དབྱི་ལང་གློག་བརྙན་དང་བྱིས་པའི་མཐོང་སྣེ།

རྒྱ་སྐད་ཀྱི་གློག་བརྙན་དཔྱད་བརྗོད།

  གློག་བརྙན«ཁྱིམ་སྟོང»ཞེས་པ་ནི་དབྱི་ལང་གློག་བརྙན་གྱི་བརྗོད་བྱ་འཛིན་སྟངས་དང་བརྙན་ཐབས།དངོས་བཤུས་རང་ལུགས་ཀྱི་རྣམ་པ་ཤུགས་ཆེར་མངོན་སྟངས་ནི་ཆ་འདྲ་བས། དབྱི་ལང་གློག་བརྙན་དང་འབྲེལ་ནས«ཁྱིམ་སྟོང»གློག་བརྙན་གྱི་ཕྱི་ནང་ལ་རགས་ཙམ་མྱོང་རོལ་བྱས་པར་དཔྱད་པ་ལ།

  སྤྱིར་ན་གློག་བརྙན«ཁྱིམ་སྟོང»གི་བརྙན་འགྲོས་ཀྱི་ཚད་དང་བརྙན་མིག་ལས་སྣང་བའི་གཏམ་རྒྱུད་ཀྱི་བྱུང་རིམ།ལྷག་པར་བྱིས་ལྷག་པར་བྱིས་པའི་འཇིག་རྟེན་གྱི་མཐོང་སྣེ་སྤྱད་དེ་སྤྱི་ཚོགས་ལ་བལྟ་བ་དང་དུས་སྐབས་ལ་བལྟ་བ།མི་ཚུལ་ལ་བལྟ་བའི་རིག་པ་ཞིག་ངང་གིས་དབྱི་ལང་གློག་བརྙན་དང་འདྲ་མཆིས་སུ་སྣང་བས།འདིར་དམིགས་སུ་དབྱི་ལང་གི་གློག་བརྙན་དང་བྱིས་པ་བརྗོད་གཞི་འཛིན་པའི་དབྱི་ལང་གློག་བརྙན་གྱི་ལྟ་ཚུལ་རགས་ཙམ་འབྲེལ་བ་ནི་དགོས་བ་གང་ཞིག་གི་ཆེད་དུ་མཁོ་བ་ཡིན།དབྱི་ལང་གློག་བརྙན་གྱི་ལོ་རྒྱུས་ཟུར་ནས་བལྟས་ན།འདས་པའི་སྤྱི་ལོ༡༩༠༠ལོར་དབྱི་ལང་གི་སྔ་རབས་གློག་བརྙན་བྱུང་བ་དང་སྦྲགས།དབྱི་ལང་གི་སྐུ་དྲག་དང་མངའ་བདག་གི་དབང་ཆར་བརྟེན་ནས་ཕྱི་གླིང་དུ་གློག་བརྙན་ལག་རྩལ་དང་གློག་བརྙན་རིག་པ་སྦྱངས་པར་བརྩམས་ནས་དབྱི་ལང་གློག་བརྙན་གྱི་ཐོག་མའི་བྱུང་བ་བརྩམས།དེ་ལས་དབྱི་ལང་གློག་བརྙན་ཡང་འཛམ་གླིང་གློག་བརྙན་བྱུང་འཕེལ་དང་འདྲ་བར་ཆོས་སྲིད་ཀྱི་སྒེར་ལྡུམ་དང་བཙན་བདག་གི་རླུང་འཚུབ་ཁྲོད་ནས་གློག་བརྙན་འཕེལ་རིམ་གྱི་གེགས་རྐྱེན་དང་གློག་བརྙན་བྱུང་འབྲས་ཀྱི་བར་ཆད་མང་པོ་ཐེབས་མྱོང་བ་ཡིན།
