རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་གློག་བརྙན«ལག་དམར»གླེང་བ།


སྟག་འབུམ་རྒྱལ།
 མཚོ་སྔོན་མང་རྫོང་གི་མི། བརྩམས་ཆོས་གཙོ་བོར་སྒྲུང་རིང«ལྷིང་འཇགས་ཀྱི་རྩྭ་ཐང»དང«རྒུད»།
སྒྲུང་འབྲིང་ཕྱོགས་བསྒྲིགས«ཁ་བ་མེད་པའི་དགུན་ཁ»སོགས་པོད་བདུན་ཡོད།
བརྩམས་ཆོས་དག་རྒྱ་ཡིག་དང་དབྱིན་ཇི།ཧྥ་རན་སི།འཇར་མན།ཧོ་ལན།ཉི་ཧོང་སོགས་ཀྱི་ཡི་གེ་བསྒྱུར་ཡོད།

  ---པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»ལ་བལྟས་རྗེས།

    སྔོན་འགྲོ

  རིང་མོ་ཞིག་ནས་ངའི་སེམས་སུ་སྒྲུང་གཏམ་གྱི་ཟབ་ཚད་དང་དེས་ཁེབས་པའི་རྒྱ་ཁྱོན་ནི་གློག་བརྙན་དང་སྒྱུ་རྩལ་གཞན་གྱིས་ནམ་ཡང་མཚོན་དུ་མེད་པའི་ཨུ་ཚུགས་ཀྱི་བསམ་ཚུལ་ཞིག་འཆང་བཞིན་ཡོད་དེ། དེ་ཡང་གསལ་བོར་བཤད་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་དངོས་ཡོད་ཚད་སྒྲུང་གཏམ་གྱིས་མ་ཁེབས་པ་མེད་ཅིང་སྒྱུ་རྩལ་གཞན་གྱིས་མི་ནུས་སོ་ཞེས་པའི་མཁྲེགས་འཛིན་གྱི་འདུ་ཤེས་ཤིག་འཛིན་གྱིན་ཡོད། ལྷག་པར་དུ་འཛམ་གླིང་གི་སྒྲུང་གཏམ་གྲགས་ཅན་སི་ཏང་རྡ་ཡི«དམར་པོ་དང་ནག་པོ»དང་། ཀྲུང་མ་ཆུང་བའི«སྒེག་འཆང་ཇ་ལོའི་མེ་ཏོག»སོགས་གློག་བརྙན་ལ་ཕབ་པར་བལྟས་པས། སྒྲུང་གཏམ་དེ་དག་གི་གདོད་མའི་ཕུན་ཚོགས་རང་བཞིན་རྦད་དེ་ཤོར་ཡོད་པའི་ཕངས་སེམས་ཤིག་སྐྱེས་པར་མ་ཟད། ཞོར་དུ་ཨུ་ཚུགས་ཀྱི་བསམ་ཚུལ་ལམ་མཁྲེགས་འཛིན་གྱི་འདུ་ཤེས་དེ་ཐེར་ཟུག་ཏུ་གྱུར་པ་ལྟར་སྣང་། ཡིན་ནའང་པད་ཚེ་ལགས་ཀྱི་གློག་བརྙན«ལག་དམར»ལ་བལྟས་རྗེས་ངའི་སེམས་པ་ཅི་བྱུང་མེད་པར་ཧ་ལས་པར་གྱུར་པ་དང་། སེམས་སུ་གདོད་ནས་ཉར་བའི་ཨུ་ཚུགས་ཀྱི་ལྟ་ཚུལ་དེར་བསྐྱར་དུ་བསམ་བློ་གཏོང་དགོས་བྱུང་སོང་།

