པདྨ་ཚེ་བརྟན་གྱི་གློག་བརྙན་དབུགས་ལྒང་དང་འབྲོག་མོ།

规划和.JPG

        ངས་པད་མ་ཚེ་བརྟན་གྱི་གློག་བརྙན་དྲུག་པོ་ཕལ་ཆེ་བར་བལྟས་པ་ཡིན། དེ་དག་ལས་བློ་ཡིད་མ་ཚིམ་པ་གང་ཡང་མ་བྱུང་ཞིང་།  ལྷག་པར་དུ་ཐར་ལོ་མཚོན་ན་གབ་སྦས་ཀྱི་བསམ་བློའི་དོན་སྙིང་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་ཏུ་མཐོང་ཡོད།  དེ་བཞིན་དུ་ལག་དམར་གྱིས་ཀྱང་བྱམས་བརྩེ་དང་བཟོད་སྒོམ་གྱི་ཕྱོགས་ཤིག་བཤད་གི་ཡོད་པ་འདྲ་བས། སྣང་ཚུལ་མི་ལེགས་པ་གང་ཡང་མེད། ཡི་རང་རྒྱབ་སྐྱོར་འོས་པའི་ལས་སུ་སེམས་ཡོད།

        ཁོའི་གློག་བརྙན་བདུན་པ《དབུགས་ལྒང》ཞེས་པ་འདི་ནི་དེ་སྔོན་མཐོང་ཡུལ་དུ་མ་གྱུར་ལ། གཞི་རྩའི་འཁྲབ་གཞུང་གི་འོལ་སྤྱི་ཙམ་དང་། རྩོམ་པ་པོ་རང་ཉིད་ཀྱི་དེ་འབྲེལ་གྱི་གཏམ་བཤད་འགའ་ཞིག་དང་། ཕྲན་དཔྱད་ཀྱི་རྩོམ་ཐུང་རེ་གཉིས་མཐོང་པ་ཙམ་ཞིག་གོ།  དེས་ན་ང་རང་ལ་མཚོན་ན་ད་ལན་གྱི་འདི་ལ་ཆ་རྒྱུས་མེད་པ་ལྟ་བུར་ཆགས་འདུག་པས་ཕྱོགས་གཅིག་ནས་དཔྱད་བསྡུར་བ་ཙམ་དེའི་ནང་དོན་གྱི་ཕྲ་རགས་མང་པོ་ཞིག་ལ་ཆ་རྒྱུས་ཡོད་མདོག་གིས་དབྱེ་ཞིབ་ཀྱིས་ཁ་ཚོན་གང་ཡང་བཅད་མེད།

     གོ་ཐོས་སུ་ད་ལན་གྱི་འདི་ཡི་བརྗོད་སྙིང་ནི་བོད་བརྒྱུད་ནང་བསྟན་གྱི་དད་མོས་ལ་གདོང་ཐུག་བྱུང་ཡོད་སྐད་ཟེར།  དེ་འབྲེལ་གྱི་རྩོམ་འགའ་ཞིག་གི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་དད་མོས་དེས་མིའི་འཚོ་གནས་དང་རང་དབང་ལ་སུན་གཙེར་བཟོ་བཞིན་པ་བརྗོད་སྙིང་དུ་བྱས་འདུག་ཅེས་ཟེར་བའི་སྨྲ་བ་བྱུང་ལ། མང་མང་ཞིག་གིས་དེ་ཡི་ཆེད་དུ་དགག་པའང་གཏོང་གི་ཡོད་པར་སྣང་།  ཁོང་གི་གློག་བརྙན་དེ་ཡི་འཁྲབ་གཞུང་གི་འགོ་མཇུག་བར་གསུམ་ཀུན་ནས།  ཡོད་ཚད་ཀྱི་དྲང་ལྡོག་གང་རུང་ནས་ཤུགས་བཏོན་ནས་སྤེལ་བའི་དཔྱད་གཏམ་དག་ཀྱང་མདོར་བསྡུས་ན་ཚན་པ་དེ་གཅིག་པོའམ་གླེ་གཞི་དེ་ཁོ་ན་ཡི་ཐོག་ཏུ་བྱོ་གི་ཡོད་པ་འདྲ།

