི་ཐོས་པ་དང་བསམ་པ་ཡོད་ཅེས་ཟེར་ན་ཁག་པོ་འདུགགཙོ་བོ་ན་ནི་ཤེས་ཡོན་པའི་སྡེ་དང་སྡེ།  ཆོས་ལུགས་གྲུབ་མཐའ་གཉེར་མཁན།  སློབ་གསོའི་གནས་བབ་འཇུག་མཁན།  མི་རིགས་ལོ་རྒྱུས་འགྲེལ་མཁན།  ཞིབ་འཇུག་ཆོ་ལོ་བརྩོན་མཁན་གྱི་རིགས་དང་རིགས་ཀྱི་སྐད་ཆ་དང་བསམ་སྦྱོར་ལས།གློག་བརྙན་ནི་ཁོ་ཚོའི་སྣང་ངོར་ཉི་མ་གཏོང་སྤྱད་དང་གཉིད་འགུག་བྱེད།  གང་གི་ལག་རྡོ།   གཟེངས་རྟགས་ལེན་ཐབས།   མིག་གི་དགའ་སྟོན།  དམར་ལུགས་པའི་རྫོབ་བརྙན་དུ་འཁྲུལ་བའི་འདོད་བློ་ཁབ་མིག་ཙམ་ཞིག་ཚད་མར་གླེང་བ་ལྟ་བུ་རེད།དུས་མཚུངས་སུ་བོད་ཀྱི་གློག་བརྙན་ལ་རེ་བ་མེད་ཚུལ་དང་གློག་བརྙན་ལ་འཇུག་པའི་དཔུང་སྡེ་ནི་ཚད་རིམ་དམའ་ཚུལ།  གློག་བརྙན་རིག་གནས་ཀྱི་ཁྱབ་ཁོངས་དོག་ཚུལ་གྱི་ཟུར་དང་ཟུར་སྣེ་ནི་སྐྱུག་ལྡད་བཞིན་དུ་སློག་ཡོང་བའི་ཚེ་ན།  ངོ་མའི་ཁོ་ཚོས་བོད་ཀྱི་གློག་བརྙན་ལ་འཛིན་པའི་ཤེས་རྟོགས་ནི་མྱ་ངམ་ཐང་དང་འདྲ་བའི་ཚུལ་དུ་སྣང་སོང་།  ཁོ་ཚོའི་བོད་བརྙན་ལ་འཛིན་པའི་བསམ་བློའི་ཐན་པ་དེ་ནི་ལོ་རྒྱུས་ཀྱི་ཐན་པ་མ་ཡིན་པར།མིའི་རང་ངོས་ནས་ལྟ་སྤྱོད་ཀྱི་ཐན་པ་དང་མཛེས་དཔྱོད་ལོག་ལྟ་ཅན་གྱི་འགོས་ནད་ནི་དུས་བབ་དང་གནས་བབ་ལས་བྱུང་བའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་འཕེལ་རིམ་ལ་ཐད་ཀར་འབྲེལ་འདུག་པ་རེད།  དྲང་མོར་བཤད་ན་ཁྱོད་དང༼ཐར་ལོ༽འི་བར་ལ་ལེ་བར་ཁྲི་སྟོང་ལས་བརྒལ་བའི་བསམ་བློའི་མཐོ་ཚད་ཅིག་དང་མཛེས་དཔྱོད་ཀྱི་གཏིང་ཚད་ཅིག་གི་བར་ཁྱད་ཆེན་པོ་འདུག་པར་ལད་པ་ལས།གློག་བརྙན༼ཐར་ལོ༽དང་གློག་བརྙན་པའི་སྤང་བླང་གི་རིན་ཐང་ལྟ་གྲུབ་ལད་པ་ནི་མི་སྲིད།