  སྒྲུང་གཏམ«ལུག་གཅིག་ལྔ་བའི་ལམ་དུ་བརྫངས་སོང་།»

  ང་རང་ནི་པད་ཚེའི་སྒྲུང་གཏམ་དང་གློག་བརྙན་ཚང་མར་བལྟས་ཡོང་མཁན་དེ་ཡིན་ནའང་། མི་རྣམས་ཀྱིས་ཁོང་གི་སྒྲུང་གཏམ་ནི"ལམ་གྱི་སྒྲུང་གཏམ"དུ་གཏོགས་པའི་ལྟ་བ་ཞིག་འདོན་བཞིན་པ་དེར་ཚོར་སྣང་ཅི་ཡང་མ་བྱུང་། ཉེ་བའི་སྐབས་སུ་ཁོང་གི་སྒྲུང་གཏམ་ཞིག་སྟེ་གློག་བརྙན«ལག་དམར»གྱི་ཕྱི་མོ«ལུག་གཅིག་ལྔ་བའི་ལམ་དུ་བརྫངས་སོང»ཞེས་པ་བོད་ཡིག་ཏུ་བསྒྱུར་བའི་སྐལ་བ་བྱུང་བས་ཡིད་སེམས་སྤྲོ་བས་བརྟས་བྱུང་།
  སྒྲུང་གཏམ་དེ་ནི་དངོས་གནས"ལམ་གྱི་སྒྲུང་གཏམ"ཞིག་ཡིན་འདུག་སྟེ། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཙོ་བོས་ཚོང་བདག་རྙིང་བའི་ངག་བཞིན། རང་ཉིད་ཀྱི་ཟོག་སྐྱེལ་རླངས་འཁོར་དུ་ཚོང་ཟོག་དྲུད་ནས་ཁེར་རྐྱང་ངང་བཤུལ་རིང་བརྒྱབ་སྟེ། རྒྱང་རིང་གི་གྲོང་བརྡལ་དུ་བསྐྱོད་པའི་ལམ་བར་གྱི་བློ་ཡུལ་ལས་འདས་པའི་གནས་ཚུལ་བཀོད་པ་དེ་རེད།
  བསྐྱར་དུ་འདང་བརྒྱབ་པ་ན་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དེ་ནི་འཚོ་བའི་ཁྲོད་ཀྱི་ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག་ཀྱང་ཡིན་འདུག་སྟེ། ཆུང་དུས་ཕ་མ་ཚེ་ལས་འདས་པ་དང་། བཟའ་ཟླ་མ་ཞིག་བླངས་ཀྱང་བུ་མོ་ཞིག་བཙས་རྗེས་ཆུང་མ་ཚེ་ལས་འདས་པ། བུ་མོ་ནར་སོན་མཚམས་ཁོ་རང་བསྐྱུར་ཏེ་དགེ་ཕྲུག་གི་རྗེས་འབྲངས་ནས་བྲོས་པ། ལམ་བར་དུ་ཐ་ན་བོང་བུ་ལའང་ཁ་བརྡ་བྱེད་པ། རྒྱང་རིང་གི་གྲོང་བརྡལ་དུ་འགྲོ་བའི་ཞོར་དུ་མཛའ་མོ་ཞིག་ལ་འཕྲད་པར་རེ་བ་སོགས་ཡིན་འདུག
