གློག་བརྙན«དབུགས་ལྒང»སྐོར་གྱི་ལབ་རྡོལ།

55271-20201117092128400235.jpg

           པད་མ་ཚེ་བརྟན གྱི་གློག་བརྙན« དབུགས་ལྒང »ནི་ཁོང་གི་བརྩམས་ཆོས་སྔ་མ་དག་དང་འདྲ་བར་སྔར་བཞིན་བོད་ཡུལ་ལུང་པ་དང་བོད་མི་ཕལ་པའི་སྐྱིད་སྡུག་དངོས་བྲིས་ཀྱི་རྣམ་པས་བརྙན་མིག་གི་ཟིན་ཐོ་རུ་བཀོད་པ་ཞིག་ཡིན་ཡང་། འདིར་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་ལུགས་དད་མོས་དང་མི་ཆོས་ཀུན་སྤྱོད་ཀྱི་འཆིང་རྒྱའི་འོག་གི་བུད་མེད་ཀྱི་གནས་སྟངས་བརྗོད་པ་ལ་བརྟེན་ནས། མི་ཆོས་རིང་ལུགས་ཀྱི་ཐུགས་ཁུར་གྱིས་བུད་མེད་ཀྱི་དཀའ་གནད་ལ་དོ་ཁུར་དང་བསམ་གཞིག་བགྱི་ཐབས་བྱས་པའི་བརྩམས་ཆོས་ཤིག་ཡིན་པས། ཁོང་གི་བརྩམས་ཆོས་སྔ་མ་དག་དང་བསྡུར་ན་བརྗོད་བྱའི་སྟེང་གི་ཐོད་བརྒལ་ལམ་ཉམས་ཞིབ་གསར་པ་ཞིག་ཡིན་ངེས་ཤིང་། སྤྱི་ཚོགས་དོན་སྙིང་ཡང་ཆེན་པོ་ལྡན་པ་ཞིག་རེད། 

           ཡིན་ཡང་ང་རང་བོད་པ་ཞིག་ཡིན་པ་དང་ནང་སྒོས་སུ་བོད་མོ་ཞིག་ཡིན་པའི་ཆ་ནས་གློག་བརྙན་གང་དེས་རྣམ་པ་དང་ནང་དོན་ཅི་ཆ་ནས་ཡིད་སེམས་འགུགས་མ་ཐུབ་པས་འདིར་རང་གི་མྱོང་ཚོར་ཙམ་བརྗོད་ན།

▎གཅིག  གློག་བརྙན་སྐད་བརྡའི་ཐད་ཀྱི་མཁས་ཉམས།

         གློག་བརྙན་འདི་རུ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་སྔ་མ་དག་གི་ནང་དུ་བོད་ཡུལ་སྣོད་ཀྱི་བཀོད་པ་ཞིབ་འབྲི་བྱེད་སྟངས་ཐད་ཀྱི་ཁེངས་སྐྱུང་གི་རྣམ་པ་དེ་བསྒྱུར་ནས་མཚོན་མདོག་ལྡན་པའི་དབྱར་ལྗོངས་ཤིག་བདམས་འདུག་ལ། ཡུལ་ལྗོངས་ཀྱི་རང་བྱུང་གི་ཚོན་མདངས་ཀྱི་སྟེང་ལ་ད་དུང་གློག་བརྙན་རང་གི་ཚོན་མདོག་ཅིག་བསྣན་ཡོད་པ་ནི། སྔོ་ལྗང་གི་རྩྭ་ཐང་སྟེང་ལ་བད་བཞག་འདྲའི་སྐྱ་མདོག་གི་ཆ་ཅིག་འདྲེས་པས། སྔོ་ཞིང་སྐྱ་བའི་སྟེང་ལ་གྲང་ཤུར་ཤུར་གྱི་སྣང་བ་ཞིག་སྟེར་ལ། སྣུམ་ཚོན་རི་མོ་ལྟ་བུའི་མཐོང་རེག་གི་ཆ་ཡང་ལྡན་པའི་གློག་བརྙན་གྱི་དབྱིབས་བཟོའི་སྒྱུ་རྩལ་གྱི་སྣང་བརྙན་ཐུན་མོང་མ་ཡིན་པ་ཞིག་བཞེངས་པ་བརྒྱུད།  གློག་བརྙན་གྱི་བརྗོད་བྱའི་ནང་དོན་འབུར་དུ་བཏོད་འདུག

