«བརྗེད་དཀའ་བའི་ཉིན་ཞིག»ལ་བལྟས་རྗེས་ཀྱི་མྱོང་སྣང་།

640.jpg

ཉིན་འགའི་སྔོན་ལ་མགོན་པོ་བསོད་ནམས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན ༼བརྗེད་དཀའ་བའི་ཉིན་ཞིག༽ཅེས་པར་བལྟས་པ་ཡིན། བལྟས་ཚར་རྗེས་ཡིད་དགའ་བས་མྱོས་ཤིང་། ན་གཞོན་ཞིག་གི་ཕྲག་སྟེང་དུ་བབས་པའི་འོས་འགན་ནི་རི་བོ་ཐེ་ཧྲན་ལས་ཀྱང་ལྕིའང་སྙམ་བྱུང་། དེ་བས་ཀློག་པ་པོ་ཞིག་གི་ངོས་ཐད་ནས་རང་གི་བསམ་ཚུལ་བཞིན་ཟུར་མི་འདྲ་བ་སོ་སོ་ནས་མྱོང་སྣང་ཞིག་བརྗོད་སྙམ་བྱུང་།

དང་པོ། གློག་བརྙན་གྱི་ཁ་བྱང་ནི་སྤྱི་ལ་ཁྱབ་པ་ཞིག་རེད།

  ངས་འདི་ལྟར་ཟེར་དོན་ནི་ང་ཚོ་མི་སུ་དང་གང་ཞིག་ཡིན་ནའང་། སོ་སོའི་དྲན་ངོགས་ཀྱི་སྣང་བའི་འཇིག་རྟེན་དུ ༼བརྗེད་དཀའ་བའི་ཉིན་ཞིག༽ ཡོད་ལ། བརྗེད་དཀའ་བ་དེ་དག་ལས་ང་ཚོ་ལ་བག་ཆགས་ཟབ་མོ་འཇོག་མྱོང་བའི་མི་དང་། དོན་དག་དེ་ཚོ་ལ་བསམ་ན། ཁྱོད་ཀྱིས་ད་ལྟ་སྒྲུབ་བཞིན་པ་དང་བརྩོན་བཞིན་པ་ཡང་དེ་དག་དང་འབྲེལ་ཆགས་མི་འདུག་གམ། སྔོན་ཐོན་གྱི་ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ནས་བཤད་ན། ཆུང་དུས་དགའ་ཕྱོགས་བསྐྱེད་བསྲིང་བྱེད་པའི་སློབ་གསོའི་མན་ངག་ཡག་པོ་སྣང་སྟབས། ནར་སོན་རྗེས་ཁོ་ཚོ་ལ་རང་རྐྱ་ཐུབ་ཅིང་འཚོ་བ་ལ་བག་སྤྲོ་བའི་ཁྱད་ཆོས་དུ་མ་ཞིག་ངང་ངམ་ཤུགས་ཀྱིས་མཐོང་འོང་། དེས་ན་འདི་ལས་ཅི་ཞིག་ཚོར་འོང་ཟེར་ན། དེ་ཡང ༼བརྗེད་དཀའ་བའི་ཉིན་ཞིག༽ དང་འབྲེལ་འདུག་སྙམ། དཔེར་ན། རྒྱ་གར་གྱི་གློག་བརྙན ༼སའི་གོ་ལའི་སྟེང་གི་སྐར་མ༽ ཞེས་པར་མཚོན་ན། བྱིས་པ“ཡེ་ཤུ”ཡི་མིག་ནང་གི་འཚོ་བ་ནི་ཇི་འདྲིའི་མཚར་སྡུག་ལྡན་པ་ཞིག་རེད་ཨང་། ཁོ་ལ་མཚོན་ན། ༼ བརྗེད་དཀའ་བའི་ཉིན་མོ ༽ནི་བསྐྱར་དཔར་འཕྲུལ་ཆས་དང་འདྲ་བའི་དགེ་རྒན་དག་གི་སློབ་ཁྲིད་མ་ཡིན་ལ། ཡིག་རྒྱུགས་ཀྱི་ཚད་མར་གཞལ་བའི་ནམ་མཁའ་ནག་པོ་དེའང་མ་ཡིན། དེ་ནི་ཁོ་རང་གི་རབ་ཏུ་བཀྲ་བའི་རྣམ་དཔྱོད་ཀྱིས་རང་གི་སྣང་བའི་འཇིག་རྟེན་ལ་བྱིལ་བྱིལ་གཏོང་བའི་སྐབས་དེ་དག་མ་ཡིན་ནམ། གློག་བརྙན་འདིའི་ནང་གི་བསམ་འགྲུབ་ལ་ཆ་མཚོན་ནས་བཤད་ན་ཡང་། ༼བརྗེད་དཀའ་བའི་ཉིན་ཞིག༽ནི་ཚེ་སྲོག་ཅིག་ཤོར་བའི་ཉམས་སྣང་ལས་བསྐྱེད་པའི་མཚར་སྣང་གི་ཉིན་ཞིག་རེད། འདི་ལས་ངས་གློག་བརྙན་འདི་ལ་ཁ་བྱང་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པ་ཞིག་ཡོད་པར་འདོད་སོང་ལ། ད་དུང་གློག་བརྙན་འདི་ནི་ཉིན་གཅིག་གི་བྱ་བ་ཚུར་སྣང་བྱས་པ་བརྒྱུད་གཏམ་རྒྱུད་བཤད་པའི་ཐབས་རྩལ་བཀོལ་འདུག་པས་གློག་བརྙན་ཐུང་བའི་ཁྱད་ཆོས་འབུར་ཐོན་ཞིག་ཀྱང་ཡོད་པར་སེམས་སོང་། འདི་དག་ནི་གློག་བརྙན་ལ་མ་བལྟས་གོང་དུ་ཁ་བྱང་གིས་སྦྱིན་པའི་བསམ་ཚུལ་ཙམ་ཡིན།