  ད་དུང་མུ་མཐུད་དུ་འདང་བརྒྱབ་པ་ན། ཁོ་རང་ནི་ནང་སེམས་ཀྱི་བཤུལ་རིང་རྒྱག་པའི་ལམ་འགྲོ་བ་ཁེར་རྐྱང་ཞིག་ཀྱང་ཡིན་པ་སྟེ། ཁོ་རང་གིས་སྡིག་པའི་ལས་ཅི་ཡང་མ་བྱས་ཀྱང་ཁྱིམ་ཚང་དུ་ངན་འབྲས་འདི་ལྟ་བུ་བྱུང་བ། དེ་དག་ལ་བསམ་བློ་གཏོང་ཞོར་དུ་ལམ་ནང་དུ་ལུག་གཅིག་བསད་པ། འདྲ་པར་སྟེང་གི་རྩ་བའི་བླ་མས་ལེ་བདའ་བྱེད་པའི་ཉམས་མངོན་པ། རྒྱུ་བདག་མི་འདུག་པས་བསམ་བློ་ཐེངས་མང་བཏང་མཐར་ལུག་གི་བེམ་པོ་རླངས་འཁོར་དུ་བཞག་པ། རྩ་བས་བླ་མས་གུ་ཡངས་བཏང་བ། དམིགས་ཡུལ་དུ་སླེབས་ནས་ཚོང་རྫས་ཕོག་རྗེས་རླངས་འཁོར་བསྐོར་ནས་དགོན་པར་སོང་བ། ལམ་བར་དུ་བཤས་རར་སོང་སྟེ་ལུག་གི་རིན་གོང་དྲིས་པ། གྲྭ་པ་རྒན་པར་སྒོར་ལྔ་བརྒྱ་བྱིན་ནས་ལུག་བསད་པར་བསྔོ་སྨོན་ཞུས་ཤིང་། སྤྲང་བོར་སྒོར་བརྒྱ་ཡི་སྦྱིན་པ་བཏང་བ། ལུག་གི་བེམ་པོ་དུར་ཁྲོད་དུ་བསྐྱལ་ནས་བྱ་རྒོད་ལ་གཟན་དུ་ཕུལ་སོགས་ཀྱི་དགེ་རྩ་བསྒྲུབས་པའོ༎
  མཇུག་མཐར་ཚོང་རར་ཕྱིན་ཏེ་ལུག་ཤ་ཉོས་ཏེ་ལུག་ཤ་བཟའ་བར་དགའ་བའི་མཛའ་མོ་ཡོད་སར་སོང་འདུག་ཀྱང། དོན་དམ་དུ་མཛའ་མོ་དེ་དངོས་སུ་ཡོད་མེད་དང་དངོས་སུ་མཇལ་ཐུབ་མིན། མཇུག་འབྲས་ཅི་ཡིན་པ་མི་རྟོགས། ད་དུང་ཚོང་ཟོག་འབོག་པའི་གསར་བུ་དག་གིས་ཁོའི་མཛའ་མོ་གླེང་སྟེ་མ་རབས་ཀྱི་གད་མོ་དགོད་དོན་ཅི་ཡིན། ད་དུང་སྐབས་འདིར་ཆེད་དུ་ཁོ་ལ་ཁོ་མོས་ལུག་ཤ་དེ་མཐོང་ཚེ་དེ་བས་ཧ་ཅང་དགའ་ངེས་པའི་བསམ་ཚུལ་སྐྱེས་དོན་ཅི་ཡིན། འདི་ནི་ཀློག་མཁན་ལ་བཞག་པའི་བསམ་གཞིགས་ཀྱི་སྟོང་ཆ་ཆེན་པོ་ཞིག་རེད།

  སྒྲུང་གཏམ«ལག་དམར།»

  པད་ཚེ་དང་ངེད་གཉིས་བློས་ཐུབ་གྲོགས་པོ་ཡིན་པའི་ཆ་ནས། ཁོས་སྔོན་ཞིག་ནས་ཁོའི་སྒྲུང་གཏམ«ལུག་གཅིག་ལྔ་བའི་ལམ་དུ་བརྫངས་སོང»དང་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ«ལག་དམར»གཉིས་མཉམ་དུ་བསྡེབས་སྟེ་གློག་བརྙན་འཁྲབ་གཞུང་ཞིག་བསྒྲིགས་ཡོད་ཚུལ་གླེང་མྱོང་། སྐབས་དེར་ངས་སྒྲུང་གཏམ་དེ་གཉིས་ཇི་ལྟར་ལྷན་དུ་བསྡེབས་ཚུལ་གསལ་བོ་མ་དྲིས་མོད། ཡིན་ནའང་ངའི་སེམས་སུ་དེའི་སྐོར་ལ་དོགས་གཞི་མང་པོ་ཞིག་ཡོད་སོང་།