         གཞན་ཡང་ཡམ་ཡོམ་གྱི་ལག་འཁྱེར་བརྙན་མིག་གི་གཡོ་སྐྱོམ་ལས་ཡུལ་དངོས་ཀྱི་ཚོར་བ་དང་མི་སྣའི་ནང་སེམས་ཀྱི་དངངས་འཚབ་ཚོར་ཐུབ་ལ། མེ་ལོང་བརྙན་གཟུགས་དང་ཆུ་ངོས་ལྡོག་འཆར། བཀྲག་མདངས་སྣ་ཚོགས་ཀྱི་འོད། ད་དུང་དངོས་ཡོད་ལས་འདས་པའི་རྨི་ལམ་གྱི་ལྗོངས་སོགས་མཐོང་ཚོར་གྱི་སྟེང་ནས་གློག་བརྙན་གྱི་དངོས་བྲིས་ཀྱི་ཁྱད་ཆོས་སྟེང་ལ་སྒྱུ་མའི་ཁམས་ཤིག་ཀྱང་བསྐྲུན་ཐབས་བྱས་ཏེ་གང་ཐུབ་ཀྱིས་གློག་བརྙན་ཧྲིལ་པོ་སྙན་ངག་རང་བཞིན་གྱི་གཞི་སྒྲོམ་ཞིག་ཏུ་བཅུག་འདུག

     ཀ་བ་དང་སྒེའུ་ཁུང་ལ་སོགས་ཀྱིས་བར་སྟོང་གཅིག་ཏུ་མཉམ་དུ་གནས་པའི་མི་སྣའི་བར་བཅད་པའི་གྲུབ་རིས་མང་དུ་བྱུང་བ་ལས། མི་སྣའི་བར་གྱི་འབྲེལ་བ་ཤུགས་སུ་སྟོན་གྱིན་ཡོད་པ་དང་། ཆུ་ངོས་ཀྱི་ལྡོག་གཟུགས་ཀྱི་བར་བཅད་གྲུབ་རིས་ལས་འཇིག་རྟེན་འདི་ཕྱི་མཚོན་པའི་ངོ་མཚར་གྱི་མཚོན་ཐབས། ད་དུང་སྲོལ་རྒྱུན་འདུ་ཤེས་དང་དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་ལྟ་སྟངས་ཐད་ཀྱི་བསྡུར་བ་དང་།  མི་དང་ལུག་གི་སྐྱེ་འཕེལ་སྟེང་གི་མཚུངས་ཆོས།  དབུགས་ལྒང་དཀར་དམར་གྱི་ཡིད་བརྙན། སྒྲོལ་དཀར་དང་བྱང་ཆུབ་སྒྲོལ་མའི་མི་སྣའི་དོན་བརྗོད་སྒྲིག་གཞི་ལ་སོགས་གཉིས་གཉིས་འགལ་ཟླའམ་ལྟོས་ཟླའི་རྣམ་པའི་དོན་བརྗོད་ལག་ཐབས་ལ་སོགས་གློག་བརྙན་སྐད་བརྡའི་རྩལ་ཡོངས་སུ་སྤྲུགས་འདུག