   འོན་ཀྱང་སྨྲ་བ་དེ་དག་གི་རྗེས་སུ་བསྙེགས་ཏེ་འཐད་པའི་བརྡ་སྟོན་པའི་ངལ་བ་བརྟེན་པའི་སྤྲོ་བ་མ་མཆིས་ལ། དེ་ནི་ཞིབ་ཀྱིས་བསམ་ན་རྒྱུ་མཚན་གཉིས་ཀྱི་དབང་གིས་ཡིན་པ་འདྲ། གཅིག་སྒྱུ་རྩལ་ཞེས་པ་འདི་མ་གཞི་ནས་དད་མོས་གྱི་མཚམས་ལས་བརྒལ་ཡོད་པས་མིན་འགྲོ རྣམ་ཀུན་ཏུ་དེ་ནི་དད་མོས་ཀྱི་ཁོངས་སུ་གཏོགས་པ་ཞིག་མ་ཡིན་པས།  སྐབས་ལ་ལར་དེ་ཉིད་དད་མོས་དང་གདོང་ཐུག་བྱུང་སྲིད་ནའང་། སྒྱུ་རྩལ་རང་སྟེང་ནས་དེ་ནི་ཞན་ཆ་ཞིག་ཡིན་པའི་ངེས་པ་ནི་གང་ཡང་མེད་པས་སོ། །

     གཉིས་པ་བོད་བརྒྱུད་ནང་བསྟན་ལ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་ལམ་ཡང་ན་ཆ་མ་ཚང་བའི་བསམ་ཚུལ་འདོན་པའི་ཡི་གེ་དང་བརྙན་གྱི་རིགས། སྤྱི་ཚོགས་ཀྱི་ཟུར་གང་ནས་བྱུང་ནའང་། དེ་ནི་གཞི་རྩའི་འགྲོ་མིའི་ཀུན་སྤྱོད་དང་འགལ་བ་ཞིག་ཡིན་པར་མ་མཐོང་ལ། རང་རེའི་སྟོན་པ་མཆོག་གི་སྐུ་ཚེ་ཡི་མཛད་པ་དག་ཀྱང་། ལྡོག་ཕྱོགས་ཀྱི་ལྟ་ཚུལ་གྱིས་ཁྱབ་ནས་ཡོད་པའི་ཁོར་ཡུག་དེ་འདྲ་བ་དག་དང་ཁ་འབྲལ་ཐབས་མེད་པ་སྔོན་བྱུང་གི་གསོན་དཔེ་གལ་ཆེན་ཞིག་ཡིན་པར་སྙམ།

    དེས་ན་གལ་ཏེ་པད་མ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་འདིའི་ཁྲོད་དུ་ཆོས་ལུགས་ཀྱི་ཟ་ཟུར་ལ་ཕོག་པའི་ཆ་ཅུང་ཟད་ཙམ་རེ་བསྲེས་ཡོད་ནའང་། ཁོས་བཏོན་པའི་སྣང་ཚུལ་དེ་དག་ང་ཚོའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་འགྱུར་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་ལས། དེ་མ་ཐག་ཏུ་འབུར་འཇོམས་བྱེད་པ་དང་ནག་བསུབ་བྱེད་དགོས་ངེས་ཞིག་ཏུ་མ་མཐོང་ངོ་། ཁ་སང་ཉིན་ཁ་ཤས་ཀྱི་ཡར་སྔོན་དུ། པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་དེ་སྒོ་རུ་ཐོན་ཡོད་པའི་གཏམ་ཐོས་འཕྲལ། ངས་ཀྱང་རང་སེམས་ནས། ཁོང་ལ་ཡུན་རིང་དང་རྒྱབ་སྐྱོར་གྱི་རྩོམ་འགའ་ཞིག་བྲིས་པ་ཡིན་མོད། འོན་ཀྱང་དེ་མ་ཐག་དྲྭ་བའི་བར་སྟོང་སོགས་གང་གི་ནང་དུའང་མ་བཞག་པར་ཅུང་ཙམ་ངང་སྒུག་བྱས་ནས་བསྡད་པ་ཡིན།    རྗེས་སུ་ཁོང་གི་གློག་བརྙན་དེའི་འཁྲབ་གཞུང་གི་འོལ་སྤྱི་ཙམ་མཐོང་ཐོས་བྱུང་བའི་ཚེ། ངའི་སེམས་སུ་ཁོང་ལ་ཡི་རངས་བྱེད་པའི་བསམ་བློའི་ཟུར་གཞན་ཞིག་ནས་ཐེ་ཚོམ་ཟ་ཟི་ཞིག་དང་བློ་ཕམ་ཕྲན་ཙམ་གྱི་སྣང་བ་ཞིག་བྱུང་མོད་། འོན་ཀྱང་ཁོང་ལ་རྒྱབ་སྐྱོར་གྱི་འདུ་ཤེས་སྔར་བཞིན་མ་ལྷོད་པར་གནས་ཡོད་པ་ཡིན།