  ཕལ་ཆེར་ལོ་ལྔ་དྲུག་གི་ཡར་སྔོན་ཞིག་ཏུ་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ«ལག་དམར»ཞེས་པ་དེར་ལྟ་མྱོང་འདུག་སྟེ། སྐབས་དེར་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ་དེའི་མིང་ལའང་དངོས་གནས་རྒྱ་ཡིག་གི«杀手»ཅེས་བྲིས་འདུག སྤྱིར་ན་ད་ལྟའི་དུས་འདིར«杀手»ཅེས་པའི་ཐ་སྙད་འདི་ནི་གཞན་གྱིས་སྒོར་མོ་བྱིན་ན་མི་གསོད་རྐྱང་བྱེད་མཁན་དེར་གོ་བའི་ཆེད་སྤྱོད་ཐ་སྙད་ཅིག་ཡིན་ནའང་། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་དེ་རང་ཉིད་ཀྱི་ཕ་གསོད་ལག་དམར་ལ་སྙིང་ནད་རྩོད་དུ་ཡོང་བའི་བུ་དེ་རེད་འདུག་པས། དེ་ལ«杀手»ཅེས་པའི་ཐ་སྙད་འདི་སྦྱོར་ཨེ་རུང་བའི་སོམ་ཉི་ཞིག་ཀྱང་སྐྱེས་པར་གྱུར། ཡིན་ནའང«杀手»ཞེས་པ་དེ་ནི་དོན་ངོ་མར་ཕ་རྒན་གསོད་མཁན་གྱི་ལག་དམར་དེ་ལ་གོ་བ་ཡིན་ཡང་སྲིད། རྩོམ་རིག་གི་བསྟན་དོན་མང་པོ་ཞིག་ནམ་ཡང་ཀློག་མཁན་རང་ཉིད་ཀྱི་བློ་ཡིས་འཚོལ་དགོས་པ་ཞིག་རེད་ཨང་།
  གང་ལྟར་མི་སྣ་དེ་ནི་ནམ་ཡང་སེམས་ཁམས་སྙིང་ནད་ཀྱིས་ཁེངས་ཤིང་དུས་དང་རྣམ་པ་ཀུན་ཏུ་ལུས་ལ་སྡིག་པའི་ན་བུན་འཁོར་བ་ལྟ་བུ་ཞིག་ཏུ་བཞེངས་འདུག་ཀྱང་། ཁོ་རང་ཁེར་རྐྱང་ངང་གྲོང་སྡེ་དེར་ཡོང་ནས་ཉིན་མང་པོར་རྩད་ཞིབ་བྱས་རྗེས། མཇུག་མཐར་ཁོ་རང་མགྲོན་སྡོད་བྱེད་སའི་བདག་མོའི་མོའི་ཁྱོ་ཀ་ལོ་འགའི་སྔོན་ནས་འདས་པས་ཁོ་རང་གི་བརྩེ་བ་ཐོབ་རེ་བྱེད་ཀྱིན་འདུག་ལ་ཁོར་ཡང་ཁོ་མོར་ཚོར་བ་ཡོད་འདུག ཕ་རྒན་རྒད་པོ་ཉམ་ཐག་དེས་ཁོ་རང་ཁོས་འཚོལ་བཞིན་པའི་ཕ་གསོད་ལག་དམར་དེ་ཡིན་པ་ངོས་ལེན་བྱེད་དུས། ཁོའི་སེམས་ཁོང་ཡོངས་རྫོགས་སྙིང་ནད་ཀྱིས་གཟིར་ཅིང་དམ་དུ་བཅིངས་པའི་ལག་མཐིལ་ནས་རལ་གྲིའི་ཡུ་བའི་རི་མོའང་མྱོང་ཚོར་བྱེད་ནུས་པའི་ཚད་དུ་གྱུར་ཡོད་ཀྱང་། རྒད་པོ་ལོ་ན་རྒས་ཤིང་ནད་ཀྱིས་གཟིར་བའི་བཟོ་ལྟ་དང་། ཕ་མེད་ཀྱི་ཚ་བོ་དག་གི་ཉམ་ཐག་པའི་དོན་དངོས་དེས་ཁོའི་ཡོད་ཚད་ལ་ཚོད་འཛིན་ཐེབས་ཏེ། མིག་ཆུ་ཁོང་དུ་མིད་ནས་ཁེར་རྐྱང་ངང་དེ་ག་དང་གྱེས་ཚུལ་བྲིས་ཡོད་པ་སེམས་སུ་གསལ་གྱིན་འདུག
  ངའི་སེམས་ལ་པད་ཚེ་ལགས་ཀྱིས་ནང་དོན་རྦད་དེ་ཐ་དད་པར་གྱུར་པའི་སྒྲུང་གཏམ་དེ་གཉིས་ཀ་ཇི་ལྟར་རྐྱ་བསྡེབས་ཏེ་གློག་བརྙན་ཞིག་ཏུ་བསྒྲིགས་པར་ལྟ་རེ་ཆེན་པོས་ངང་སྒུག་བྱས་པ་ཡིན། ལྷག་པར་དུ་གློག་བརྙན་འདི་ན་ནིང་ལོར་ཝེ་ཉི་སིའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩེར་སོན་གྱི་བྱ་དགའ་སོགས་བསྟུད་མར་བྱ་དགའ་མང་པོ་ཐོབ་པ་ཐོས་འཕྲལ་སྤྲོ་བ་མཚོ་ལྟར་འཕྱུར་ཅིང་ལྟ་འདོད་ཀྱི་འདུན་པ་སྔར་བས་སྐོམ་པས་ཆུ་ལྟར་དུ་གྱུར་པ་སྨོས་ཅི་དགོས།

  གློག་བརྙན«ལག་དམར།»

  སྤྱི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ནི་པད་ཚེའི་གློག་བརྙན«ལག་དམར»ཟི་ལིང་ནས་ཐོག་མར་གཏོང་མགོ་བརྩམས་པའི་བཀྲ་ཤིས་ཉིན་མོ་ཡིན་མོད། ང་རང་མཚོན་ན་ཧ་ཅང་གྱོང་ཆེ་བའི་ཉིན་མོ་ཞིག་ཀྱང་ཡིན་སོང་། རྒྱུ་མཚན་ནི་སྔོན་གྱི་ཉིན་གཉིས་ཀྱི་རིང་ང་རང་ས་ཁུལ་གཞན་དུ་སོང་ནས་ཆང་རག་གི་དབང་དུ་གྱུར་ཅིང་ཉིན་དེར་ཟི་ལིང་དུ་རྡོག་ཐོན་བྱེད་དུས་ཀྱང་ད་དུང་ར་རོ་བར་གྱུར་ཡོད་པ་དེ་རེད། ངས་ད་བར་དུ་རེ་སྒུག་བྱེད་ཀྱིན་པའི་གློག་བརྙན་དེར་སྤྱོད་ཚུལ་འདི་ལྟ་བུ་ཞིག་གིས་ལྟ་དགོས་བྱུང་བ་ནི་ནམ་ཡང་བསྐང་ཐབས་བྲལ་བའི་ཕངས་སེམས་ཤིག་ཅི་ལ་མིན། འོན་ཀྱང་གློག་བརྙན་དངོས་སུ་བཀར་མགོ་བརྩམས་མ་ཐག་པའི་བྲེད་ཤ་སློང་བའི་སྒྲ་དབྱངས་དེའི་རྣམ་རིག་སོར་ཆུད་པར་བྱས་སོང་ལ། དེ་ནས་བཟུང་གློག་བརྙན་གྱི་མགོ་ནས་མཇུག་བར་དབུགས་རྨེག་མི་ནུས་པའི་མཁའ་དབུགས་གྲིམ་པོ་ཞིག་གིས་བསྒྲིལ་ཡོད་པ་ལྟར་མི་སེམས་བག་ལྷོད་དུ་གནས་མི་ནུས་པར་བསྒྱུར་འགྲོ།