  ལོ་རབས་དུ་མའི་ཡར་སྔོན་ནས་དབྱི་ལང་གི་སྤྱི་ཚོགས་སྒྲིག་གཞི་དང་ཆབ་སྲིད་དོ་དམ་ཐད་ལ་རྐྱེན་འགྱུར་སྣ་ཚོགས་བྱུང་བ་དང་དངོས་ཡོད་མི་ཚུལ་རྒྱབ་ལྗོངས་ལ་འཕོ་འགྱུར་ཅི་རིགས་ཐེབས་པས།གློག་བརྙན་མི་སྣའི་མཐོང་ལམ་ནས་དབྱི་ལང་གི་དར་རྒུད་དང་ལས་དབང་།དོན་དངོས་དང་མངོན་ལྐོག་མཚོན་པར་བྱ་བའི་ཐབས་ལམ་ནི་གློག་བརྙན་གྱི་ལམ་ཁ་ནས་བརྙེས་བྱུང་བས།རབས་མི་འདྲ་བའི་ཁྱབ་ཁོངས་ནས་དབྱི་ལང་གི་གློག་བརྙན་འཇོན་མི་འགངས་ཆེན་བྱུང་སོང་།དབྱི་ལང་རང་ངོས་ནས་འཁྲབ་ཁྲིད་པ་ཕུན་བྱུང་ཅན་ནས་གློག་བརྙན་བརྩམས་ཆོས་ཀྱང་འབྲེལ་ཆོས་སུ་བྱུང་།དཔེར་ན།ཅ་ཧྥ་ཕྰ་ན་ཞེ贾法 帕纳西དང་ཨ་པྰ་སི། 阿巴斯 མྰ་ཇེ་ཏེ། 马吉迪 མྰ་ཇེ་ཏིག 马基德 མྰ་ཁུ་མྰ་པ་ཧྥོ 马克马巴夫 སོགས་བྱུང་བ་ནི་དབྱི་ལང་གློག་བརྙན་ལ་ལོ་རྒྱུས་ཀྱི་དཔང་རྟགས་མངོན་པས།ཁོང་ཚོས་བརྙན་མིག་གི་བློ་དཔྱོད་ནི་དབྱི་ལང་གི་འཚོ་བ་དངོས་ཡོད་དང་སྤྱི་ཚོགས་དུས་འགྱུར།འཚོ་གནས་གོད་ཆག མི་ཚུལ་འགྱུར་བ།སྐྱེས་མའི་མུན་ནག ཆོས་ལུགས་འཐབ་རྩོད།ཆབ་སྲིད་སྒེར་གཅོད།མི་རིགས་འགལ་འབྲེལ།གནས་སྤོ་འཇིག་ཉེན།རིགས་དབྱེ་ཁྱད་གསོད།གསང་བའི་བཙན་གཡེམ།ཕལ་བའི་མིའི་བརྩེ་སེམས་ཀྱི་ཟུར་དང་སྣེ་ནི་བརྙན་མིག་གི་ཐབས་སུ་བཀོད་དེ་འཛམ་གླིང་གློག་བརྙན་རིག་པའི་ཁྱབ་ཁོངས་སུ་བརྒལ་བ་དེ་ནི་དབྱི་ལང་གློག་བརྙན་གྱི་བདེན་པ་མཐར་ཐུག་དང་སྒྱུ་རྩལ་གྱི་ཐེག་པའི་ས་ལམ་ཡིན།དེ་ལས་ཀྱང་འཁྲབ་ཁྲིད་པ་ཁོང་ཅག་གི་ཁྲོད་དུ་གློག་བརྙན་གྱི་ཐབས་སུ་བྱིས་པའི་འཇིག་རྟེན་གྱི་མཐོང་སྣེ་རུ་སྤྱད་དེ་གློག་བརྙན་དང་དངོས་བཤུས་གློག་བརྙན་གྱི་ལམ་ནས་དོན་དངོས་ཀྱི་སྙིང་བོ་གབ་མེད་པ་ནི་དབྱི་ལང་གློག་བརྙན་གྱི་རྩ་བའི་གཟུངས་འཇུག་ཏུ་གྱུར་ཡོད། དེ་བས། དབྱི་ལང་གི་བྱིས་