བྱིས་པའི་རྩེད་ཆས་དང་དར་མའི་རྩེད་ཆས། «དབུགས་ལྒང»ལ་བལྟས་ཚོར།

                                                              བྱིས་པའི་རྩེད་ཆས་དང་དར་མའི་རྩེད་ཆས།  
                                                                                                                                ལྷ་བུ།

     རྒན་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་གློག་བརྙན་གསར་བ«དབུགས་ལྒང»གིས་རྒྱལ་སྤྱིའི་སྒང་ནས་བྱ་དགའ་མང་དག་ཅིག་བླངས་ཤིང་།རྒྱལ་ནང་ནས་ཀྱང་ཐོག་མའི་གཟིགས་འབུལ་ལེགས་པར་གྲུབ་མོད།ད་སྔ་བར་གྱི་འཕྲིན་སྟེགས་མང་དག་ནས་རྒྱ་ཡིག་གི་བརྙན་དཔྱད་འགའ་རེ་མ་གཏོགས་མཐོང་རྒྱུ་མ་བྱུང་བས་འདིར་ཁོང་གི་གློག་བརྙན་གསར་བར་མཇལ་བའི་སྐལ་བ་བྱུང་བའི་ལྟད་མོ་བ་ཞིག་གི་ངོས་ནས་ཚོར་བ་འགའ་ཞིག་གླེང་ཐབས་བྱ།
     ཉིས་སྟོང་བཅུ་དགུ་ལོའི་སྐབས་གསུམ་པའི་ཕིང་ཡའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན平遥国际电影节རྒྱ་ནག་གི་གནའ་མཁར་ཕིང་ཡའོ་ནས་བསྡུས་ཤིང་།ང་དང་གློག་བརྙན་དགའ་བའི་གྲོགས་པོ་ཞིག་གིས་ཉིན་འགའི་སློབ་ཐུན་བཅགས་ནས་རྒྱ་གྲོང་དེ་རུ་འཛོམ་ཐབས་བྱས།ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་བོད་ཕྲུག་ངེད་གཉིས་ཀྱིས་ཡུན་རིང་ལ་རེ་སྒུག་བྱས་པའི«དབུགས་ལྒང»དངོས་སུ་བསྟན་བྱུང་།ངེད་གཉིས་ཀྱི་རེ་སྒུག་ལ་ད་དུང་ཟོན་ཐར་རྒྱལ་གྱི«ལྷ་མོ་དང་སྐལ་བྷེ»དང་གདུགས་དཀར་ཚེ་རིང་གི«ཁོ་དང་བློ་ཡི་གཏེར»གཉིས་ཀྱང་ཡོད།དེ་སྔོན་གློག་བརྙན་གྱི་ཐོག་མའི་བརྡ་ཁྱབ་ནང་ནས་ཀྱང་ཟུར་སྣེ་རེ་མཐོང་ཐུབ་ནང་བཞིན་གློག་བརྙན«དབུགས་ལྒང»ནི་དབུགས་ལྒང་ཞིག་ཁུངས་སྣེ་བྱས་ཏེ་འབྲོག་ཁྱིམ་ཕལ་བ་ཞིག་གི་སྐྱེས་པ་དང་བུད་མེད།རྒན་པོ་དང་བྱིས་པ།འཇིག་རྟེན་གྱི་ཞེན་ཆགས་དང་དད་མོས་ཀྱི་དག་སྣང་སོགས་མཉམ་དུ་བསྲེས་ནས་སྐབས་དེའི་སྤྱི་ཚོགས་ཀྱི་བོད་པ་རེ་རེའི་འཚོ་བ་རོལ་སྟངས་དང་བསམ་བློ་གཏོང་ཕྱོགས་སོགས་རི་མོ་ཕབ་པ་ལྟ་བུ་ཞིག་རེད།ཕྱིར་འདང་ཞིག་བརྒྱབ་ཚེ་ང་ཚོའི་སྡེ་བའི་ནང་དུའང་སྲུང་ཤུབས་རིན་མེད་ཀྱིས་སྟེར་བར་འབྲོག་པ་ཚོ་ངོ་ཚ་ནས་ལེན་མི་ཕོད་པའི་གཏམ་རྒྱུད་ནི་སྐབས་དེར་ཕུ་བོ་ཚོའི་ཁ་ན་རྒྱུན་དུ་གོ་རྒྱུ་ཡོད།ད་ནི་མྱོང་བ་འགའ་ཞིག་དྲན་སྣང་ལྟར་དབྱེ་བ་བགར་ནས་གླེང་ཁུལ་བྱ།

  ༡ གནའ་དེང་གི་འགལ་ཟླ།
འུ་ཚོ་ཚང་མར་རྒྱུས་ལོན་ཡོད་པ་བཞིན་རྒན་ལགས་ནི་བོད་པ་རང་གི་རིག་གནས་དང་ཕྱོགས་ཡོང་གི་རིག་གནས་ཀྱི་གདུང་ཐུག་ལ་ཚོར་བ་སྐྱེན་པོ་ཡོད་མཁན་ཞིག་རེད།དེ་དང་འབྲེལ་བར་རྒན་ལགས་ཀྱིས༼ཁྱི་རྒན༽གཏོང་སྐབས་ཀྱང“ངའི་རེ་བ་ནི་ང་ཡི་བརྙན་མིག་གིས་ཕ་ཡུལ་གྱི་མི་རྣམས་ཀྱིས་དུས་སྐབས་མང་པོར་རང་ཉིད་ཀྱི་ལ་རྒྱ་བརྟན་སྲུང་བྱེད་ཀྱིན་པ་ཟིན་ཐོར་འགོད་རྒྱུ་དེ་ཡིན”ཞེས་ཀྱང་བཤད་ཡོད།ད་ཐེངས་ཡང་ཁོང་གིས་བརྙན་འཕྲིན་དང་ཚན་རིག་གི་གསར་འགྱུར་སྤྱད་ནས་འགལ་བ་དེ་ལྷང་ལ་ཕུད་འདུག་ཅིང་།རྣམ་ཤེས་དང་སྐྱེ་བ་སྔ་ཕྱིའི་འདུ་ཤེས་ཀྱི་སྟེང་ནས་ཨ་མྱེ་དང་ཚ་བོའི་བར་གྱི་རབས་ཁྱད代沟ཅིག་ཀྱང་མཚོན་འདུག།དེ་ནི་མ་ཞུའུ་ཨ་ནོ་རྡུའི马修阿诺德འཇིག་རྟེན་རྙིང་བ་སྔར་ནས་འཐོར་ཞིག་ཏུ་ཕྱིན་ཀྱང་འཇིག་རྟེན་གསར་བ་ད་དུང་བསྐྲུན་མ་ཐུབ་པའི༽གནས་སྐབས་ཅིག་གི་ཅི་བྱ་གཏོལ་བྲལ་གྱི་མི་དང་ཁོ་ཚོའི་སེམས་ཁམས་མཚོན་པ་ཨེ་མིན་ནམ་སྙམ།ཨ་མྱེས་འཕྲུལ་རྟར་བལྟས་ནས་ད་ནི་རྟ་འཛིན་མཁན་མི་འདུག་ཅེས་བཤད་པའི་སྐད་ཆ་དེས་གློག་བརྙན«ཁྱི་རྒན»ནང་གི་ཨ་མྱེས“འབྲོག་པར་མཚོན་ན་འབྲོག་ཁྱི་ནོར་བུ་རེད།འབྲོག་ཁྱི་རྒྱ་ནང་དུ་ཁྱེར་ནས་ཅི་བྱེད་དམ”ཅེས་པའི་སྐད་ཆ་དེ་དྲན་པར་བྱས་ཤིང་།སྙན་ངག་པ་གཉན་གྱི«བོར་ཟིན་པའི་ཁྱུང་ཆེན་གྱི་མཆུ་ཏོའི»ནང་གི་རྟ་ཕོ་འདོགས་ས་མེད་པའི་བདག་གི་ཁྱུང་མཆུ་ཞེས་པའང་དྲན་ཡོང་།དེ་དག་དྲན་ཡོང་ཚེ་དུས་རབས་འདི་ནི་འབྲོག་ཕྲུག་རྣམས་ཀྱིས་འབྲོག་པ་བྱེད་ཐབས་མེད་པའི་དུས་རབས་ཞིག་དང་འུ་ཚོ་ནི་བལྟས་བལྟས་རིག་རིག་ལ་འབྲོག་པའི་རྒྱུད་ཆད་དུ་འཇུག་མཁན་མ་ཡིན་ནམ་སྙམ་བྱུང་།

  ༢འཁྲིག་སྦྱོར།
རྒན་ལགས་ཀྱི་སྔ་དུས་ཀྱི་གློག་བརྙན་དག་ནི་ཆོས་ལུགས་དང་སྲོལ་རྒྱུན་གྱི་ཤུགས་རྐྱེན་ཆེ་བ་ཞིག་ཡིན་གཤིས་བརྩེ་དུང་མཚོན་པའི་གློག་བརྙན་ནི་རེ་གཉིས་ནི་ཡོད་མོད།«ལག་དམར»གྱི་སྔོན་དུ་འཁྲིག་པ་སྤྱོད་པའི་བརྙན་མིག་བྱུང་མྱོང་མེད།གློག་བརྙན་སྔོན་མ་དག་དང་བསྡུར་ན«དབུགས་ལྒང»གི་ནང་དུ་འཁྲིག་སྤྱོད་སྐོར་ལ་འདྲི་ཞིབ་བྱས་པ་ཅུང་མང་བ་མི་སྣ་གཙོ་བོ་དར་རྒྱས་རང་གི་ཆུང་མས་ཁྲོམ་རྒན་ཞིག་གི་དཔེ་རུ་བཀོད་པ་དང་།ཁྲོམ་རྒན་གྱིས་མ་མོ་དག་ལ་སྡེབ་སྦྱོར་བྱས་པའི་ཤེད་ཤུགས་ཀྱིས་མི་ཚོའི་ཆགས་སྲེད་ལ་བཅངས་པའི་གཉུག་གཤིས་ཀྱི་འདོད་རྔམས་ཀྱང་མཚོན་ཡོད་སྙམ།བོད་བརྙན་ལ་འཁྲིད་སྤྱོད་དང་འོ་བྱེད་པའི་བརྙན་མོག་ཤིན་ཏུ་ཉུང་བས་འདི་དག་མཐོང་ན་སེམས་པ་ལྷག་པར་དྲོ་བའི་ཚོར་བ་ཞིག་འདུགཅིག་ཐང་ན་དེ་ནི་ང་ཡི་ལང་ཚོའི་སྐུལ་རྒྱུ་ཁོ་ནས་ནུས་པ་ཐོན་པ་ཞིག་ཀྱང་ཡིན་ཤས་ཀྱང་ཆེ།

  ༣དངོས་ཡོད་དང་དད་མོས།