5454.jpg

ཐར་ལོའི་བརྙན་པར།

 འཁྲབ་ཁྲིད་པ་ཁོང་གིས་ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན་ལ་མི་རེ་རེ་ཡི་གཏམ་རྒྱུད་ཀྱང་ཡིན༽ཞེས་བའི་གློག་བརྙན་གྱི་སྐད་ཆ་ཞིག་བཤད་ཡོད།དེ་ནི་བརྙན་ཡོལ་ལས་སྣང་བའི་གཏམ་རྒྱུད་ཀྱི་སྲོག་རྩ་ཡིན་ལ་མིའི་རིགས་ཀྱི་དངོས་ཡོད་ལ་འཕྲད་པའི་དུས་འགྱུར་གང་ཞིག་གི་ཉེན་བརྡའང་ཡིན།འདིར༼ཐར་ལོ༽འི་གློག་བརྙན་དང་འཛམ་གླིང་གི་ཆེད་ལས་སྒྱུ་རྩལ་བ་དང་མཐོ་རིམ་ཤེས་ཡོན་པའི་གཅིག་བསྡུས་སུ་བཞེངས་བའི་ཐར་ལོའི་ཁུངས་སྣེ་ཡི་ཚད་དང་ཐར་ལོའི་ཕྱི་ནང་།  ཐར་ལོའི་བདེན་པ།   ཐར་ལོའི་མཛེས་བ་དངོས་ལ་འཇུག་ན།  ཁྱོད་ཚོའི་སྣང་ངོར་འཁྲུལ་བའི ༼  ཐར་ལོ ༽ འི་ཕྱི་ནང་གསང་གསུམ་ནི་དེ་ཙམ་ནི་ག་ལ་ཡིན།དོན་གྱིས ༼   ཐར་ལོ  ༽  ཅེས་བའི་གློག་བརྙན་རིག་པ་བྱུང་བ་ནས་བོད་ཀྱི་པར་མིག་གི་ཁ་དོག་ལ་མཛེས་དཔྱོད་གཞན་ཞིག་བྱུང་བ་མ་ཟད།མཛེས་རིས་ཀྱི་མདངས་དང་བརྙན་མིག་གི་མཚོན་ཐབས།  སྐྱ་རིས་སྒྱུ་རྩལ་དང་སྐྱ་པར་གྱི་མཛེས་དཔྱོད་རིག་པ་བྱུང་བ་རེད།ཚད་རིམ་མཐོ་ཤོས་སུ་རྩེན་པའི་སྡིངས་ཆ་ཞིག་ནས་བོད་ཀྱི་ཚབ་མཚོན་གློག་བརྙན༼ཐར་ལོ༽ལས་ཡུལ་ལུང་གི་རིག་གནས་ཀྱི་འགྱུར་བ་དང་མི་ཚུལ་གྱི་འགྱུར་བ།  སྤྱི་ཚོགས་ཀྱི་དུས་འགྱུར་མཚོན་པའི་བརྙན་ཐབས་ཟིན་འགོད་དེ་ནི་འདས་བའི་མིའི་སྣང་བརྙན་ལ་བཞེངས་བའི་རིག་གསར་གྱི་རྨ་ཤུལ་དང་སྤྱི་ཚོགས་གསར་རྙིང་ལས་བརྒལ་བའི་མི་ཚུལ་གྱི་ཟབ་ས།   ལོ་རྒྱུས་ཀྱི་གནད་ས།  དུས་འགྱུར་གྱི་འཇིག་ས།  དེ་རིང་གི་དངོས་ཡོད་ཞིག་ཡིན་པས།༼   ཐར་ལོ ༽ ནི་ལུང་བ་གཅིག་གི་དར་རྒུད་ཙམ་མ་ཡིན་པར་འཛམ་གླིང་ཧྲིལ་བོར་འཕྲད་ཀྱིན་པའི་དུས་མཐའི་ཐོབ་ཤོར་དང་སྔ་ལྟས་ཀྱི་འཇིག་ཉེན་ཞིག་ཏུ་འགྲོ།བརྗོད་གཞི་དང་འཕྲོས་ནས་འཇུག་ན།༼ཐར་ལོ༽ནི་སྒྲ་བརྙན་མཛེས་གསུམ་གྱི་ཁེངས་བ་ནི་གློག་བརྙན་རང་ངོས་ཀྱི་ལག་རྩལ་ཁོ་ན་མ་ཡིན་པར།  འཁྲབ་ཁྲིད་པས་གློག་བརྙན་རིག་པའི་ཐབས་ལ་གཞིགས་ནས་ནང་སེམས་ཀྱི་ཆགས་སྡང་ཞིག་མཚོན་ཐབས་བཟུང་བ་ཡིན།དེ་ནི་ཕ་ཡུལ་ལུང་བའི་དར་རྒུད་ཡིན་ལ་འཛམ་གླིང་སྤྱི་ལ་ཐེབས་བའི་མིའི་ཐོབ་ཤོར་དང་རྒུད་ཕྱོགས་ཀྱི་མཐའ་གཉིས་ཡིན།

 གལ་སྲིད་ཁྱེད་དང༼ཐར་ལོ༽གློག་བརྙན་ལ་བསམ་བློའི་འགྱངས་ཐག་དང་དུས་མཐའི་སྙིགས་མའི་ལྟ་སྤྱོད་ཡོད་ཚེ།༼ཐར་ལོ༽ལས་བཞེངས་བའི་རིག་གནས་སྒྱུ་རྩལ་གྱི་རྡོ་རིང་ལ་མནོ་བསམ་ཞིག་བཏང་བར་གལ།དེ་ཡང༼ཐར་ལོ༽གློག་བརྙན་ཁོ་ནས་མཛད་པ་ཆེན་པོ་བཅུ་ལ་དབྱེ་ཞིབ་ཅིག་བྱས་ནས༼ཐར་ལོ༽འི་བརྙན་མིག་གིས་ལོ་རྒྱུས་ཟིན་པ་དང་མི་རིགས་རྙེད་པ།  འཛམ་གླིང་མཐོང་བའི་བརྙན་མིག་རིག་པ་ལ་འཇུག  