པའི་གློག་བརྙན་ལ་མཚོན་ན། བྱིས་པ་ནི་གློག་བརྙན་གྱི་མིག་ཡིན་ལ་གློག་བརྙན་ནི་གསང་བའི་གཏེར་ཁ་སྔོག་བྱེད་ཀྱི་གདམས་པ་དེ་ཡིན་པས།ཕྲ་རབ་ཀྱི་སྒོ་ནས་དབྱེ་ཞིབ་བྱས་ན།འཛམ་གླིང་བྱིས་པའི་གློག་བརྙན་གྱི་བརྗོད་བྱའི་གྲངས་ཚད་ཆེས་མང་བའི་རྒྱལ་ཁོངས་ནི་དབྱི་ལང་ཡིན་ལ།གློག་བརྙན་དང་བྱིས་པ་གཉིས་བོ་རྒྱུད་སྐུད་གཅིག་ཏུ་དྲངས་ནས་དབྱི་ལང་གི་སྐྱུག་བྲོ་བའི་མི་གཤིས་དང་མུན་ནག་གི་འཚོ་བའི་ཟབ་ས།སྤྱི་ཚོགས་ཀྱི་མངོན་ལྐོག་ཟློས་གར། སྐྱེས་མའི་མནར་གཅོད་ཀྱི་གཅོང་ནད།གྲུབ་མཐའ་འཐབ་རྩོད་ཀྱི་ནད་རྟགས་མི་འདྲ་བ་ལ་གཤགས་བཅོས་གཏོང་ཐབས་ཀྱི་གསང་རྒྱའི་བརྙན་མིག་ཏུ་བརྫུས་པ་ཡིན་པར་མ་ཟད།བྱིས་པའི་དྭངས་གཙང་གི་ལྟ་ཚུལ་དང་སྦྱོར་བ་ནི་ཕྲ་མཐོང་ཆེ་ཤེལ་གྱི་ཆ་རུ་བཞག་ནས་དབྱི་ལང་གློག་བརྙན་རང་ངོས་ཀྱི་བརྙན་ཐབས་ལ་ཇི་བཞིན་དང་དངོས་སྣང་།ཞིབ་བརྗོད།ཕྲ་ཞིབ།རྟོག་བྲལ་གྱི་ཐབས་དང་བཀོད་པ་སྤྱད་ནས་དབྱི་ལང་གི་མིའི་ལྟ་སྤྱོད་དང་དངོས་ཡོད།མིའི་འབྲེལ་ཆོས་དང་མངོན་ལྐོག མིའི་ཕྱི་ཤུན་དང་ནང་སྒྲོམ།མིའི་ཚུར་སྣང་དང་གྲལ་རིམ་ལ་འཇུག་པ་ནི་དབྱི་ལང་གི་འཇིག་རྟེན་དཀར་ནག་འཐབ་པའི་ཚངས་ཐིག་འབྱེད་བྱེད་དུ་བྱུང་བ་ཡིན།འདིར་དབྱི་ལང་གི་བྱིས་པ་བརྗོད་གཞི་འཛིན་པའི་དཔེ་མཚོན་གློག་བརྙན་རེ་བརྗོད་ན། དེ་ལ«ལྷམ་ཆུང་ཆུང»དང«དབུགས་ལྒང་དཀར་བོ»«ལྷ་ཡུལ་གྱི་བཀྲག་མདངས»«སྐྱེས་མའི་རོལ་དབྱངས་ཁག་གསུམ»«སྒོ་སམ»«ཀུ་ཤུ»«ཕ་རྒན»«མྰ་ལེ་ཡའི་བྱིས་པ»«གྲོགས་པོའི་ཁྱིམ་གང་དུ་ཡོད»«གོ་རེ་དང་སྲང་བར»«ང་དང་ཨ་ཕའི་ལྕགས་རྟ»«རྫོགས་མེད་ཀྱི་རྨི་ལམ»«གཅེས་སུ་འོས་བའི་མེ་ལྰ་ཏིག་ཆུང་ཆུང»«ལྷའི་ཞིང་ཁམས»«སུ་ཞིག་གིས་ང་རང་ཡུལ་ལ་ཁྲིད་ངེས»«མཆིལ་བའི་གསུང་སྐད»སོགས་བྱུང་བས།འཛམ་གླིང་གློག་བརྙན་ལོ་རྒྱུས་སུ་དངོས་ཡོད་བདེན་པར་སྣང་བའི་བརྙན་མིག་གི་དཔེ་གཞི་ཡག་པོ་བཞེངས་ཡོད་ལ། དབྱི་ལང་གློག་བརྙན་གྱིས་འཛམ་གླིང་བྱིས་པར་ཐེབས་པའི་གཉུག་གཤིས་ཀྱི་ནུས་པ་ཚད་མེད་ཀྱིས་མཚར་སྒྲུང་མང་པོ་བསྐྲུན་ཡོད།
  དབྱི་ལང་གློག་བརྙན་ལ་ཆོས་ལུགས་ཀྱི་གེགས་རྐྱེན་དང་སྲིད་ལུགས་ཀྱི་སྒེར་གཅོད་མང་དུ་བྱུང་ཡང་།གློག་བརྙན་རང་ངོས་ནས་ཁྱད་གཞི་ཡན་གར་བ་ཞིག་འདུག་པས།གློག་བརྙན་གྱི་བརྙན་མིག་རིང་གྲས་ཀྱི་ལམ་ནས་དངོས་བཀོད་ཀྱི་རྣམ་པ་གཞི་རུ་བཟུང་ནས་མི་རིགས་རང་བཞིན་དང་བདེན་ངེས་རང་བཞིན།གཏན་ཚིགས་རང་བཞིན།ཡུལ་སྡེ་རང་བཞིན།མི་ཚུལ་རང་བཞིན་གྱི་སྙིང་བོའི་སྙིང་བོ་ཐོན་པ་ནི་མིའི་རིགས་སྤྱི་མཐུན་གྱི་མཛེས་རྟོག་དང་ཉེ་བར་སྣང་ཞིང་རྒྱལ་སྤྱིའི་གོ་འཕང་ལའང་ངང་གིས་མཆོངས་བརྒལ་ཐུབ་སོང་བ་རེད།དེ་ནི་འཛམ་གླིང་གློག་བརྙན་གྱི་གོ་འཕང་མངའ་བརྙེས་བའི་ཚད་གཞི་ལ་འབྲེལ་ཡོད།དབྱི་ལང་གློག་བརྙན་ཐོན་ལས་ནི་གློག་བརྙན་རིག་གནས་ཀྱི་འཚོ་གནས་ལ་གཞི་གྲུབ་ཤུགས་ཆེར་བསྐྱེད་པས།དབྱི་ལང་གློག་བརྙན་ལ་གབ་སྦས་དང་མཚོན་བྱེད་ཀྱི་མཛེས་རྟོག་ལྡན་པ་མ་ཟད།བྱིས་པའི་མཐོང་སྣེ་ནས་འཛམ་གླིང་ལ་བརྒལ་བ་དེ་ནི་དབྱི་ལང་འཁྲབ་ཁྲིད་པའི་ཐབས་དམ་པ་དེ་ཡིན།གལ་སྲིད་དེ་ལས་ལྡོག་གྱུར་ན།ཤེས་རིག་གང་ཞིག་ཡུལ་ལུང་དོག་ས་རུ་གནས་ཡུན་རིང་ན་ཤེས་རིག་དེ་ཉིད་འཚོ་བའི་བར་སྟོང་དང་དུས་ཚོད་གཞན་གྱིས་ཚོད་འཛིན་ཐེབས་སླ་བའམ་ཉམས་རྒུད་དུ་གྱུར་འགྲོ་བ་ཡིན།