“ད་ཐེངས་གཅིག་པུར་ཁྱོད་ངའི་ཁར་ཉོན་དང་གཞུག་ནས་ངས་ཆང་གཅད་དགོས་ཀྱང་དུ་བ་གཅད་དགོས་ཀྱང་ཚང་མ་ཁྱོད་ཀྱི་ཁར་ཉན་ཆོག”ཅེས་དར་རྒྱས་ཀྱིས་ཆུང་མར་ཞུ་བ་བྱས་པ་ད་དུང་ཡང་ངའི་རྣ་ལམ་གསལ་གྱི་ལེར་གྲགས་ཡོང་།སྐད་ཆ་དེ་ནི་མགོ་འཕངས་རབ་ཏུ་མཐོ་བའི་འབྲོག་པ་ཞིག་ལ་མཚོན་ན་ཞུ་བའི་མཐར་ཐུག་ཏུ་བརྩི་ཆོག་སྙམ།དེ་ཡིས་ནད་པ་རོལ་ཚོགས་ཀྱི་གཞས་ཤིག་ཏུ་ངས་ཨུ་ཚུགས་ཀྱིས་ཆང་བཅད་ནས་སྐྱིད་སྡུག་གནམ་ལ་བཅོལ་བའི་སོ་ནམ་པ་བཅའ་འདོད་ཞེས་པའང་དྲན་པར་བྱས་།དངོས་ཡོད་ཀྱི་འཚོ་བ་ནི་མ་ཁུར་ཐབས་མེད་ཀྱི་རྡོག་ཁྲེས་ལྕི་མོ་ཞིག་དང་འདྲ་བར་དར་རྒྱས་བཟའ་མི་ཚོའི་མགོར་ལྷུང་ཡང་རྣམ་དག་གི་དད་མོས་ཀྱིས་གནོན་ཤུགས་ཁུར་ཏུ་བཟོད་པར་བྱ་བའི་སེམས་ཤུགས་ནི་ཧ་ཅང་སྙིང་ལ་ཉེ་བ་ཞིག་བྱུང་།དེ་དང་མཉམ་དུ་བུད་མེད་ཀྱི་ལས་དབང་ལའང་བསམ་གཞིག་ཅིག་བྱ་དགོས་བྱུང་།

  ༤བུད་མེད་དང་སྐྱེས་པ།
རྒན་ལགས་ཀྱི་གློག་བརྙན་དུ་སྐབས་དང་སྐབས་སུ་ཉམ་ཆུང་བའི་བུད་མེད་ཀྱི་རྒྱབ་གཟུགས་མཐོང་རྒྱུ་ཡོད།དེ་ནི་དཔེར་ན«འཚོལ»གྱི་ནང་གི་ཁ་དཀྲིས་བརྒྱབ་པའི་བུ་མོ་དང«ཁྱི་རྒན»ནང་གི་ཁྱིམ་བདག་མ་ལྟ་བུ་རེད།«དབུགས་ལྒང»ལ་ལྟ་སྐབས་སེམས་ལ་འགོག་མེད་དུ«ཁྱི་རྒན»ནང་གི་ཁྱིམ་བདག་མ་རིག་མཚོ་དྲན་བྱུང་།རིག་མཚོ་སྨན་ཁང་ནང་དུ་འགྲོ་ཁར་ཁྱོ་གས་རོགས་མི་བྱེད་པ་དང་ཁྱིམ་ཚང་ནང་དུའང་ཁ་ཆུང་དབང་ཆུང་ཡིན་པའི་སྣང་བརྙན་དྲན་བྱུང་།«དབུགས་ལྒང»ནང་དུའང་སྒྲོལ་དཀར་གྱིས་འཚོ་བའི་གནོན་ཤུགས་འོག་གི་ཅི་བྱ་གཏོལ་བྲལ་གྱི་གནས་སྟངས་དང་ནུ་མོའི་བཤད་མི་ཕོད་པའི་བརྩེ་དུང་གི་གཏམ་རྒྱུད་སོགས་བརྒྱུད་ནས་བོད་ཀྱི་བུད་མེད་དག་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་བརྒལ་བྱེད་ཀྱི་ལག་ཆ་འབའ་ཞིག་ཡིན་པ་བསྟན་འདུག་སྙམ།འོན་ཀྱང་བུད་མེད་དག་གི་ལས་དབང་སྐྱོ་བོ་ཡིན་ན་སྐྱེས་པའི་ལས་སྐལ་བཟང་བས་ནི་མ་ཁྱབ་སྟེ།དར་རྒྱས་ནི་ཁྱིམ་ཚང་གི་ལས་འགན་ཕྲག་ཏུ་ལེན་པའི་