     ལར་བརྩམས་ཆོས་གང་ཞིག་ལས་སྤྱི་དང་བྱེ་བྲག་ལ་དྲང་ལྡོག་གི་ལྟ་ཚུལ་འདོན་པ་དང། བརྩམས་ཆོས་དེ་ལ་གུས་ཞབས་ཀྱི་རྒྱབ་སྐྱོར་བྱེད་མིན་གཉིས་གཅིག་ཚབ་གཅིག་གིས་མ་བྱས་ན་ལེགས་པར་སྙམ། དེ་ལྟར་བྱས་ན་ཤེས་རིག་དང་མི་གཞི་ལ་འགན་ཁུར་པའི་སྲོལ་ཡག་པོ་ཞིག་ཨེ་ཡིན་སྙམ་མོ། །  

 102620.95768335_1000X1000.jpg

         ད་ནི་གློག་བརྙན་གྱི་སྐོར་དེ་དག་གླེང་བར་བྱ།

       འཆར་ཡན་གྱི་རྣམ་པ་ཤུགས་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ཕྱིན། དེའི་རྣམ་པ་ནི་རྩོམ་པ་པོས་ཇི་ལྟར་འབྲི་བཞེངས་བྱས་ཀྱང་ཆོག་པ་ཞིག་ཡིན་པ་དང་། མ་ཟད་གློག་བརྙན་བརྩམས་ཆོས་འབྲི་མཁན་དག་གིས་སོ་སོའི་འཆར་ཡན་གྱིས་བཟོས་པའི་མཐོང་སྣེ་མང་པོ་ཞིག་བརྙན་མིག་གི་ནང་དུ་གཅིག་བསྡུས་ཀྱིས་འདུས་པར་བྱས་ཤིང་དེ་ལྟར་མཚོན་ཐབས་སྣ་ཚོགས་པ་བེད་སྤྱད་དེ་གང་ལ་ཁ་ཕྱོགས་པའི་ཡུལ་ནི་དངོས་ཡོད་དམ་སྒྱུ་འཕྲུལ་གང་རུང་གི་ལམ་ནས། མི་རྣམས་ཀྱི་ནང་སེམས་ལ་ཚོར་འདུ་སྣ་ཚོགས་པ་ཞིག་འདྲེན་པར་བྱེད་པ་འདི་ནི་ཀློག་པ་པོས་བརྩམས་ཆོས་ལ་རོལ་མྱོང་བྱས་པའི་འབབ་སྟེགས་ཤིག་ཀྱང་ཡིན་ནོ། །