  འདིར་དབྱི་ལང་གློག་བརྙན་གྱི་གླེང་བརྗོད་དང་བརྒལ་ནས་གློག་བརྙན«ཁྱིམ་སྟོང»ཞེས་པའི་ཕྱི་ནང་ལ་འཇུག་ན། གློག་བརྙན་འདི་ནི་འཁྲབ་ཁྲིད་པ་སྐྱེས་མ་ནྰ་ཏེན་ལྰ་པ་ཇི་ནས་འཁྲབ་ཁྲིད་བྱས་ཏེ་ལེགས་འགྲུབ་བྱུང་བ་ཞིག་ཡིན། ༢༠༡༩ལོར་འཛམ་གླིང་གློག་བརྙན་ལོ་རྒྱུས་སུ་ངོ་མཚར་ལྟད་མོ་གཞན་ཞིག་བྱུང་བས།གློག་བརྙན་འདི་ལ་ཨོ་སི་ཁ་རྩེ་གྲ་རྟགས་མ་དང་གསེར་དོམ་རྟགས་མ།ཀྰ་ན་གློག་བརྙན་དུས་ཆེན་གྱི་དཔྱད་གླེང་རྟགས་མ་དང་གཟེངས་རྟགས་མང་པོ་ཞིག་གི་ཟུར་བརྒྱན་ནས་འཛམ་གླིང་གློག་བརྙན་ཁང་དང་དྲ་ལམ་གློག་བརྙན་གྱི་བརྒྱུད་ལམ་སོ་སོ་ནས་གློག་བརྙན«ཁྱིམ་སྟོང»ལ་འབྲེལ་ནས་གསར་འཕྲིན་གྱི་ཚ་རླབས་ཐོལ་གྱིས་འཕྱུར་ཞིང་གློག་བརྙན་དཔྱད་འཇོག་གི་སྨྱུག་རྩེའང་མང་པོ་བསྒྱུར་བ་མངོན་གསལ་འདུག
  མི་ཁོ་ན་ཙམ་མ་ཡིན་པར་ཁྱིམ་ནི་ཚེ་སྲོག་བསྐྱེད་བྱེད་ཀྱི་གཞི་འཛིན་ས་དང་འཚོ་བའི་གཏན་ཚིགས་ཀྱི་གོ་རིམ་ཞིག་ཡིན་པས། བཤད་སྲོལ་ལ“མྱི་རྒས་ཡུལ་དང་བྱ་རྒས་ཚང”ཟེར་བ་ནང་བཞིན།གཞིས་ཁྱིམ་མེད་པ་ནས་འཚོ་བའི་འཁོར་སྐྱོད་ནི་གཞན་ཞིག་གི་ཆགས་རིམ་ལ་འགྱུར་ཉེན་ཆེ།ལྷག་པར«ཁྱིམ་སྟོང»ཞེས་བའི་གློག་བརྙན་ལས་སྣང་བའི་བྱིས་པ་ཞིག་གི་སྦྱོར་དངོས་རྗེས་གསུམ་ནི་ཉེས་བ་དང་དཀའ་སྡུག་གི་འཚོ་བའི་གཏིང་རིམ་ལ་ལྷུང་བའི་གཏམ་རྒྱུད་ཞིག་གི་གཟུགས་སུ་བཞེངས་ཡོད། དེ་ནི་འཁྲབ་ཁྲིད་པ་ཁོ་མོས་བརྙན་མིག་གི་ཐབས་སུ་སྤྱི་ཚོགས་འཚོ་བ་གཞི་དང་དངོས་ཡོད་དུས་སྐབས་ལ་གཞིགས་ནས་ལོ་ངོ་དུ་མའི་མྱོང་རྟོགས་དང་ཟིན་འགོད་ཀྱི་བློ་འབྱེད་བྱུང་བ་ལས་གློག་བརྙན«ཁྱིམ་སྟོང»གི་ལྟ་སྤྱོད་ཀྱི་ས་བོན་རྙེད་པར་གསལ།འཁྲབ་ཁྲིད་པས་ཀྱང་དབྱི་ལང་གློག་བརྙན་གྱི་བརྙན་ཐབས་དང་ལུགས་ཀྱི་གདམས་པ་ཉེ་བར་བཟུང་ནས་ཡུལ་བབ་དང་དུས་བབ་དེ་ལས་མཐོང་བའི་དངོས་ཡོད་ཀྱི་ཟབ་ས་མང་པོ་ཞིག་