གཉིས་པ། གློག་བརྙན་གྱི་ཡུ་འདྲེན་བརྙན་ཐུང་གིས་སེམས་ལ་རྨ་ཁ་སྦྱིན་ཞིང་ལྟ་འདོད་ཀྱི་ཡི་ག་ཕྱེས་པ། 

  གློག་བརྙན་གྱི་ཡུ་འདྲེན་བརྙན་ཐུང་ནི་མི་མང་བོ་ཞིག་ལ་བྲེད་ཤ་སློང་སྤྱད་དང་། ལྟ་འདུན་བསྐྱེད་ཆེད་ཡིན་ལ། འདི་རུ་གློག་བརྙན་གྱི་ནང་དོན་སྤྱི་ཁོག་ཅིག་འཆར་བར་བྱས་ཏེ་མི་མང་བོར་བསམ་གཞིགས་སྣ་ཚོགས་སྐྱེ་རུ་འཇུག འདི་ནི་ཚེག་ཁྱིམ་གཅིག་ཆེ་རུ་ཕྱིན་ཅིང་། རིམ་བཞིན་འཕྲོ་ཐིག་ཅིག་ཏུ་འགྱུར་བའི་གོ་རིམ་དང་ཆ་འདྲ་བོ་འདུག ཡུ་འདྲེན་བརྙན་ཐུང་ལས་རམ་འདེགས་ཀྱི་སྒྲ་ནི་ཧ་ཅང་དྲགས་པོ་ཡིན་ལ། ཐོས་མ་ཐག་སེམས་འཚབ་ཏུ་འཇུག་པའི་ཁྱད་ཆོས་འདུག་པ་མ་ཟད། ཉན་གྱིན་ཉན་གྱིན་འདུག་གནས་སུ་ཙོག་པུར་ཡང་སྡོད་མི་བཟོད་པའི་སྣང་བ་འདྲ་སྦྱིན་བྱུང་། ཡང་ནང་གི་གཟུགས་རིས་ལ་བསམ་ན། སྐྱོ་སྣང་དང་ཁེར་རྐྱང་གི་ཚོར་བ་ཞིག་བཅོས་མིན་དུ་སྦྱིན་འོང་། དེས་ན། སྒྲ་དང་གཟུགས་རིས་གཉིས་འགལ་བ་ལྟག་སྤྲོད་དུ་འདུག་ཟེར་ན། དེ་ཡང་ཁ་ཚོན་བཅད་དེ་སྨྲ་ཐུབ་པ་ཞིག་མ་རེད་སྙམ་བྱུང་། རྒྱུ་མཚན་ཅི་རེད་ཟེར་ན། གློག་བརྙན་ནི་སྒྱུ་རྩལ་སྣ་འདུས་ཀྱི་ཕུང་བོ་ཞིག་ཡིན་ལ། སྒྱུ་རྩལ་ཟེར་ན་ཡང་མི་ཞིག་གི་ཁ་ཚོན་བཅད་དེ་འདི་རེད་ཟེར་ནས་སྨྲ་ཐུབ་པ་ཞིག་མ་རེད། སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་རྒྱུ་མེད་པ་ནང་བཞིན། བསམ་བློ་ལའང་རྒྱུན་ཆད་རྒྱུ་མེད་དེ། དེས་ན། སྒྱུ་རྩལ་ལའང་རྒྱུན་ཆད་རྒྱུ་མེད་པའི་ཕྱིར། གང་ལྟར་སྒྲ་དྲགས་པོ་དང་། ཁེར་རྐྱང་དང་སྐྱོ་སྣང་གི་གཟུགས་རིས་འདི་དག་མཐོང་ཐེངས་རེར་སེམས་ཁམས་བློང་བློང་བོར་བཏང་བྱུང་ལ། སེམས་ཀྱི་གཏིང་ལ་མདའ་མོ་ཞིག་ཕོག་པ་བཞིན་ན་ཟུག་ཞིག་ཀྱང་སྐྱེ་རུ་བཅུག་བྱུང་།

གསུམ་པ། ནང་དོན་དངོས་ལ་གཞིགས་པ།

  ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དགུན་གཞུང་ཞིག་ལ། བྱིས་པ་ཆུང་ཆུང་ཞིག་ཐྲིག་ཐྲིག་གི་གོམ་སྒྲ་དང་བཅས་ཏེ་ཁ་བའི་ནང་དུ་བགྲོད་ཀྱིན་འདུག སྐབས་འདིར་ཕྱི་རོལ་གྱི་སྒྲ་ཁོ་ན་མ་གཏོགས།བྱིས་པ་དེའི་དབུགས་ལེན་པའི་སྒྲ་ཡང་ཐོས་རྒྱུ་མེད་པ་ལྟར་འདུག ཁོའི་རྒྱབ་གཟུགས་ནི་ཧ་ཅང་ཐང་ཆད་པ་ལྟར་འདུག་ལ། སེམས་ཀྱི་གཏིང་ཞིག་ནས་ཅི་ཞིག་དང་ལེན་བྱ་མི་འདོད་པ་ལྟར་འདུག ཁོ་རང་མཚམས་རེར་ཡུལ་གཅིག་ནས་ཡུན་ཙམ་ལ་འདང་རྒྱག་ཏུ་ཚུད་ཅིང་། མཚམས་རེར་ཆུ་འགྲམ་དུ་སོང་ནས་དར་ཁ་ལ་སྟ་རེས་རྒྱག  ཤེད་ཤུགས་ཡོད་ཚད་བཏོན་ནས་དངོས་ཡོད་དང་གདོང་གཏོད་ཀྱིན་འདུག ད་དུང་ངོ་གདོང་སྙིང་རྗེ་བོ་དེ་ལས་མིག་ཆུའི་རྡོག་པོ་འགའ་ཡང་འཐོར་བྱུང་། ངས་བལྟས་ཀྱིན་བལྟས་ཀྱིན། བྱིས་པ་འདི་ནི་སྐྱོ་སྣང་རིང་ལུགས་པ་ཞིག་རེད་འདོད་བྱུང་། “ཁོ་སྐྱོ་དོན་ག་རེ་ཡིན་ནམ།” འདི་ནི་བསམ་གཞིགས་བྱ་དགོས་ས་ཞིག་རེད་ལ། གློག་བརྙན་གྱི་མཛེས་པ་འདྲེན་སྟངས་ཞིག་ཀྱང་རེད། དཔེར་ན། ཨ་མེ་རི་ཀའི་གློག་བརྙན་ལ་ལར་དེ་ལྟ་བུའི་ཁྱད་ཆོས་མང་བོ་འཛོམས་ཡོད་དེ། གློག་བརྙན་གྱི་མགོ་ནས་མཇུག་བར་སྒྲ་མེད་པའི་གློག་བརྙན་ལྟ་བུ་དང་། སེམས་ཀྱི་མཛེས་པ་དང་སྣང་བའི་འཇིག་རྟེན་མཐོང་བར་བྱེད་པའི་གློག་བརྙན་ལྟ་བུ་མང་ངོ་།། ཁོ་ཚོའི་གློག་བརྙན་ནི་སྤྱིར་བཏང་གི་འཚོ་བའི་གཟུགས་རིས་ཤིག་ཕབ་པ་ཙམ་མ་ཡིན་པར། སྤྱིར་བཏང་གི་འཚོ་བ་ལས་སྤྱིར་བཏང་མ་ཡིན་པའི་གནས་ལུགས་ཤིག་དང་བསམ་གཞིགས་ཤིག་བསྐྱེད་ནུས་པ་དེ་རེེད། དཔེར་ན། “རྒྱ་མཚོའི་སྟེང་གི་རོལ་མོ་བ”《海上钢琴师》དང“ཨ་ཀན་གྱི་རྣམ་ཐར”《阿甘正传》ལྟ་བུ་སོགས་མང་ངོ་།། 