       དེས་ན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཁོང་གིས་གློག་བརྙན་འདི་ཕབ་སྐྲུན་གྱི་གོ་རིམ་སོགས་ལ་གཞིག་ན་དངོས་ཀྱི་འཚོ་བར་གཞོལ་ཅི་ཐུབ་བྱས་ཡོད་པ་ཞིག་ཡིན་པར་སྙམ་ལ། པད་མ་ཚེ་བརྟན་ཁོང་གིས་ཀྱང་སྐད་ཆ་ཞིག་གི་ནང་གློག་བརྙན་འདི་བོད་མིའི་འཚོ་བ་མཚོན་བྱེད་ཅིག་ཡིན་པ་འདྲ་ཞིག་བཤད་ཀྱིན་འདུག་སྙམ།  དེས་ན་འཚོ་བ་དངོས་མཚོན་པའི་གློག་བརྙན་བརྩམས་ཆོས་ཤིག་ཡིན་ན། དེའི་ནང་དུ་བྱུང་བ་མཐའ་དག་དངོས་དང་མཐུན་དགོས་པའི་ངེས་པ་མེད་ནའང་།   གཏམ་རྒྱུད་ཀྱི་ཐོག་མཐའ་བར་གསུམ་དུ་ཧ་ཅང་གལ་ཆེ་བའི་མི་སྣ་དག་གི་གཤིས་ཀ་དང་སྤྱོད་པ་ནི་དངོས་ཡོད་དང་ཧ་ཅང་ཐག་ཉེ་བ་ཞིག་ཡིན་འོས་པར་སྙམ།   དེས་ན་གོང་དུ་བཤད་པ་ལྟར་ངའི་སེམས་སུ་ཐེ་ཚོམ་ཟ་ཟི་ཞིག་སྐྱེས་དགོས་པ་དེ་ཡང་། ཕལ་ཆེར་གནད་དོན་འདི་དང་འབྲེལ་བ་ཡོད་པར་སྙམ།  སྤྱིར་གློག་བརྙན་འདི་ཡང་བོད་མིའི་དངོས་ཡོད་ཀྱི་འཚོ་བ་དང་ཧ་ཅང་ཁ་ཐག་རིང་བའི་གནས་ཤིག་ཏུ་ཡོད་དོ་ཞེས་ཁ་ཚོན་གཅོད་མི་ནུས་ན་ཡང་།  གློག་བརྙན་འདིའི་ནང་གི་མི་སྣ་གཙོ་བོ་དག་གི་ཁྲོད་དུ་སྒྲོལ་དཀར་ཞེས་པའི་འབྲོག་མོ་ཕལ་བ་འདིའི་བསམ་བློ་ཡི་འཇིག་རྟེན་ནི། མཐོ་སྒང་གི་འབྲོག་པའི་འཇིག་རྟེན་ལས་ཅུང་ཙམ་རིང་དུ་གྱེས་ཡོད་པ་འདྲ་བའི་སྣང་བ་ཞིག་བྱུང་།  གསར་རྩོམ་གྱི་གོ་རིམ་ཁྲོད་དུ་མི་སྣ་གང་ཞིག་དངོས་ཡོད་མཚོན་པའི་ཆེད་དུ་བཞེངས་སྐྲུན་བྱས་ཤིང་། དེ་ཉིད་དངོས་ཡོད་དང་ཅུང་ཙམ་རྒྱང་ཐག་རིང་པོར་ཆགས་འདུག་པ་འདི། ང་ལ་མཚོན་ན་ད་ལན་གྱི་གློག་བརྙན་འདིའི་ཁྲོད་ནས་བློ་ཕམ་དང་ཐེ་ཚོམ་ཨེན་ཙམ་སྐྱེས་ལ་སྐྱེས་རུང་བ་ཞིག་ཀྱང་རེད་སྙམ་མོ། །

      དེ་ཡང་སྤྱིར་ན་རང་ཉིད་ཀྱི་བྱིས་པ་མངལ་ནས་འདོན་པའི་བྱ་བ་དེ་རིགས་བོད་ཀྱི་བུད་མེད་དག་གི་ཁྲོད་དུ་བྱུང་མ་མྱོང་བ་མིན་ལ། སྔོན་དུས་དང་བསྡུར་ན་ལོ་རེ་ནས་ལན་ཁག་ཡོད་མེད་ཀྱི་རྐྱེན་ངན་མང་པོ་ཞིག་གི་དབང་གིས་བུ་ཕྲུག་མངལ་ནས་འདོན་པའི་བྱ་བ་དེ་རིགས་བོད་ཀྱི་སྐྱེས་མ་དག་གི་འཚོ་བའི་ཁྲོད་དུ་ཇེ་མང་ལ་འགྲོ་བཞིན་ཡོད་ལས་ཆེ། གཞན་ཡང་ངོས་གཞན་ཞིག་ནས་བསམ་བློ་བཏང་ན། རང་རེའི་སྤྱི་ཚོགས་ཀྱི་ཕོ་མཆོག་མོ་དམན་གྱི་ངན་གཤིས་དེའི་དབང་གིས་སྐྱེས་མ་དག་ལ་མནར་གཅོད་ཅི་རིགས་ཐེབས་བཞིན་ཡོད་པ་དོན་དངོས་ཡིན་པ་དང། ད་དུང་རྨོངས་དད་ཀྱི་ལས་འགའ་རེས་འཚོ་བ་ལ་སུན་གཙེར་བཟོ་བཞིན་ཡོད་པ་སོགས་བརྗོད་གཞིར་དམིགས་ནས་དྲང་ལྡོག་གང་རུང་གི་ཆ་ནས་འཚོ་བའི་གནད་དོན་མང་པོ་ཞིག་ལ་བསམ་གཞིག་དང་དོགས་འདྲི་ཡི་ཚུལ་གྱིས་གློག་བརྙན་འདི་འདྲ་ཞིག་བཟོས་ན་སྤྱིའི་ཆ་ནས་མི་ལེགས་པ་གང་ཡང་མེད་མོད།

         འོན་ཀྱང་སྒྲོན་དཀར་ཞེས་པའི་མི་སྣ་གཙོ་བོ་འདི་འབྲོག་མོ་རྣལ་མ་ཞིག་གི་ཚུལ་དུ་བཞེངས་བསྐྲུན་བྱས་ཡོད་ལ། འདིའི་འཚོ་བའི་ཁྲོད་དུ་སྐྱེས་པའི་རྡུང་རྡེག་དང་གཉའ་གནོན་ཡོད་པ་ནི་དངོས་ཡོད་དང་མཐུན་པ་ཞིག་ཏུ་བྱ་ཆོག་མོད། འོན་ཀྱང་རང་ཉིད་ཀྱི་བུ་ཕྲུག་མངལ་ནས་འདོན་པའི་བསམ་བློ་དེ་ནི། དངོས་ཀྱི་འབྲོག་མོ་རྣལ་མ་དག་དང་ཧ་ཅང་བར་ཐག་རིང་བོ་ཞིག་ཡིན་པར་སྙམ་ཡོད།  གནད་དོན་གཙོ་བོ་འབྲོག་མོ་དག་གི་ཁྲོད་དུ་དེ་འདྲ་བྱེད་མཁན་ཡོད་མེད་ཀྱང་མ་རེད། ཕྱོགས་གཞན་ཞིག་ནས་དེ་ནི་བསམ་བློ་གསར་རྙིང་དང་། ཁོར་ཡུག་གསར་རྙིང་གི་བར་ཐག་ཞིག་ཏེ། ངའི་སེམས་སུ་འཁྲབ་གཞུང་གི་བར་མཚམས་འདིར་སླེབས་དུས།  རྩོམ་པ་པོས་འབྲོག་མོ་དང་འབྲོག་མོའི་འཇིག་རྟེན་གྱི་ཁྲོད་དུ་བཙན་གྱིས་འཇིག་རྟེན་གཞན་ཞིག་གི་བསམ་བློ་ཡི་འགལ་འདུ་འཛུད་པར་བྱས་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་།  དེ་ནི་རབ་བཏགས་དང་སྒྱུ་འཕྲུལ་གྱི་མཐོང་སྣེ་ནས་གཞིག་ན་འོས་འཚམ་ཞིག་ཏུ་སོང་ཡོད་ལས་ཆེ་མོད།འོན་ཏེ་མི་སྣ་དེས་དངོས་ཀྱི་འཚོ་བར་ཁ་གཏད་ཡོད་པ་འམ། ཡང་ན་སྣང་ཚུལ་དེའི་ཁྲོད་ནས་འབྲོག་མོའི་བསམ་གཞིགས་དང་འཇིག་རྟེན་ཞིག་རྙེད་དགོས་ན་ཧ་ཅང་དཀའ་བའི་ཚུལ་དུ་སོང་ཡོད་པ་འདྲ།

143525.20992560_1000X1000.jpg

        ངས་འདི་ནས་བཤད་པ་ནི་འབྲོག་མོ་ནི་དྭངས་གཙང་ཞིག་གི་ཆ་ནས་གོ་བ་ལེན་དགོས་པ་ཞེས་པའི་དོན་ཀྱང་མིན། མ་གཞི་སྣང་ཚུལ་འདི་ནི་འཇིག་རྟེན་གཉིས་ཀྱི་འདུ་ཤེས་ཀྱིས་འཕོ་འགྱུར་གྱི་ཆ་ནས་བྱུང་བ་ཞིག་ཡིན་འོས་ཏེ། གོང་དུ་བཤད་པ་ལྟར་དཔེར་ན་དེང་རབས་དང་གནའ་རབས་ཀྱི་ཁྱད་པར་ལྟ་བུའོ།།