བརྙན་མིག་གི་ཟིན་ཐོར་བཀོད་དེ།བྱིས་པ་ཞིག་གི་ཁུངས་སྣེ་བཙལ་ཏེ་བྱིས་པའི་ནང་སེམས་དང་དངོས་ཡོད་གཉིས་སྐྱ་འཐབ་ནས་ཁོངས་གཏོགས་ན་ནི་ལེ་པ་ནེའི་སྤྱི་ཚོགས་ཀྱི་ཟུར་ངོས་དང་ལེ་པ་ནེའི་མིའི་འཚོ་སྡོད་ཀྱི་ཕྱི་ནང་སྔོག་པ་དེ་ཡིན།བརྙན་མིག་ནི་བྱིས་པའི་མིག་ཡིན་སྟབས།བྱིས་པའི་མིག་ཟུང་གིས་མི་ཆེན་གྱི་འཇིག་རྟེན་ལ་བལྟས་པའི་འགྱུར་བ་དང་རང་བཞིན།བདེན་པ།བསླུ་བྲིད།གཡོ་ཟོལ། མུན་ནག སྒྱུ་མའི་འཕྲུལ་གྱི་བརྙན་མིག་དང་བརྙན་མིག་གི་ཕྱི་ནང་གསང་བའི་སྒྲོམ་གཏོར་བ་རེད།གློག་བརྙན་འཁྲབ་ཚིག་ལས། “ཁྱོས་རང་གི་ཕ་མ་ཅིའི་ཕྱིར་ཁྲིམས་ལ་ཞུ་གཏུགས་བྱས་པ་ཡིན།རྒྱུ་མཚན་ང་རང་སྐྱེས་པས་ཡིན”ཞེས་བའི་ཚིག་འབྲུ་ནི་གློག་བརྙན་འདིའི་བརྙན་རིས་ལས་བཞེངས་བའི་གཏམ་རྒྱུད་ཀྱི་རྣམ་ཤེས་ཡིན་ལ་ལེ་པ་ནེའི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་ཟ་ཟུར་ལས་མཐོང་བའི་འཇུག་ལྡོག་གི་སྣང་བརྙན་འཛིན་པའི་ལྕགས་ཀྱུའང་ཡིན།དེ་མིན།བྱིས་པས“ཕ་མ་ཁྲིམས་ཁང་ལ་ཞུ་གཏུགས་བྱ་འདོད་པ”དེ་ལས་མི་སྒེར་ནས་སྤྱི་དང་ཁྱིམ་ཚང་ནས་རྒྱལ་ཁབ་བར་ལ་མི་དོན་དང་མི་གཞི།མི་ཆོས་ཆགས་ཚུལ་གྱི་རྣམ་པ་ནི་འཚོ་བའི་གཏན་ཚིགས་ཀྱི་འགལ་འབྲེལ་དང་སྤྱི་དམངས་ཐོབ་ཐང་གི་བདག་དབང་ཤོར་བ།སྤྱི་ཚོགས་སྒྲིག་གཞི་ལ་གཏོར་བཅོམ་ཐེབས་པ་རྒྱུན་ཆགས་སུ་གནས་པའི་གནད་དོན་གྱི་ནད་རོ་ཞིག་ཡིན་པ་ངང་གིས་མཐོང་།གཞན་ཡང་།གློག་བརྙན«ཁྱིམ་སྟོང»ལས་ཕའི་ཟུར་ངོས་ནས“བྱིས་པ་ནི་རྗེས་རབས་པའི་སྲོག་ཤིང་ཡིན་པས།བྱིས་པ་མེད་ཚེ།ཁྱོད་རང་སྐྱེས་ཕོ་རབ་ཅིག་མ་རེད།”ཞེས་པའི་འཁྲབ་ཚིག་ལས་ཕ་ཞིག་གི་འགན་འཁྲི་དང་འདུ་ཤེས་ལས་བསྐྱེད་པའི་འབྲས་བུ་ཡོད་ཀྱང་།སྤྱི་ཚོགས་ཀྱི་སྒྲིག་གཞི་དོ་མ་མཉམ་པའི་བར་གསེང་ནས་ཐོབ་ཐང་ཤོར་བ་དང་ཐོབ་དཔང་མེད་པའི་གནས་དང་ཟུར་ནས།ཁྱིམ་གཞིའི་འཚོ་སྟངས་ནི་ཐབས་ཆགས་དང་ཐབས་སྡུག་གི་ནང་རྐྱེན་དེ་ནི་དབྱི་ལང་དངོས་ཡོད་ཀྱི་ནང་འཁྲུག་དང་དབུལ་ཕོངས་ཀྱི་དཀའ་བ་བརྒྱ་སྟོང་གི་གནས་དང་ཉེ་བར་སྣང་སོང་།དེ་ནི་ལེ་པ་ནེའི་ཁོངས་གཏོགས་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་འཆོལ་བ་དང་མི་ཚུལ་ཤོར་བའི་གོ་རིམ་རབ་རིབ་ཀྱིས་བསྐྲུན་པའི་བརྙན་རིས་ཀྱི་གཏམ་རྒྱུད་ཅིག་ཡིན།
  ལེ་པ་ནེ་གློག་བརྙན་གྱི་རང་ངོས་ནས་ལེགས་འགྲུབ་བྱུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་ཡིན།གབ་སྦས་དང་བྲལ་བའི་གློག་བརྙན་ནི་སྒྱུ་རྩལ་གྱི་ཚད་རིམ་ཆེས་མཐོ་ཤོས་དང་བརྙན་ཚགས་ཀྱི་ཟིན་འགོད་ཆེས་ཡག་ཤོས་སུ་འགྲོ་བས།དབྱི་ལང་གློག་བརྙན་གྱི་ཁྱད་གཞི་དང་ཉེ་བར་བཅར་འདུག འཁྲབ་ཁྲིད་པའི་བརྙན་མིག་བདེན་པ་ཅན་གྱི་ལམ་ནས་སྤྱི་ཚོགས་ཀྱི་ཟབ་ས་ནས་མུན་ནག་གི་གཏིང་ཚད་ག་ཙམ་ཟིན་པ་ནི་བརྙན་མིག་གི་བདེན་པའི་ཐེག་ཚད་ལ་འབྲེལ་ཡོད།རྟོག་བཟོ་ནི་གློག་བརྙན་གྱི་མཐོང་ཚོར་མཁོ་བའི་ཕྱི་ཤུན་ཡིན་ཡང་།རྟོག་བཟོ་ལས་བརྒལ་བའི་བརྙན་ཐབས་ནི་གློག་བརྙན་གྱི་ནང་སྙིང་དངོས་ཡིན།
  གློག་བརྙན་གྱི་མཇུག་སྒྲིལ་སྟངས་ནི་བྱིས་པའི་འཛུམ་མདངས་དང་པར་འོད་གཅིག་ཏུ་བསྡུས་ནས་གློག་བརྙན་གྱི་གཏམ་རྒྱུད་ལས་ཐོབ་དཔང་སྒྲུབ་པ་དེ་ནི་འཚོ་གནས་ཀྱི་ཐར་ལམ་རྙེད་པ་དང་འདྲ་བའི་གནས་ལུགས་ངང་གིས་བསྟན་བྱུང་།དེ་ནི་འཁྲབ་ཁྲིད་པ་ཁོ་མོས་མི་སྒེར་བ་ནས་སྤྱི་ཚོགས་གང་ཞིག་སྒྲོག་ལས་གྲོལ་དགོས་བའི་མིའི་རིགས་སྤྱི་མཐུན་གྱི་གསལ་བརྡ་ཞིག་ཡིན།

དཔྱད་མཆན་ཡོད།