       ཡིན་ཡང་། གློག་བརྙན་སྐད་བརྡའི་ཚིག་རྒྱན་མང་དུ་བཀོལ་བ་ལས་ཀྱང་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ཡོད་པ་ནི། གློག་བརྙན་གྱི་རྣམ་པ་ནང་དོན་ལས་ཆེ་བ་དང་། དོན་ལས་ཚེགས་ལྕི་བར་གྱུར་པ་དང་། ཤུགས་བཀོལ་རྒྱུ་མང་དྲགས་ནས་ཤུགས་བསྟན་དངོས་བསྟན་དུ་གྱུར་པའི་གནས་ཚུལ་ཀྱང་འདུག དཔེར་ན། དར་རྒྱས་དང་ཁྲོམ་བར་གྱི་མཚུངས་ཆོས་ཀྱི་གབ་དཔེ་དེ་ནི་མ་གཞི་ཧ་ཅང་སྟབས་འཁེལ་དང་འོས་འཚམ་ཞིག་ཡིན་རུང་། ལྟད་མོ་བས་ཧ་མི་གོ་བར་དོགས་ནས་ཡང་དང་ཡང་དུ་ནན་བཤད་བྱས་པ་དང་། ཐ་ན་མི་སྣའི་འཁྲབ་ཚིག་ལས་དངོས་སུ་བཤད་བྱུང་བ་ནི་གཏོར་བཤིག་ཚབས་ཆེན་ཞིག་ཏུ་མཐོང་། དེ་འདྲའི་གནད་དོན་འདི་གཅིག་པུ་མ་ཡིན་པར“དབུགས་ལྒང”གི་སྟེང་ནའང་ཡོད་དེ། དབུགས་ལྒང་དབུགས་ལྒང་ཞེས་འཁྲབ་ཚིག་གི་གཙོ་གནད་དུ་གྱུར་ཀྱང་། གློག་བརྙན་གང་དེའི་མིང་འདོགས་སྟངས་དང་འགོ་རྩོམ་སྟངས།  མཇུག་བསྡུ་སྟངས། གཞུང་དངོས་བཅས་ཐོག་མཐའ་བར་གསུམ་དུ་དབུགས་ལྒང་ཞེས་པའི་གླེང་གཞི་དང་བྲལ་མ་མྱོང་བ་དང་། ཚད་ལས་བརྒལ་བའི་གླེང་གཞི་རུ་གྱུར་པ་ལས།  ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ཡོད་པ་ནི། བརྗོད་བྱ་སྔོན་དུ་ཤོར་བའི་དོགས་གཞི་ཧ་ཅང་ཆེ། གློག་བརྙན་གྱི་འཁྲབ་ཚིག་དང་། མི་སྣ། བྱུང་རིམ་ལ་སོགས་པ་བརྗོད་བྱ་གང་དེའི་དགོས་མཁོ་འབའ་ཞིག་གི་ཆེད་དུ་བཙན་གྱིས་སྦྱར་བ་ལས། འཚོ་བ་དངོས་ལས་རང་བཞིན་དུ་བྱུང་འདྲའི་རང་བྱུང་ལྷུན་ཆགས་ཀྱི་སྣང་བ་སྟེར་མི་ཐུབ་པ་དེའོ། །

10541-20201016110231325207.jpg

▍གཉིས། བརྗོད་བྱའི་སྟེང་གི་འགལ་བ།

      “དབུགས་ལྒང་དཀར་པོ”ཞིག་གི་མཐོང་ལམ་སྟེ་ཧ་ཅང་རྒྱུན་ལྡན་མ་ཡིན་པའི་བརྙན་མིག་ཅིག་གིས་གློག་བརྙན«དབུགས་ལྒང»གི་འགོ་བརྩམས་པ་དང་བརྗོད་བྱ་ལ་ཐད་ཀར་འཇུག་པར་བྱས་སོང་། བརྗོད་བྱ་དེ་དང་འབྲེལ་ནས་ཤུགས་བསྟན་དངོས་བསྟན་གང་རུང་ནས་བོད་ཀྱི་འཚོ་བ་དང་བོད་ཀྱི་རིག་གནས་སྣང་ཚུལ་རབ་དང་རིམ་པ་ཞིག་མཚོན་ཐབས་བྱས་འདུག  ལྷག་པར་དུ་ཡིད་བརྙན་ཆེས་གཙོ་བོར་གྱུར་པའི་དབུགས་ལྒང་དཀར་དམར་གཉིས་ཀྱི་སྔ་གཞུག་གི་གར་སྟེགས་སུ་འབུད་སྟངས་དང་། དབུགས་ལྒང་དམར་པོས་བུད་མེད་ཀྱི་མངལ་དང་ཚེ་སྲོག་མཚོན་པའི་ཤུགས་བསྟན་ཡང་དེ་འདྲའི་འཆར་སྣང་གིས་ཕྱུག་ཅིང་གནད་དུ་འཁེལ་བ་ཞིག་རེད།

