གློག་བརྙན«འཆི་འཕོའི་སྙན་ངག་མཐུན་ཚོགས»གླེང་བ།

འཆི་འཕོའི་སྙན་ངག་མཐུན་ཚོགས།
ཨ་སྒང་ཡར་རྒྱས།

    ཐོག་མར་ཁྱེད་ཀྱིས་ཁ་བྱང་འདི་མཐོང་མ་ཉིད་འཇིགས་སྐུལ་གློག་བརྙན་ཞིག་ལོས་ཡིན་དུ་སྙམ་སྲིད། དེ་ནི་ཐུགས་ཁག་ཡོད་པ་ཞིག་ཁྱོན་ནས་མ་རེད། ཐ་ན་གློག་བརྙན་དངོས་གཞིར་བལྟས་འོང་ན་ཡང་ཁ་བྱང་འདི་དེ་འདྲ་འབྱོར་མོ་ཞིག་ཨེ་ཡིན་ན་སྙམ་ཀྱང་སྲིད་མོད། དེ་ཡང་ཁྱེད་ཁོ་ནར་ཡོད་མྱོང་བའི་ཐུགས་ཁྲལ་རང་གཏན་ནས་མ་རེད། འོན་ཀྱང་འཁྲབ་ཁྲིད་པ་ Peter Weir གྱིས་ནི་བསམ་བཞིན་ཁྱེད་ལ་འདི་ལྟ་བུའི་ཁ་བྱང་ཐོག་རེག་བྲལ་བ་ཞིག་གཡུག་བྱུང་། དེ་ཡང་གློག་བརྙན་འདི་སྙན་ངག་དང་འབྲེལ་བ་ཞིག་ཡིན་ཆ་ནས་ཧ་ལས་དགོས་དོན་མི་འདུག་སྙམ།།

    ༡༩༥༩ལོའི་ཉིན་མོ་འདི་བེར་སྒྲིན་སྐུ་དྲག་སློབ་གྲྭ་ལ་མཚོན་ན་ཅུང་ཟད་དམིགས་བསལ་གྱི་ཉིན་མོ་ཞིག་རེད། གཅིག་ན་སློབ་ཞུགས་མཛད་སྒོ་དང་གཉིས་ན་སློབ་གྲྭའི་བརྒྱ་སྟོན་གྱི་རྟེན་འབྲེལ་གཅིག་ཏུ་འཁེལ་བས་ཚོམས་ཁང་ན་སྔར་བས་གཟབ་ནན་དང་སྲོལ་རྒྱུན་གྱི་མཁའ་དབུགས་ཤིག་དཀྲུགས་འདུག འོན་ཏེ་སུས་ཀྱང་སྔོན་དཔགས་མི་ཐུབ་ནི་ད་སོ་མར་སློབ་གཙོས་ངོ་སྤྲོད་བགྱིས་པའི་དགེ་རྒན་གསར་བ་དེས་མི་འགྱིངས་བར་གཟབ་ནན་གྱི་མཁའ་དབུགས་སྐྱུར་མོ་འདི་ཧར་གྱིས་དཀྲོགས་འགྲོ་བ་རེད།། གློག་བརྙན་འདི་ནི་དེ་ལྟ་བུའི་བརྙན་མིག་སྤྱིར་བཏང་བ་ཞིག་གིས་དབུ་ཁྱུད་ནས་ཕབ་འདུག་ཅིང་། དགེ་རྒན་གསར་བ་དེས་ཐུན་མོང་མ་ཡིན་པའི་སློབ་ཁྲིད་ཐབས་ལམ་དང་དཀྱེལ་ཡངས་བག་སྤྲོ་ཡི་བློ་ཁོག་སྒམ་པོ་དེས་རང་གི་སློབ་མ་དག་ལ་བློ་འབྱེད་ཐོབ་ཚུལ་དང་། ལུང་ཚིག་སྐམ་པོས་མི་བུ་ཚྭ་ཚྭ་དཔར་དཔར་བྱས་འོང་བའི་སློབ་གྲྭ་འདིའི་ལོ་ངོ་བརྒྱ་ཡི་ཁ་ངོར་མཆིལ་ཞག་འཕང་ཡོད། འོན་ཀྱང་དེ་ལྟ་བུའི་བསམ་བློ་རང་ཡན་པའམ་གཉུག་གཤིས་ཐུན་མིན་ཅན་དག་ནི་ནམ་ཡང་སྤྱི་ཚོགས་ཀྱིས་བཟོད་སྒོམ་གཏོང་མི་སྲིད་པས་ཐ་མར་དགེ་སློབ་ཅག་གི་ལས་དབང་ཡང་སྐྱོ་གར་འབའ་ཞིག་གིས་མཇུག་རྫོགས་དགོས་སོང་། བརྙན་མིང་འདི་འཆི་བ་ལ་འབྲེལ་བ་ཆགས་དགོས་དོན་ཡང་འདི་རེད་མོད་ཀྱང་། འཆི་བ་རྐྱང་པས་ནི་གཏམ་རྒྱུད་འདིར་མཇུག་སྡོམ་འཇོག་མི་བཏུབ་ན་བདག་གིས་འཕོ་བ་ཞར་ལ་བསྣན་པ་ཡིན། རྒྱུ་མཚན་ནི་གློག་བརྙན་འདིའི་གཞུང་དངོས་དང་མཇུག་བསྡུ་ཚུལ་གང་ལ་བལྟས་ཀྱང་སྐྱོ་གར་དང་སྤྲོ་གར་བརྣོལ་བ། རེ་ཆད་དང་ཡིད་ཆེས་བསྲེས་པ། ཉམས་དམས་དང་གསོན་སྟོབས་མཐུད་པ་ཞིག་རེད་དེ། དགེ་རྒན་རྒྱང་ཕུད་བཏང་ལུགས་དེས་བསམ་བློ་གང་གི་ཕམ་ཁ་འགྲེལ་བ་ཡིན་ན། སློབ་མ་དག་སློབ་གཙོའི་ཁ་ངོར་ལངས་ནས་དགེ་རྒན་ལ་བདེ་མོ་འཇོག་སྟངས་དེས་ནི་བསམ་བློ་དེ་སྔ་མ་ནས་ཕྱི་མའི་རྒྱུད་ལ་འཕོས་པ་བསྟན་སོང་བར་འདོད། དེ་ཡང་བདག་གིས་བརྙན་མིང་འཆི་འཕོའི་སྙན་ངག་མཐུན་ཚོགས་སུ་སྒྱུར་དགོས་དོན་ནོ།།

  རྙིང་ཞེན་དང་བསམ་བློ་རང་དབང་གི་འགལ་འཐབ།
  

    རྙིང་ཞེན་ནི་གོ་དཀའ་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་རེད་མོད། གལ་སྲིད་འདི་ཉིད་གཟུགས་ཅན་དུ་སྦྱར་ནས་ངོ་སྤྲོད་ཞུས་ན་ངོས་ཀྱིས་དེ་ནི་ལྕགས་མཁར་སྒོ་མེད་ཅིག་ལ་དཔེར་ལེན་འདོད། མི་ལོ་ཁྲི་སྟོང་གི་ལུང་ཚིག་ཕྲ་མོ་དང་ཁ་རིབ་ཁོག་འཐིབས་ཀྱི་བསམ་རྒྱུད་གྱོང་བོས་ནི་ཏག་ཏག་ལྕགས་མཁར་ཐུ་མོ་ཆེ་འདིར་བདག་རྐྱེན་ཡ་མེད་ཡོང་ཡོད་རེད། དེ་བས་ན། ལྕགས་མཁར་སྒོ་མེད་འདི་ནི་དུས་དང་ཡུལ་གང་ཅིའི་སྟེང་ནས་ཀྱང་ནག་པོ་སྲ་འཐས་སུ་སོང་བ་ཞིག་རེད་ལ། འདིའི་བསྐོར་ཁྱིམ་དུ་ཚུད་པའི་མི་ཐམས་ཅད་ཀྱང་ཚད་དང་སྒྲིག་དང་སྲོལ་སོགས་སྤྱི་འགྲོས་ཕྲ་མོ་དག་གིས་གཏན་ལ་ཕབ་ཕྱིན། རང་གི་གཉུག་གཤིས། རང་གི་ལྟ་ཚུལ། རང་གི་རེ་སྙེགས། རང་གི་དགའ་ཁ་འཁྱེར་ཕྱོགས། མདོར་ན་རང་ངམ་བདག་ཞེས་གང་ཟག་རང་མཚན་པ་ཞིག་གི་ཁྱད་པར་བརྩི་བྱེད་ལ་ཆོས་གང་ཡང་མི་ཐོན་པས། འདི་ནི་གཞར་ཡང་མིའི་རིགས་ཀྱི་སློབ་གསོའི་ལམ་ཕྱོགས་མ་ཡིན་ནོ།།