        འཛམ་གླིང་གི་ཐོག་ཏུ་དུས་རབས་སྔོན་མ་དང་ད་ལྟའི་དུས་རབས་གཉིས་བསྡུར་ན།  མི་རྣམས་ཀྱི་འཚོ་བ་གྲོང་ཁྱེར་ཅན་དང་དེང་རབས་དཔལ་འབྱོར་གྱི་འགྲན་རྩོད་ཁྲོད་དུ་ཞུགས་པ་ནས་བཟུང་།  བྱིས་པ་མངལ་ནས་འདོན་པའི་གྲངས་ཀ་ནི་ལོ་རེ་བཞིན་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་ཇེ་མང་དུ་ཕྱིན་ཡོད་པ་དང།  དེ་ཡང་རྒྱལ་ནང་དུ་སྒེར་གྱི་སྨན་རྫས་དང་སྨན་ཁང་སོགས་ཀྱི་གྲངས་ཀ་མ་འདུས་པར།  འགྲོ་རིམ་ལྟར་ལོ་རེར་བྱིས་པ་ཁྲི༡༣༠༠ཙམ་མངལ་འདོན་བྱེད་ཀྱིན་ཡོད་པ་འདི་ནི། སྤྱི་ཚོགས་ཀྱི་འགྱུར་བ་དེ་བསམ་གཞིག་གི་གོར་མོ་གཞན་ཞིག་ནས་བལྟས་ན། དེང་རབས་ཅན་གྱི་འཚོ་བའི་སྣང་ཚུལ་ལས་ཐོན་པའི་མི་གཤིས་ཀྱི་ཁ་དོག་གསར་བ་ཞིག་ཡིན་ལ།

      ལྷག་པར་དུ་སྐམ་སའི་གྲོང་ཁྱེར་ཁག་སོ་སོ་ལ་མཚོན་ན་དེང་རབས་ཅན་མཚོན་བྱེད་ཀྱི་སྣེ་གཅིག་གམ། ཡང་ན་དེང་རབས་དང་གནའ་རབས་ཀྱི་འཚོ་བའི་གྲུ་ཟུར་གྱི་ངོས་གཉིས་སུ་གཏོགས་པ་ལྟ་བུ་ཞིག་གོ། །

       དེ་ཡང་དེང་རབས་ཅན་དང་ཆེས་རྒྱང་ཐག་རིང་བའི་ཡུལ་གྲུ་ཞིག་ན། འཚོ་བ་ནི་རང་བྱུང་ཐོན་ཁུངས་ལ་བརྟེན་ཞིང་།  ཟང་ཟིང་གི་གྲོང་ཁྱེར་དང་བར་ཐག་རྟ་ལམ་གྱིས་མི་ཟིན་པའི་ཆེས་སྤྱིར་བཏང་གི་འབྲོག་ཁྱིམ་ཕལ་བ་ཞིག་གི་ནང་དུ། དེང་རབས་ཅན་གྱི་འཚོ་བའི་སྐྱེ་འབྲས་སུ་རྟོག་པའི་གནོན་ཤུགས་མང་པོ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ་སྙམ་དགོས་བྱུང་།

       ལར་རྩྭ་ཐང་གི་མི་ལ་རྩྭ་ཐང་དང་མཐུན་པའི་གནོན་ཤུགས་ཡོད་པ་དང་། འབྲོག་མོ་ལ་འབྲོག་ཁྱིམ་དང་མཐུན་པའི་སྐྱིད་སྡུག་གི་འཚོ་བ་ཞིག་ཡོད་ཆོག  མདོར་ན་རྩྭ་ཐང་གི་སྟེང་ནས་བྱུང་བའི་བཟང་ངན་གྱི་བྱ་བ་གང་ཡིན་རུང་དེ་ལ་རྩྭ་ཐང་གི་གཤིས་ཀ་དང་མཁའ་དབུགས་ཞིག་མ་བྲིས་ན་ལྷན་སྐྱེས་སུ་གནས་ཡོད་ངེས་ཅན་ཡིན་ལ།  དེ་ཉིད་བསྡུས་གཟུགས་ཀྱི་རྣམ་པའི་ཟེར་བའི་སྒྱུ་རྩལ་བརྩམས་ཆོས་གང་ཞིག་གི་ཁྲོད་དུ་བླངས་ཤིང་། བརྙན་མིག་ལས་འཆར་བར་བྱས་ན།   དེང་རབས་ཅན་གྱི་འཚོ་བའི་མཁའ་དབུགས་ཅིག་ཏུ་བསྡུས་པའི་ཤར་ནུབ་ཀྱི་མི་དག་གི་མདུན་དུ་ངོ་མཚར་བ་ཞིག་ཀྱང་ཅི་ལ་མིན།