            བྱིས་པའི་མིག་ནང་དུ་དབུགས་ལྒང་ནི་རྩེད་ཆས་དང་། རྒན་པའི་མིག་ནང་དུ་དབུགས་ལྒང་ནི་དགོས་མེད་ཅིག དར་མའི་མིག་ནང་དུ་དབུགས་ལྒང་ནི་ཉེར་མཁོ་ཞིག་སྟེ། མི་རབས་སོ་སོར་མི་རབས་སོ་སོའི་ཐད་ཀྱི་དབུགས་ལྒང་གི་རིན་ཐང་རེ་ཡོད་པ་གློག་བརྙན་དུ་ཧ་ཅང་དགོད་བྲོ་བ་དང་བསྟན་བཤིག་ཚ་པོས་མཚོན་ཡོད་པ་ནི་འཁྲབ་གཞུང་སྟེང་གི་ལེགས་པའི་ཆ་ཞིག་རེད།

        ཡིན་ཡང་ང་ཚོས་དབུགས་ལྒང་དམར་པོས་ཚེ་སྲོག་མཚོན་ཟེར་བ་དང་ཚེ་སྲོག་གི་ཆེ་བ་བརྗོད་པའི་དུས་མཉམ་དུ། འདི་རུ་དོན་དངོས་ཐོག་ཚེ་སྲོག་གི་རྒྱུན་འགོག་བཞིན་ཡོད་པ་དང་། མཐའ་ན་རྨེག་མེད་བཟོ་བཞིན་ཡོད་པ་ཤེས་དགོས་པ་རེད།

         རྒྱུན་ལྡན་ང་ཚོའི་འཚོ་བའི་ནང་འབྱུང་དཀའ་བའི་དོན་དག་ཅིག་གློག་བརྙན་ནང་གི་དར་རྒྱས་ཚང་ལ་བྱུང་བ་སྟེ། མ་རྒན་གྱི་རྣམ་ཤེས་ཕྱིར་རང་ཁྱིམ་ལ་སྐྱེས་ཡོད་(བུ་ཆེ་བ)ལ། འདས་ནས་ཅུང་མ་འགོར་བའི་ཕ་རྒན་གྱི་རྣམ་ཤེས་ཀྱང་བླ་མས་ཕྱིར་རང་ཁྱིམ་ལ་འཁོར་བའི་ལུང་བསྟན་རྗེས། སྒྲོལ་དཀར་ལ་མངལ་ཆགས་ཡོད་པ་ཤེས། དངོས་གནས་ལོ་བརྒྱར་འཕྲད་དཀའ་བའི་དོན་དག་ཅིག་ཡིན་ཡང་། གློག་བརྙན་ནི་དངོས་ཡོད་འཚོ་བ་མིན་པས་འདི་འདྲའི་བཀོད་སྒྲིག་ནི་མི་ཆོག་པ་ཞིག་མ་ཡིན་མོད། མི་རིགས་གཞན་པས་བལྟས་ན་བོད་ཡུལ་དུ་རྣམ་ཤེས(转世)ཐ་ར་ར་བྱེད་ཀྱིན་པར་འདོད་པའི་ཉེན་ཁ་ཞིག་ཞོར་དུ་དྲུད་འདུག་སྙམ།

          དེ་ལས་ཀྱང་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ། རྣམ་ཤེས་དེ་ནི་ཁྱིམ་ཚང་གི་བསོད་ནམས་དང་གཟི་བརྗིད་ཅིག་ཏུ་མ་གྱུར་པར་གློག་བརྙན་གྱི་འགལ་ཟླ་གཙོ་བོ་རུ་གྱུར། སྒྲོལ་དཀར་གྱིས་བླ་མའི་ལུང་བསྟན་དང་ཨ་མྱེས་ཀྱི་རྣམ་ཤེས། དར་རྒྱས་དང་བུ་ཆེ་བ། ད་དུང་ཨ་ནེ་བྱང་ཆུབ་སྒྲོལ་མའི་རེ་བ་སོགས་སྲོལ་རྒྱུན་གྱི་ལྟ་བའི་མདུན་དུ། གདམ་ག་ཅི་འདྲ་བྱེད་པ་ནི་འཁྲབ་གཞུང་སྟེང་ནས་ཟློས་གར་འགལ་ཟླ་ཧ་ཅང་ལེགས་པོ་ཞིག་ཏུ་བཟོས་ཆོག་མོད། ཡིད་ཕངས་པ་ཞིག་ལ་གློག་བརྙན་ཁྲོད་དུ་འགལ་ཟླ་བསླངས་རྗེས། འགལ་བ་དེ་རྣོ་ངར་ཅན་དང་ཛ་དྲག་ཅན་དུ་བསྒྱུར་མ་ཐུབ་ལ། དེ་ལ་དེ་མཚམས་ཀྱི་བྱུང་རིམ་ཤུགས་དང་ལྡན་པ་ཞིག་སྦྱར་མ་ཐུབ་པ་སྟེ། སྒྲོལ་དཀར་གྱི་ནང་སེམས་ཀྱི་འཕག་འཚག་སྐོར་ནས་ཞིབ་འབྲི་བྱས་པ་མི་འདང་བར། མོའི་གདམ་ག་ཡོད་ཚད་ལས་སླ་མོས་ཐག་གཅོད་བྱས་པ་ལྟ་བུར་གྱུར་པས། སྒྲོལ་དཀར་ནི་རང་ཤེད་ཚ་བ་དང་སྒེར་སེམས་ཆེ་བའི་སྟེང་། ཆོས་དང་འཇིག་རྟེན་གཉི་གར་མི་མཐུན་པའི་བྱ་སྤྱོད་ཅན་ཞིག་ཏུ་གྱུར་པར་བྱས་པས། ཕྱོགས་གཞན་ཞིག་ནས་རྣམ་དཔྱོད་མ་སྨིན་པའི་ན་གཞོན་ལྟད་མོ་བ་དག་ལ་མཚོན་ན་རྣམ་པ་གཞན་ཞིག་གི་སྟེང་ནས་མངལ་འདོར་ལུགས་མཐུན་ཅན་དུ་བསྒྱུར་འགྲོ་བའི་ཉེན་ཁ་ཆེ་བར་སྙམ། ང་ཚོ་ཀུན་སྤྱོད་ཀྱི་མཐོ་ས་ནས་འགྲེངས་ཏེ་དགེ་སྡིག་གི་ལས་དང་སྦྲུམ་བུའི་ཚེ་སྲོག་གི་ཐོབ་ཐང་ལ་བརྩི་འཇོག་ཡོད་མེད་མ་གླེང་ན་ཆོག་མོད། གང་འདོད་དུ་མངལ་འདོར་བ་ལས་བུད་མེད་རང་སྟེང་གི་བདེ་ཐང་ལ་ཐེབས་སྲིད་པའི་ཤུགས་རྐྱེན་ལ་སྣང་མེད་བྱ་ཐབས་མེད་དེ། འདི་ནི་ད་གཟོད་བུད་མེད་ལ་ཐུགས་ཁུར་བྱེད་པའི་གོམ་པ་དང་པོ་དེའོ། །