    དེ་ན་གླེང་གཞི་གང་ཞིག་«འཆི་འཕོའི་སྙན་ངག་མཐུན་ཚོགས»ཞེས་པའི་གློག་བརྙན་ནི་ཏག་ཏག་རྙིང་ཞེན་དང་བསམ་བློའི་རང་དབང་བར་གྱི་འགལ་བ་བརྗོད་པའི་གཏམ་རྒྱུད་གློག་བརྙན་ཞིག་རེད། བརྗོད་དོན་འདི་གློག་བརྙན་འགོ་འཛིན་དུས་ནས་མངོན་ལྐོག་ཉིས་ཆ་རུ་དོད་འདུག་སྟེ། བེར་སྒྲིན་སྐུ་དྲག་སློབ་གྲྭའི་༡༩༥༩ལོའི་སློབ་ཞུགས་མཛད་སྒོ་དང་ལོ་འཁོར་བརྒྱ་ལོན་སོང་པའི་རྟེན་འབྲེལ་སྟོན་མོ་དེས་བརྙན་ཡོལ་གྱི་ཞལ་ཐོག་མ་ཕྱེ་གནང་མཛད་ཅིང་། སོའུ་ཀི་ལན་གྱི་གནའ་རབས་རོལ་མོ་དང་སྦྲགས་སྲོལ་རྒྱུན་ཞེས་པའི་སྦྱར་བྱང་བཀལ་ཕེབས་གནང་བའི་དགེ་སློབ་འགའ་གཟབ་ནན་གྱིས་ཚོགས་རར་འཛུལ། གོང་ན་འགྱིང་བའི་སློབ་གཙོས་རང་ཅག་གི་སློབ་གསོའི་ཀ་བ་ཆེན་པོ་བཞི་ག་དག་རེད་ཅེས་དྲིས་བ་ལ་སློབ་མ་རྣམས་ཞལ་གཅིག་གྲོས་སུ་སྲོལ་རྒྱུན། མཚན་སྙན། སྒྲིག་ལམ། ཡ་རབས་ཞེས་བོས་ཤིང་། སྔ་མོ་ནས་བྱ་བྱེད་གང་ལ་གོམས་ལོབས་སུ་འདྲེས་པའི་ཁོང་ཅག་གིས་སློབ་གྲྭ་བཙུགས་ནས་ལོ་འཁོར་བརྒྱ་འགོར་དུས་ད་དུང་ཡང་སྔ་མའི་ཁ་འབོད་རུལ་མྱགས་སུ་གྱུར་བ་དག་ལ་སེམས་རྩ་གླན་འདུག འོན་ཀྱང་དེ་ལྟ་བུའི་ལོ་ཟླའི་བྱ་ར་དང་རྙིང་བ་སྲུང་འཛིན་གྱི་ཁོར་ཡུག་གུ་དོག་ལ་ཁུ་སིམ་པོ་ཞིག Keatingཞེས་པའི་དགེ་རྒན་ཞིག་གི་ཡོངས་ཕེབས་ཀྱིས་འུར་ཆིལ་ལེར་བཏང་སོང་། སྙན་ངག་ལ་དགའ་ཞིང་རང་གཤིས་ལ་སྤྲོ་བའི་དགེ་རྒན་འདིས་ཁོ་བོའི་འཆར་ཡན་དང་རྩེད་མཚར་གྱིས་དགེ་སློབ་བར་དུ་མི་ལོ་བརྒྱ་ལ་བསྐོན་པའི་ལྕགས་ཟྭ་ཐོག་དང་པོར་གཏོར་སོང་ལ། ལུང་ཚིག་ངེས་འདྲེན་དང་བུམ་པ་གང་བྱོའི་ལུགས་ཀྱི་ཐོས་བསམ་བྱེད་སྟངས་དེར་ཡང་ཐོག་དང་པོར་རྒྱབ་གཏོད་བྱས། དཔེར་ན་ Keatingགྱིས་སློབ་མ་དག་ལ་བསམ་བཞིན་ཁྲིད་གཞིའི་སྟེང་གི་སློབ་ཚན་ལུང་བརྡོལ་མ་ཁ་ཤས་གཤགས་སུ་བཅུགས་པ་དང་། འདི་ནི་གཡུལ་འགྱེད་ཐེངས་ཤིག་རེད། འདི་ནི་རང་གི་བསམ་བློ་དང་བག་ཆགས་ལ་རྒོལ་བའི་གཡུལ་འགྱེད་ཐེངས་ཤིག་རེད་ཅེས་ལབ། ཡང་སློབ་མ་དག་མདུན་ཅོག་སྟེང་འགྲེང་དུ་བཅུག་ནས་ན་རེ། ནམ་ཞིག་ཁྱེད་ཀྱིས་བྱ་བ་གང་ཞིག་ཧ་ཅང་བདེན་ཐུབ་དུ་ལྟ་དུས། ཟུར་སྣེ་གཞན་ཞིག་ནས་བསྐྱར་ལྟ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་མ་གཏོགས་ཁྱེད་རང་ནོར་ཡོད་ལས་ཆེ་ཞེས་དང་།། དཔེ་ཀློག་བྱེད་སྐབས་ང་ཚོས་རྩོམ་མཁན་གྱིས་གང་འདྲ་གང་འདྲ་ཞིག་ལབ་གི་ཡོད་མེད་ལ་མི་ལྟ་བར། གཙོ་བོ་རང་གི་བསམ་གཞིགས་ལ་བསྟེན་ནས་རང་གི་སྐད་ཆ་རྙེད་རྒྱུ་ནི་གནད་གྱི་དོན་པོ་རེད་སོགས་སློབ་མའི་བློ་འབྱེད་ལ་གཟས་པའི་ཁྲིད་ཐབས་གསར་བ་བགྱིས། ། དེ་བཞིན་སློབ་མ་སྒེར་ངོས་ཀྱི་འཚོ་བ་དང་ཕུགས་འདུན་གྱི་ཆ་ནས་ཀྱང་ Keating གྱིས་གང་ལ་དེ་འཚམས་གྱི་རྒྱབ་སྐྱོར། སྐུལ་མ། ཤུགས་ཕྱུང་གནང་རོགས་བྱས་ཡོད། སློབ་མ་Neil Perryགྱིས་རང་ཉིད་མ་འོངས་པར་ཟློས་གར་འཁྲབ་སྟོན་པ་ཞིག་བྱེད་འདུན་ཡོད་ནའང་། ཁོའི་ཡབ་ཀྱིས་ལམ་ཁ་དེ་འདྲ་འདེམས་དབང་གཏན་ནས་མ་བྱིན་པར་དམག་སྒར་སློབ་གྲྭ་རུ་སྐྱེལ་གྲབས་བྱས། ཐབས་ཟད་འུ་ཐུག་གི་སྐབས་སུ་ Keating གྱིས་སྔར་བཞིན་ཁོ་ལ་སྐུལ་མ་བྱས་ཤིང་“རང་གླ་ཆས་ཉོས་པའི་གླ་པ་ནི་མ་རེད། ཁྱེད་ཀྱིས་རང་གི་གང་དྲན་དང་རང་གི་བསམ་པ་དངོས་དེ་དོན་དམ་བྱ་བ་གང་གི་ཐོག་ཏུ་ཡོད་པ་ཡབ་ལ་ཤོད་དགོས་རེད། ”ཟེར། འོན་ཀྱང་Neil Perry གྱིས་རང་གི་ཕ་རྒན་དང་ཕུགས་བསམ་གཉིས་ཀྱི་བར་ནས་གང་ཡང་བདམ་ཐུབ་མ་སོང་སྟེ། གཅིག་ནི་རང་ལ་ཚེ་སྲོག་སྩོལ་མཁན་གྱི་དྲིན་ཅན་དེ་ཡིན་ན། ཅིག་ཤོས་ནི་རང་གི་ཚེ་སྲོག་གཉོམ་པོ་འདི་མི་མཐུད་གནས་ཆོག་བྱད་ཀྱི་ང་རྒྱལ་རེད། དེ་ལྟར་གང་ལའང་ངོ་ལོག་རྒྱབ་གཏོད་བྱེད་མ་ཐུབ་པའི་གནས་ཚུལ་འོག་ཁོས་རང་གི་ཚེ་སྲོག་བཅད་པ་