  དེ་ནས་མུ་མཐུད་དུ་གློག་བརྙན་ལ་བལྟས་ན། བྱིས་པ་བསམ་འགྲུབ་ནི་རྩོམ་འབྲི་རྒྱུར་དགའ་བའི་བྱིས་པ་ཞིག་ཡིན་པ་ཤེས་ཐུབ། ཁོས་འབྲི་དེབ་དང་ཞ་སྨྱུག་བླངས་ནས་རྩོམ་འབྲི་སྐབས། ཁོ་དང་ཐག་མི་རིང་བའི་གཞུང་ལམ་དུ་རླངས་འཁོར་ཞིག་བསྡད་བྱུང་། ཕལ་ཆེར་རླངས་འཁོར་ལ་སྣུམ་ཚར་སོང་བ་འདྲ། ཅུང་ཙམ་ནས་ཁ་ལོ་བར་སྣང་བའི་སྐྱེས་པ་ཞིག་གིས་རླངས་འཁོར་བསྐྱུར་ནས་འཕྲུལ་རྟ་ཅན་ཞིག་གི་འཕོངས་ལ་བུད་ནས་གང་ཞིག་ལ་བུད་སོང་། བྱིས་པ་བསམ་འགྲུབ་ག་ལེར་རླངས་འཁོར་གྱི་ཕྱོགས་སུ་བསྐྱོད་པ་ན། རླངས་འཁོར་ལས་ཁོག་སྟོད་གློ་ཁ་གྱོན་པའི་བུ་མོ་ཆུང་ཆུང་སྙིང་རྗེ་བོ་ཞིག་མངོན་བྱུང་ལ། བུ་མོའི་བྱིས་པ་བསམ་འགྲུབ་འོང་གིན་པ་མཐོང་དུས། “Hello”ཟེར་བཞིན་བརྡ་བསྟན་བྱུང་། ཁོ་གཉིས་ཀྱིས་ཕན་ཚུན་གྱི་མིང་མཚམས་སྦྱོར་བྱས་བྱུང་ལ། བསམ་འགྲུབ་ཀྱིས་བུ་མོའི་མིང་ལ“སྒྲོལ་མ”ཟེར་བ་ཐོས་མ་ཐག མི་འཐད་པའི་རྣམ་འགྱུར་དང་བཅས་ཏེ་ཁ་ཕྱིར་འཁོར་ནས་བུད་སོང་། འདི་ཡང་གོང་དང་འདྲ་བར་བསམ་གཞིགས་བྱ་དགོས་ས་ཞིག་རེད།  དེ་ནས“སྒྲོལ་མ”ཡང་རླངས་འཁོར་ལས་བབས་ཏེ་བྱིས་པ་བསམ་འགྲུབ་ཀྱི་རྗེས་སུ་བརྒྱུགས། ཁོ་གཉིས་ལམ་འགྲམ་གྱི་རྩྭ་ཐང་དུ་ཙོག་པུར་བསྡད་ནས་ལབ་གླེང་བྱེད་འགོ་ཚུགས། སྒྲོལ་མའི་ད་གཟོད་སྐྱོ་སྣང་གི་ཁེངས་བའི་བསམ་འགྲུབ་ཀྱི་དོན་དག་ཚང་མ་རྟོགས་བྱུང་ལ། ང་ཚོ་ལྟ་མཁན་པ་རྣམས་ཀྱི་དོགས་གཞི་ཡང་གཞི་ནས་སངས་བར་བྱས། འདི་ལས་འཚོ་གནས་ཀྱི་ཁོར་ཡུག་མི་འདྲ་བའི་བོད་ཀྱི་བྱིས་པ་གཉིས་བསྡུར་བ་བྱས་པ་བརྒྱུད་དེ། ང་ཚོ་ལ་ལྷད་མེད་དྭངས་གཙང་གི་བྱིས་བློ་ནི་འདི་འདྲའོ་སྙམ་བྱུང་ལ། ད་དུང་ཚད་མཐོ་བའི་སྒྱུ་རྩལ་གྱི་སྟེང་ནས་ལབ་ན། “མི་ཚང་མ་ལ་བརྗེད་དཀའ་བའི་ཉིན་མོ་ཞིག་ཡོད་དེ། བརྗེད་དཀའ་བ་དེ་དག་གི་སྟེང་དུ་མིའི་རིགས་སྤྱི་ལ་ཁྱབ་པའི་དོན་དག་ཅིག་འདུག”སྙམ་བྱུང་།