640.jpg

ཐར་ལོའི་བརྙན་པར།

གཅིག  ཐར་ལོ་ནི་བོད་ཀྱི་གློག་བརྙན་ལོ་རྒྱུས་སུ་ཐོག་མའི་དཀར་ནག་མཚོན་ཐབས་སྤྱད་པའི་ཚོན་མེད་གློག་བརྙན་གྱི་ཚབ་མཚོན་བརྩམས་ཆོས་སུ་བཞེངས་པ།      

གཉིས། ཐར་ལོ་ནི་ཀྲུང་གོའི་རྒྱལ་ཡོངས་རང་བཞིན་གྱི་གློག་བརྙན་ཁང་ལས་བོད་ཀྱི་གློག་བརྙན་ཐོག་མའི་བརྒྱུད་ལམ་བརྟོལ་བ་ཡིན།

གསུམ། ཐར་ལོ་ནི་ཐོག་མར་འཛམ་གླིང་གློག་བརྙན་དུས་ཆེན་རྣམ་བཞིའི་ཡ་གྱལ་དུ་གཏོགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཝེ་ནྰ་སིའི་གློག་བརྙན་དུས་ཆེན་དུ་ཚུད་པ།  

   བཞི།   ཐར་ལོ་ནི་འཁྲབ་ཁྲིད་པའི་བྱེ་བྲག་གི་མཛེས་དཔྱོད་བཟུང་ནས་མི་རེ་རེའི་ལས་དབང་ཁྱབ་ཁོངས་ནས་མི་རིགས་ལས་བརྒལ་བའི་འཛམ་གླིང་སྤྱིའི་མི་དང་མིའི་རིགས་ཀྱི་ཐོབ་ཤོར་མཚོན་ཐབས་སུ་འཛིན་པའི་བརྙན་ཐབས་ཞིག་ཡིན།     

 ལྔ།   ཐར་ལོ་ནི་མི་རིགས་རང་གི་ཕ་སྐད་ཀྱི་ལམ་ནས་གློག་བརྙན་གྱི་མཚོན་ཐབས་འཛིན་པའི་འཁྲབ་ཁྲིད་པའི་གློག་བརྙན་ལྔ་བ་ཡིན།

དྲུག ཐར་ལོ་ནི་ཡ་གླིང་གི་གློག་བརྙན་དུས་ཆེན་ལས་འགངས་ཆེན་དུ་གྱུར་བའི་ཐེ་ཝན་གསེར་གྱི་གྱི་ལིང་རྟགས་མའི་གཟེངས་རྟགས་འཐོབ་པའི་པའི་བོད་བརྙན་ཐོག་མ་ཡིན།    

བདུན།   ཐར་ལོ་ནི་གློག་བརྙན་འཁྲབ་སྟོན་གྱི་ངོས་ནས་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་པའི་ཁྱབ་ཁོངས་ལས་བརྒལ་བའི་དཔྱད་འཇོག་གི་ཚད་རིམ་མཐོ་ཤོས་དེ་ཡིན།   

བརྒྱད།  ཐར་ལོ་ནི་བོད་ཀྱི་གློག་བརྙན་གསར་འགྱུར་ལས་འཛམ་གླིང་ཤར་ནུབ་ལ་གྲགས་པའི་གློག་བརྙན་འཕྲིན་གསར་ཆེས་ཚ་ཤོས་སུ་གྱུར་བ་ཡིན།  

དགུ་བ། ཐར་ལོ་ནི་ཡིག་རིགས་སྣ་མང་ཅན་གྱི་ལམ་ནས་གློག་བརྙན་དཔྱད་འཇོག་མི་འདྲ་བ་འཐོབ་པའི་གློག་བརྙན་ཆེས་ཡག་ཤོས་ཡིན།

བཅུ་བ།    ཐར་ལོ་ནི་བོད་ཀྱི་གློག་བརྙན་ལས་བརྙན་མིག་གི་ཟུར་ཚད་དང་བརྙན་ཐབས་ཀྱི་ལེན་ལུགས་ནི་ཐོལ་བརྒལ་ཅན་གྱི་བརྙན་རིགས་སུ་འགྲོ།  


ཟུར་མཆན།

ཐར་ལོ་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བོད་སྐད་གློག་བརྙན་བརྩམས་ཆོས་ལྔ་བ་ཡིན།

དཔྱད་མཆན་ཡོད།