རེད། ཡང་གཅིག་བཤད་ན་འདི་ནི་ཁོས་ཨ་ཕ་དང་ཨ་ཕ་ལྟ་བུའི་ཁྱིམ་བདག་སྒེར་གཅོད་པ་དག་ལ་བསྟན་པའི་རྣམ་འགྱུར་དྲང་ཤོས་རེད་ལ། ཕུགས་བསམ་གྱི་སྔུན་ནས་རང་ཉིད་ལ་ངོ་མི་ལོག་པའི་སྙིང་སྟོབས་དེ་འདྲའང་རེད་འདོད།། གནས་ཚུལ་དེ་ལ་རྐྱེན་བཞག་ནས་སློབ་གྲྭས་འགན་འཁུར་ཡོད་ཚད་ Keatingགྱི་ཐོག་བཀལ་ཞིང་། བསམ་བློ་དེ་འདྲས་སློབ་མའི་རྒྱུད་བརླམས་མཁན་ཁོ་རང་རེད་ཅེས་མཐའ་འདེད་བཏང་།།
    མཐའ་མར་Keatingགྱིས་ཁོ་རང་ཆེས་དགའ་སའི་དགེ་རྒན་གྱི་ལས་ཀ་བསྐྱུར་ནས་མི་འགྲོ་ཐུ་མེད་བྱུང་ཞིང་། བསམ་བློའི་སྔོན་སྐྱོད་པ་ནི་ནམ་ཡང་དུས་རབས་དང་སྤྱི་ཚོགས་ཀྱིས་དང་ལེན་མི་བྱེད་པའི་གདམས་ངག་ཁོག་བཅིང་གིས་ཡོང་དགོས་སོང་། འོན་ཀྱང་ཁོ་རང་ཡོང་ཁར་སློབ་མ་ཚོ་སླར་ཡང་མདུན་ཅོག་ཐོག་ཏུ་རེ་རེར་འགྲེངས་ཤིང་། ཁོང་ཅག་ ་ཁོ་ནར་དབང་པའི་བརྡ་རྟགས་འདིས་དགེ་རྒན་ལ་ཆེས་མཐའ་མའི་བདེ་མོ་བཞག དེ་ཡང་སློབ་གཙོས་སྡུག་དམོད་དང་སྐད་ཅོར་ག་འདྲ་རྒྱབ་སོང་རུང་མཐའ་མ་ཁོང་ཚོ་སྒེར་ཚུགས་ཀྱིས་འགྲེངས་ཐུབ་སོང་ལ། མི་བུའི་རང་དབང་དང་གཉུག་གཤིས་ལ་སྙེགས་ངེས་ཤག་གི་སྣང་བརྙན་གསོན་པོ་འདིས་Keating་གྱི་གདོང་ལ་སླར་ཡང་བཅོས་མིན་གྱི་འཛུམ་ཞིག་བཞད་དུ་བཅུགས།།
    འདི་ནི་སྔ་ཆ་སྤྲོ་གར་དང་ཕྱི་ཆ་སྐྱོ་གར་གྱི་ཚུལ་དུ་ཕབ་པའི་གློག་བརྙན་ཅིག་རེད།། དེ་ལས་ཀྱང་གློག་བརྙན་འདིའི་ལྗིད་ཚད་གཙོ་བོ་ཕྱི་ཆའི་སྟེང་ན་འདུག Neil Perry་རང་ལྕེབས་རྒྱབ་པ་དང་Keatingམཐའ་འདེད་བཏང་བ་སོགས་ནི་སྲོལ་རྒྱུན་དང་དེང་རབས། ཐུན་མོང་དང་གང་ཟག་སྒེར། རྙིང་ཞེན་དང་གསར་གཏོད་སོགས་མིའི་རིགས་ཀྱི་བསམ་པའི་ལོ་རྒྱུས་ཁྲོད་ཇི་སྲིད་འགལ་བར་ལུས་པའི་གླེང་གཞི་ཚ་པོ་དག་རེད་ལ།། གླེང་གཞི་འདི་འདྲ་ཞིག་སྐྱོ་གར་ལ་སྦྱར་ཏེ་འཆད་རྒྱུ་ནི་དེ་བས་ཀྱང་བློ་རིག་བཀྲ་བའི་བགྱི་བ་རང་རེད་དོ།།

དཔྱད་མཆན་ཡོད།