  སྤྱིར་བལྟོས་བཅས་ཀྱིས་བོད་ལ་བྱིས་པའི་འཚོ་བ་དང་ཁ་ཐག་ཉེ་ཞིང་། བྱིས་པའི་ནང་སེམས་ཀྱི་བསམ་བློ་དང་འཚོ་བ་བྲིས་པའི་བརྩམས་ཆོས་ནི་ཤིན་ཏུ་ཉུང་བར་སེམས་སོང་། དེ་བས་ང་ཚོས་ཅི་ནུས་ཀྱིས་གང་ཞིག་མཁོ་བ་དང་། གང་ཞིག་དཀོན་པའི་བར་སྟོང་འདི་ལ་ཁ་གསབ་ལེགས་པོ་ཞིག་མ་བྱས་ན། རྗེས་ཀྱི་སྤྱི་ཚོགས་དང་འཚོ་བའི་ཁྲོད་བྱིས་པའི་སེམས་ཁམས་དང“ལས་དབང”ལ་སེམས་ཁུར་བྱེད་མཁན་མེད་པར་གྱུར་འགྲོ་བར་སེམས། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན། བྱིས་པ་ནི་མ་འོངས་པའི་སྤྱི་ཚོགས་སྐྲུན་པ་པོ་ཡིན་པས། ང་ཚོས་ཁོ་ཚོའི་སེམས་ཁམས་དང་བསམ་བློ་གཏོང་སྟངས་ལ་འདང་རྒྱག་གཏོང་དགོས་སྙམ། དེ་མིན་ཡཱ་ཧུ་ད་པའི་མི་རིགས་ལ་མཚོན་ན། བྱིས་པའི་ནང་སེམས་ལ་དོ་སྣང་བྱེད་ཚད་གཞན་དང་མི་འདྲ་བ་ཞིག་རེད།  ཁོ་ཚོའི་འཚོ་བའི་ཁྲོད་དུ། ཕ་མ་ཞིག་གིས་ཀྱང་རང་གི་བྱིས་པ་དེ་མི་ཆེན་པོ་ཞིག་ལྟར་བརྩི་མཐོང་བྱེད་ལ། བྱིས་པས་ཅི་བཤད་པ་ལ་ལན་འདེབས་ཤིང་། བྱིས་པའི་སེམས་ཀྱི་ནམ་མཁའ་དེ་རང་དབང་དང་ལྡན་པ་ཞིག་ཏུ་གཏོང་ཅི་ཐུབ་བྱེད་ཀྱིན་འངུག དེ་ཡང་གློག་བརྙན་ཞིག་ལས་ཤེས་ཏེ། དབྱི་ཐ་ལིའི་གློག་བརྙན་གྲགས་ཅན་མཛེས་སྡུག་གི་མི་ཚེ<美丽人生>ཞེས་པ་རུ། ཡ་ཧུ་ད་པའི་ཕ་བུ་གཉིས་ན་ཛིའི་གཅིག་སྡུད་བཙོན་ཁང(纳粹集中营)དུ་བསྐྱལ་བ་དང་ཨ་ཕས་རང་ཉིད་ཀྱི་བསམ་པའི་བཀོད་ཤུགས་ལ་བརྟེན་ནས་བྱིས་པ་ལ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་སྐྱུག་བྲོ་ཞིང་སྡུག་རྩུབ་ཀྱིས་ཁེངས་པ་དེ་ཚོར་དུ་མ་བཅུག་པར། བྱིས་པའི་ནང་སེམས་ཀྱི་མཛེས་སྡུག་ལ་རང་སྲོག་གིས་སྲུང་སྐྱོབ་བྱས་པ་ནི་དཔེ་གསོན་པོའོ།། དེ་ནས་བོད་ཀྱི་བྱིས་པ་མང་བོ་ཞིག་ལ་མཚོན་ན། དེ་འདྲ་མ་ཡིན་ཏེ། ཁོ་ཚོའི་བསམ་ཡན་གྱི་རྣམ་རིག་རྒོད་པོ་དེ་འཕུར་ཆོག་སའི་ནམ་མཁའ་མེད་པ་དང་། ནམ་མཁའ་ཡོད་ཀྱང་གཤོག་པ་མེད་པ་ནི་ཇི་འདྲིའི་ཕངས་པ་ལའང་། འདི་ནི་ཞོར་ནས་བཤད་འདོད་པའི་སྐད་ཆ་ཙམ་ཡིན། ད་དུང་། ངས་གློག་བརྙན་ཧྲིལ་བོར་ལྟ་བའི་བརྒྱུད་རིམ་ཁྲོད་ནས་བྱིས་པ་གཉིས་ཀྱི་ཁ་བརྡ་ལ་སྤྱི་འགྲོས་མེད་པ་དང་། བསམ་འགྲུབ་སྐྱོ་བའི་དོན་དངོས་སོགས་ཤེས་པའི་ཐད་ནས་བྱིས་པ་འདིའི་སེམས་ཁམས་ལ་བསམ་ཤེས་ཅུང་ཙམ་བྱུང་སོང་། དཔེར་ན“སྒྲོལ་མ”ཞེས་པའི་མིང་ཐོས་མ་ཐག་ནས་ཁ་ཕྱིར་འཁོར་ནས་སོང་བ་དང་། གཅིག་པུས་རྟ་ཞོན་ནས་དར་ཁ་གསེ་རུ་ཡོང་བ་སོགས་ཀྱི་ཐད་ནས་བྱིས་པ་འདིའི་སེམས་ཁམས་ལ་འཚོ་བའི་ཁྲོད་ནས་བསམ་ཤེས་གཏོང་མཁན་མེད་པའི་བསམ་བློ་ཞིག་བཏང་བ་ཡིན།མ་ཟད། བྱིས་པའི་སེམས་ཁམས་དང་དར་མའི་སེམས་ཁམས་ཀྱི་ཧེ་བག་གིས་བསྐྱེད་པའི་གནས་བབ་ཅིག་ཀྱང་ཚོར་བྱུང་། འདི་ནི་ཡོངས་གྲགས་ཀྱི་བྱིས་པའི་གློག་བརྙན(儿童电影)ཞིག་ལ་ཡང་བརྩིས་མི་ཆོག་པ་མི་འདུག་སྙམ་བྱུང་། 

བཞི། མཇུག་བསྡུ་བའི་རོལ་མོ་དང་བསམ་འགྲུབ་ཀྱི་ནམ་མཁའ། ད་དུང་བརྗོད་འདོད་པའི་སྐད་ཆ་ཞིག

  མཇུག་བསྡུ་བའི་རོལ་མོ་ནི་ང་རང་ཆེས་དགའ་སའི་བོད་ལྗོངས་ནད་པ་རོལ་ཚོགས་ཀྱི་བརྩམས་ཆོས་ཤིག་ཡིན་ལ། རོལ་མོ་འདིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་ཡོད། བསམ་འགྲུབ་ཀྱི་ནམ་མཁའ་ཡང་རོལ་དབྱངས་འདི་ཇི་བཞིན། སྐྱོ་ཤས་དང་ན་ཟུག ཁེར་རྐྱང་སོགས་ཀྱི་འཇིག་རྟེན་དུ་གནས་ཡོད་དེ། ཁོ་བོ་ནི་སྤྱིར་བཏང་གི་བྱིས་པ་བསམ་འགྲུབ་དེ་ཡིན་མི་འོས་ལ། ཁོ་རང་ནི་མི་རིགས་ཤིག་གི་ཐེག་གཟུགས་དང་མིའི་རིགས་སྤྱི་ལ་ཁྱབ་པའི་འདྲེན་གཟུགས་ཤིག་ཡིན་འོས་སྙམ། སྤྱིར་གློག་བརྙན་ཞིག་གི་གཙོ་འཁྲབ་མི་སྣ་ནི་གློག་བརྙན་ཧྲིལ་བོའི་བརྗོད་བྱ་འབུར་ཐོན་གྱི་འདྲེན་གཟུགས་དེ་ཡིན། གཞན་པའི་ཁོར་ཡུག་དང་མི་སྣ། གཏམ་གླེང་སོགས་ནི་མི་སྣ་གཙོ་བོར་རམ་འདེགས་ཀྱི་ཤུགས་འདོན་མཁན་དང་། གཙོ་འཁྲབ་མི་སྣ་འབུར་གཟུགས་ཀྱི་རྣམ་པར་སྐུལ་གྱིན་ཡོད། དེ་ནི་མི་ཞིག་ལ་རྒྱན་སྤྲས་ཏེ་མཛེས་སྡུག་གི་ལང་ཚོ་ཕྱིར་ངོམས་པ་དང་འདྲའོ།། དེ་བས། འདི་ནི་གློག་བརྙན་འདིའི་ཆེས་ལེགས་འགྲུབ་ཀྱི་ཆ་རེད་སྙམ། སྐབས་འདིར། ངས་སྐད་གསེང་མཐོན་པོའི་ངང་ནས་བྱིས་པ་བསམ་འགྲུབ་ལ་སྐད་ཅིག་གཏོང་འདོད་དེ། “ཁྱོད་ཀྱི་ནམ་མཁའ་རུ་བྱ་གླག་གི་གཤོག་རྩལ་མེད་ནའང་། ཁྱོད་ཀྱིས་རང་ཉིད་ལ་ནམ་མཁའ་བཟོ་ཆོག དེ་རུ་ཉི་འོད་དང་དྲོད་གཤེར་ལྡན་ལ། རང་དབང་དང་བརྩེ་གདུང་གི་འཇའ་འོད་འཚེར།”

 མཇུག་མཐར། མགོན་པོ་བསོད་ནམས་གཙོ་བྱས་པའི་ན་གཞོན་དག་གི་གློག་བརྙན་གྱི་ལམ་ཁ་ལ་བར་ཆད་མེད་ཅིང་། བཀྲ་ཤིས་ཤིང་དོན་འགྲུབ་པར་ཤོག ཡོད་ཚད་བདེ་ཞིང་སྐྱིད་པར་སྨོན།


                                                        ༢༠༢༠ལོའི་ཟླ༩བའི་ཚེས༢༤ཉིན་ལ་པིར་རྨོག་གིས།


5454.jpg

545345.jpg


དཔྱད་མཆན་ཡོད།