སྟག་ཤར་ཞིག་དང་བུ་ཕྲུག་ལ་ཤ་ཚ་བའི་ཨ་ཕ་བཟང་པོ་ཞིག་སྟེ།གློག་བརྙན་ནང་གི་མི་སྣ་རེ་རེའི་སེམས་ལ་བརྗོད་ཐབས་བྲལ་བའི་ན་ཟུག་རེ་རེ་ཡོད་པ་ནི་སྐྱེ་བོ་སོ་སོའི་ནང་སེམས་ལ་དཀྲོལ་ཐབས་མེད་པའི་མདུད་པ་རེ་རེ་ཡོད་པ་བཞིན།

  ༥དབུགས་ལྒང་དང་སྲུང་ཤུབས།
དོན་དམ་དུ་དབུགས་ལྒང་དང་སྲུང་ཤུབས་གཉིས་ནི་རྩེད་ཆས་གཉིས་རེད།གཅིག་ནི་བྱིས་པ་ཚོའི་རྩེད་ཆས་དང་ཅིག་ཤོས་ནི་དར་མ་ཚོའི་རྩེད་ཆས་རེད།གཏམ་རྒྱུད་ནི་བྱིས་པ་ཚོས་དར་མ་ཚོའི་རྩེད་ཆས་ཀྱིས་རྩེད་མོ་བརྩེས་པ་ལས་བྱུང་།དེ་ཡིས་བྱིས་པའི་འཇིག་རྟེན་གྱི་དྭངས་གཙང་དང་དར་མའི་འཇིག་རྟེན་གྱི་ཉོག་འཛིང་གཉིས་ཡུགས་གཅིག་ཏུ་བསྣོལ་ནས་བློ་ཡིད་ལ་མ་ཤར་བའི་གཏམ་རྒྱུད་ཅིག་གི་བྱུང་རིམ་ཞིག་བརྒྱུད་ཅིང་།མཇུག་ཏུ་རྣམ་དག་གི་དབུགས་ལྒང་ནམ་མཁར་འཕུར་སོང་བར་ཅེར་རེར་ལྟ་བ་ནི་འཚོ་གནས་ཀྱི་མདུན་དུ་ཉམ་ཆུང་བའི་མི་རྣམས་ཀྱིས་རབ་ཏུ་ལྕི་བའི་གནོན་ཤུགས་ཀྱི་འོག་ཏུ་མ་འོངས་པར་རེ་ལྟོས་འཆའ་བའི་སྨོན་འདུན་ཞིག་མཚོན་འདུག་སྙམ།དེ་ནི་རྒན་ལགས་ཀྱིས་བཤད་པའི“ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ”ཞིག་ཀྱང་རེད་དོ་སྙམ།
ད་ནི་དེ་ཙམ་བྱ།བོད་ལ་མཚོན་ན་གློག་བརྙན་ནི་གསར་ཏུ་དར་མ་ཐག་པའི་རིག་གནས་ཞིག་ཡིན་མོད།རྒན་པད་མ་ཚེ་བརྟན་དང་ཟོན་ཐར་རྒྱལ་ལྟ་བུའི་རུ་འདྲེན་རེ་གཉིས་ཤིག་ཡོད་པ་ནི་བོད་ཕྲུག་ཚོའི་སེམས་ཀྱི་རྒྱབ་རི་བརྟན་པོར་བརྩིས་ཆོག་སྙམ།གཏམ་རྒྱུད་ལ་ཉན་པར་དགའ་ཞིང་གཏམ་རྒྱུད་འཆད་པར་དགའ་བའི་མི་རྣམས་ནི་ཧ་ཅང་སྙིང་ལ་ཉེ་བ་ཞིག་རེད།གལ་ཏེ་ཁྱོད་ཀྱི་རྩོམ་ཐུང་བཀླགས་ནས་མཇུག་ལ་ཐོན་ཡོད་ན་མཉམ་པར་ཞོགས་དང་ཐེངས་རྗེས་མར«ལྷ་མོ་དང་སྐལ་བྷེ»དགོད་ཐབས་བྱ།།

དཔྱད་མཆན་ཡོད།