  ངས་རྣམ་པ་ཀུན་ཏུ་གློག་བརྙན་འདི་ལས་ཆེས་དོ་སྣང་བྱེད་ས་ནི་སྦྱིན་པ་ཀ་པ་ཞེས་པའི་མི་སྣ་འདི་ཡིན་ཞིང་། ཁོའི་ལུས་སྟེང་དུ«ལུག་གཅིག་ལྔ་བའི་ལམ་དུ་བརྫངས་སོང»ནང་གི་རྒྱང་རིང་གྲོང་བརྡལ་དུ་ཚོང་ཟོག་སྐྱེལ་བའི་ཁ་ལོ་བ་དང«ལག་དམར»ཁྲོད་ཀྱི་ཕ་གསོད་ལག་དམར་འཚོལ་མཁན་ཁམས་པའི་ཕོ་རྒོད་དེ་མི་གཅིག་གི་སྣང་བརྙན་དུ་བསྡུས་ཡོད་ཅིང་། དེ་དང་ལྷན་དུ་ཡང་སྦྱིན་པ་ཁ་པ་ཞེས་པའི་ཕ་གསོད་ཀྱི་ལག་དམར་ཡང་ཕྱིར་མངོན་པར་བྱས་པས། གློག་བརྙན་འདི་ལ་རིམ་བཞིན་གཏམ་རྒྱུད་ཉིས་གཤིབ་མའི་རོལ་དབྱངས་ཉིས་གཤིབ་མའི་ཁྱད་ཆོས་ཤིག་ཀྱང་རང་བཞིན་གྱིས་མངོན་པར་གྱུར་པ་རེད། ཡིན་ནའང་གློག་བརྙན་འདི་ལས་གཏམ་རྒྱུད་ཀྱི་སྤྲོས་པར་གཞོལ་བ་ལས་ཀྱང་བརྙན་མིག་ལས་སྟོན་འདོད་པའི་ཚོར་བ་ལ་གཞོལ་བ་ཤས་ཆེ་ཞིང་ཚོར་བ་དེ་ཇི་བཞིན་དུ་མཚོན་པ་ལེགས་འགྲུབ་ཀྱང་བྱུང་འདུག་སྙམ་སྟེ། དོན་དག་གང་དང་ཅི་ཡིན་ཡང་ཚོར་བ་ཞིག་གི་ངོས་ནས་གདེང་འཇོག་བྱེད་པ་ནི་ཕལ་ཆེར་གོམས་སྲོལ་ཞིག་ཏུ་གྱུར་ཡོད་པས། མི་རིགས་གཞན་དག་གིས་ང་ཚོ་བོད་མི་དག་གི་བྱད་གཟུགས་རྫིག་རྫིག་འདྲ་པོ་དང་། བྱ་སྤྱོད་འཇིགས་འཇིགས་འདྲ་པོ། སྦྱོར་བ་རྩུབ་རྩུབ་འདྲ་བོ། བལྟས་ཚོད་ཀྱིས"གནས་ལུགས་ལ་བརྩི་འཇོག་ག་ལ་བྱེད"ལྟ་བུའི་ཚོར་བ་ལ་བརྟེན་ནས་འོལ་ཚོད་ངང"ཀླ་ཀློའི"མི་རིགས་སམ"དམུ་རྒོད"ཀྱི་མི་རིགས་ཤིག་ཏུ་ངོས་འཛིན་པ་ཧ་ཅང་མང་པ་ལས། དོན་དམ་དུ་མི་རིགས་འདི་ཕྱི་ཚུལ་གྱི་ཚོར་བ་ལས་ལྡོག་པའི་ནང་སེམས་ཀྱི་བྱམས་སྙིང་རྗེ་དང་། ལྷད་མེད་དྲང་རྐྱང་། ཡ་རབས་ཚུལ་མཐུན། སྡིག་ལས་ལ་འཛེམ་ཞིང་རྒྱུ་འབྲས་ལ་བརྩི་འཇོག་བྱེད་པའི་རང་གཤིས་རྣལ་མ་དེ་རྩ་བ་ནས་མཐོང་གིན་མེད་པས་ན། སྦྱིན་པ་ཀ་པ་ཞེས་པའི་མི་སྣ་འདིའི་སྟེང་དུ་ཏག་ཏག་བོད་མི་དག་གི་ཕྱི་ཚུལ་གྱི་ཚོར་བ་དང་ནང་སེམས་ཀྱི་རང་གཤིས་རྣལ་མ་དེ་མངོན་ཡོད་པ་སྟེ། ཁོ་རང་རླངས་འཁོར་ཁ་ལོ་བ་དེ་ཡིན་པའི་ཆ་ནས། ལམ་དུ་ལུག་བསད་ཀྱང་བདག་པོ་མ་བྱུང་བས། རང་ངོས་ནས་ཉེས་པ་དང་ལེན་བྱས་ཏེ་བསྔོ་སྨོན་ཞུས་ཤིང་། བེམ་པོའང་རང་གིས་མ་ཟས་ལ་མི་ལ་མ་བཙོང་བར་ཚེ་ལས་འདས་པའི་མི་བཞིན་དུ་བལྟས་ནས་བྱ་གཡེང་བྱས་ཡོད་པ་དང་། ཁོ་རང་ཕ་གསོད་ཀྱི་ལག་དམར་འཚོལ་མཁན་ཡིན་པའི་ཆ་ནས། འཛམ་གླིང་གི་མི་རིགས་གང་གིས་ཀྱང"སྲོག་ལན་སྲོག་གིས་འཇལ་བ"杀人偿命ནི་བདེན་དོན་དུ་ལྟ་བ་དང་། ཁམས་པའི་ཕོ་རྒོད་དག་གིས་ཀྱང"ཁྲག་ལན་ཁྲག་གིས་འཇལ་རྒྱུ"ནི"རྒྱུ་འབྲས་དང་མཐུན་པ"ཞིག་ཡིན་པ་ལྟར་ཡོད་ཀྱང་། མཐར་དེད་ན་བོད་མི་ཚོའི་རུས་གསེང་ན་ཐེར་ཟུག་ཏུ་གནས་པའི་བྱམས་སྙིང་རྗེ་ཆེ་བ་དང་། བཟོད་པ་སྒོམ་ནས་རང་སེམས་འདུལ་བ། ཚེ་སྲོག་འདྲ་མཉམ་དུ་ལྟ་བ་སོགས་ཀྱི་རང་གཤིས་དེ་མཇུག་མཐར་མི་སྣ་སྦྱིན་པའི་སྟེང་ནས་རང་བཞིན་གྱི་མངོན་བྱུང་བ་རེད་པས། པད་ཚེ་ལགས་ཀྱིས་ཏག་ཏག་གློག་བརྙན་གྱི་བརྙན་མིག་ལས་སྟོན་འདོད་པའི་ཁྱད་འཕགས་ཀྱི་ཚོར་བ་ལ་བརྟེན་ནས་ཚོར་བ་ཕྱིན་ཅི་ལོག་པ་མང་པོ་ཞིག་ལ་རྒོལ་ལན་སྤྲད་པ་དང་། འདི་ལྟར་རང་ཉིད་ཀྱི་གློག་བརྙན་སྒྱུ་རྩལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལ་བརྟེན་ནས་རང་ཉིད་ཀྱི་མི་རིགས་འདི་འཛམ་གླིང་ལ་ངོ་སྤྲོད་བྱས་པ་ཨེ་ཡིན་ནམ།