     འོན་ཏེ་ད་ལན་འདི་རུ་གྲོང་ཁྱེར་གྱི་མཁའ་དབུགས་ཤིག་རྩྭ་ཐང་གི་འབྲོག་མོ་ཞིག་གིས་བསམ་པའི་མཁའ་དབྱིངས་སུ། བཙན་གྱིས་བསྒྲིགས་པའི་སྣང་ཚུལ་དེས་ང་རང་གི་ངོས་ནས་སོམ་ཉིའི་དང་མག་མོག་གི་རྒྱ་རུ་ཚུད་པར་བྱས་སོང་། ངས་ནི་རྒྱུན་པར་འབྲོག་མི་དང་གྲོང་ཁྱེར་གྱི་མི་དག་གི་བསམ་བློའི་འདུ་ཤེས་ཀྱི་ཆ་ནས་ཆེས་བར་ཁྱད་ཅན་གྱི་གནས་ཚུལ་ཞིག་ཀྱང་འདི་ཡིན་པར་སྙམ་གྱིན་ཡོད། འབྲོག་མི་དག་གིས་བྱིས་པ་བཙའ་གསོས་ནི་དེ་འདྲའི་གནོན་ཤུགས་ཤིག་ཏུ་མི་སེམས་ལ། ཐ་ན་ཁྱིམ་དུ་གནས་པའི་བུ་མོ་དག་གིས་ཀྱང་བུ་ཁྲིད་ནས་འགྲོ་བཞིན་པ་འདི་སྣང་ཚུལ་སྤྱིར་བཏང་བ་ཞིག་ཡིན།   དེ་ལྟ་བུའི་བར་ཁྱད་ཅིག་བྱུང་དགོས་པའི་རྒྱུ་མཚན་ནི་སོ་སོའི་འདུ་ཤེས་དང་བསམ་གཞིག་ལ་འབྲེལ་བ་ཡོད་སྲིད་ནའང་གཙོ་བོ་འཚོ་བའི་སྒྲིག་གཞི་མི་འདྲ་བའི་ཡིན་པར་ངེས་སོ། །

       དེས་ན་གློག་བརྙན་དེའི་ནང་དུ་བཞེངས་བསྐྲུན་མི་སྣ་སྒྲོལ་དཀར་ཞེས་པ་འདིའི་གཤིས་ཀ་ནི། འབྲོག་པའི་རྩྭ་ཐང་ལ་དེ་ཙམ་མི་འཚམས་ནའང་། འོན་ཀྱང་ཁོ་མོའི་འཚོ་བ་ཡི་ཐད་ནས་འབྲོག་མོ་དག་དང་ཧ་ཅང་ཉེ་བར་བཅར་ཡོད་ལ།  དེའི་རྒྱུ་མཚན་ནི་མོའི་འཚོ་བའི་འགོ་མཇུག་བར་གསུམ་དུ།  ཕོ་མཆོག་མོ་དམན་གྱི་མཁའ་དབུགས་སོགས་ཟ་ཟུར་གྱི་རྒྱུ་རྐྱེན་མང་པོ་ཞིག་གིས་སོ། ། དེས་ན་གློག་བརྙན་འདིའི་ནང་གི་བུད་མེད་དེ།  བསམ་བློ་གྲོང་ཁྱེར་དང་ཉེ་ཞིང་། འཚོ་བ་འབྲོག་ཐང་གི་བསླད་པའི་ཕྱིར་ན། བོད་ཀྱི་འབྲོག་མོ་དག་དང་ཁོ་མོའི་བར་ཐག་ནི་ཡ་མ་ཟུང་གི་གནས་ཞིག་ཏུ་བསྐྱལ་ཡོད་པར་སྙམ།

       འོན་ཀྱང་མི་སྣ་འདི་གཅིག་པོའི་གཤིས་ཀའི་ཆ་ནས་གློག་བརྙན་སྤྱི་ཡོངས་བོད་དང་རྒྱང་ཐག་རིང་ས་ཞིག་ཏུ་ཡོད་པར་མ་ངེས་པས་ན།  སླར་ཡང་འདི་ནས་ཁོང་དང་ཁོང་གི་གློག་བརྙན་གྱི་ལམ་བུ་ལ།  རྟེན་འབྲེལ་དང་རྒྱབ་སྐྱོར་གྱི་འབོད་ཚིག་ནི་སྙིང་ཐག་པ་ནས་སྒྲོག་པར་བྱའོ། །     

                                   ༢༠༢༠/༡༡/༢༥


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།