  གང་ལྟར་ངས་ནི་གློག་བརྙན་སྒྱུ་རྩལ་གྱི་ཆ་ནས་ཅི་ཡང་མི་ཤེས་པས་ན་བྱུང་རྒྱལ་གྱི་སྐད་ཆ་ཅི་ཡང་བཤད་མི་ཕོད། ཡིན་ནའང་གློག་བརྙན་འདི་པད་ཚེའི་གློག་བརྙན་སྔོན་མ་དག་དང་ཧ་ཅང་མི་འདྲ་བ་འདུག གློག་བརྙན་འདི་ལ་བལྟས་པས་ང་ལ་ཅི་བྱུང་མེད་པར་ཧ་ལས་པའི་ཚོར་སྣང་ཞིག་བྱིན་སོང་མོད། ཡང་སྙིང་ཅིའི་ཕྱིར་དུ་ཧ་ལས་པའང་རང་ཉིད་ཀྱིས་བཤད་མི་ཤེས་འདུག ཧ་ཧ། ཡང་ན་ངས་ཅི་ཡང་གོ་མ་བྱུང་བས་ཧ་ལས་པ་ཡིན་ཡང་སྲིད། ངས་གློག་བརྙན་འདི་ལ་བལྟས་ཀྱིན་དུ་ཕྱོགས་ཀུན་ཉེན་ཁ་དང་དོགས་ཟོན་གྱིས་ཁེངས་ཡོད་པ་ལྟ་བུའི་ཨ་རིའི་ནུབ་རྒྱུད་གློག་བརྙན་གྱི་ཁྱད་ཆོས་དང་ནང་སེམས་ཀྱི་འབྱོར་བ་གྱ་ནོམ་པའི་ནང་ཆོས་རིག་པའི་བྲོ་བ་བསྡེབས་གཅིག་ཏུ་བསྲེས་ཡོད་པའི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་། གང་ལྟར་ཡང་གློག་བརྙན་འདི་ནི"གཏམ་རྒྱུད་ཀྱི་རྗེས་འགྲོ་བ"ཞིག་གི་ངོས་ཁོ་ན་ནས་མྱོང་རོལ་བྱས་ན་མི་འཐུས་པར། སྒྱུ་རྩལ་གྱི་བློ་སྦྱོང་ཞིག་གིས་ངོས་ནས་རྒྱུས་ལོན་བྱས་ན་ནང་བཅུད་ཧ་ཅང་གྱ་ནོམ་པོ་ཡོད་པའི་ཚོར་སྣང་བྱིན་སོང་མོད། ཧ་ཅང་མང་པོ་བཤད་ན་གོས་ཆེན་གྱི་ལྭ་བར་པགས་པའི་ལྷན་པ་བརྒྱབ་པའི་ཚུལ་དུ་འགྲོ་ཉེན་ཆེ་བས་མི་སྤྲོ་བར་བྱའོ།།

  མཇུག་བསྡུ།

  ཁོས་བཤད་རྒྱུར།
  ---དོན་དག་མང་པོ་ཞིག་ལ་ཁྱོད་ཀྱིས་ཅིའི་ཕྱིར་ཞེས་འདྲི་དགོས་དོན་མེད་དེ། དོན་དངོས་སུ་བྱུང་མྱོང་བའི་ཕྱིར་རོ༎
  ཁོ་མོས་བཤད་རྒྱུར།
  ---ཚོར་བ་ཞེས་པ་ནི་ཧ་ཅང་ཕུན་སུམ་ཚོགས་པའི་སེམས་བྱུང་ཞིག་སྟེ། ཁྱོད་ཀྱིས་དེ་རོལ་མྱོང་བྱས་ཆོག་པ་ལས། དེ་ལ་འགྲེལ་བཤད་གཏན་ནས་བྱ་ཐབས་མེད།
  ངས་ཀྱང་ཞོར་དུ་བཤད་དགོས་བྱུང་།
  ---གལ་ཏེ་ཁྱོད་ཀྱིས་བརྩམས་ཆོས་དེ་ལ་འགྲེལ་བཤད་བྱ་ནུས་ཚེ། དེ་ནི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་མ་ཡིན་ནོ༎

དཔྱད་མཆན་ཡོད།