1608800466113350.jpg

▍གསུམ། མི་སྣ་བཞེངས་བསྐྲུན་གྱི་འགལ་འཛོལ།

          མི་སྣའི་བྱ་སྤྱོད་གཏན་ཚིགས་ལས་འགལ་བ་སྟེ། མི་སྣ་དང་བྱ་སྤྱོད་ཁ་ཁར་སོང་ཡོད་པ་རེད། གློག་བརྙན་ནང་དུ་ཞིབ་ཕྲ་མང་པོ་ཞིག་གི་སྟེང་ནས་སྒྲོལ་དཀར་གྱི་མི་སྣ་དེ་ནི་ངོ་ཚ་ཡོད་པ་དང་བག་ཡོད་ཞི་འཇམ་ཅན།  མགོ་ནང་སྒུར་གྱིས་ལས་ལ་བརྩོན་ཞིང་དོན་དག་ཆེ་མ་ཆུང་གསུམ་ལ་རང་གི་བསམ་ཚུལ་མང་པོ་མེད་པར་ཡོད་ཚད་སྐྱེས་པའི་ཁ་ལ་ཉན་བཞིན་པའི་སྲོལ་རྒྱུན་འདུ་ཤེས་ཀྱི་བག་ཆགས་ཆེས་ཟབ་མོ་ལྡན་པའི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་ཞིབ་འབྲི་བྱས་ཡོད་ལ། སྐྱེས་པའི་འདོད་བློ་དང་འདོད་སྲེད་ཡོད་ཚད་སྐོང་གི་ཡོད་པ་མ་ཟད། དེ་ནི་མ་འདོད་པར་བཙན་གྱིས་བྱས་པའམ་གཉའ་ནས་མནན་པ་ཞིག་མ་ཡིན་པར་མོ་རང་སྟེང་ནས་འཐད་ཅིང་ཁས་ལེན་པའི་བྱ་སྤྱོད་ཅིག་སྟེ། དར་རྒྱས་ཀྱིས་ཁྲོམ་རྒན་ཁྱེར་ཡོང་དུས་མོའི་གདོང་གི་འཚེར་སྣང་དང་གཟི་བརྗིད་ཀྱི་ཉམས་འདྲེས་མ་ཞིག་གིས་ཡོད་ཚད་གསལ་བཤད་བྱས་ཡོད།  མོས་མངལ་འདོར་འདོད་ཀྱི་བསམ་ཚུལ་དང་བྱ་སྤྱོད་དེ་ནི་མི་སྣའི་གཤིས་ཀ་དང་ཡོངས་སུ་འགལ་བར་གྱུར་ལ། མོ་རང་གི་རིན་ཐང་ལྟ་བའི་ཁྱབ་ཁོངས་དེ་ལས་འགོངས་པར་གྱུར་པ་རེད། མོ་ལ་གློ་བུར་དུ་དེ་འདྲའི་འགྱུར་ལྡོག་བྱུང་རྐྱེན་ཞིག་ཡེ་ནས་མེད་དེ། འཆར་ལྡན་བུ་སྐྱེའི་དངུལ་ཆད་ཀྱི་ཆེད་དུ་སྲོག་ཅིག་འདོར་བ་ནི་བོད་པ་ཞིག་ལ་མཚོན་ན་དཔེ་མི་སྲིད་ལ། ཁྱིམ་ཚང་གི་དཔལ་འབྱོར་ཞན་ཟེར་ན། དར་རྒྱས་བཟའ་ཟླ་གཉིས་ལ་རང་རང་ས་རུ་སྦག་སྦག་ཞོན་རྒྱུ་འདུག འདི་ནི་ལོ་རབས་བརྒྱད་ཅུ་པའི་ནང་ཡིན་པ་ཤེས་དགོས། བུ་བཞི་ཡི་སློབ་གསོའི་འགྲོ་གྲོན་ཆེ་བས་ཡིན་ཟེར་ན། འབྲོག་པ་ཚོར་མཚོན་ན་བུ་ཕྲུག་ཡོད་ཚད་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པ་ཞིག་ཀྱང་མ་རེད་དེ། དེ་དུས་ད་དུང་འོས་འགན་སློབ་གསོ་ཁྱབ་གདལ་དུ་སོང་མེད་པ་རེད། དེ་བས་འཁྲབ་ཁྲིད་པས་གྲོང་ཁྱེར་བའི་བསམ་གཞིག་ཁྱེར་ཡོང་སྟེ་འབྲོག་མོ་ཞིག་གི་སྟེང་ལ་ར་མགོ་ལུག་སྦྱར་བྱས་ཡོད་པ་ནི་མངོན་གསལ་རེད། སྒྲོལ་དཀར་མོ་རང་ཡང་གཏམ་རྒྱུད་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བྱེད་ཀྱི་ལག་ཆ་ཙམ་དུ་གྱུར་པ་སྟེ། གློག་བརྙན་གྱི་ཟློས་གར་འགལ་ཟླ་དེའི་ཆེད་དུ་གཏན་འཁེལ་ལྟར་འགུལ་སྐྱོད་བྱེད་པ་ལས། མི་སྣའི་བྱ་སྤྱོད་ལ་ནང་གནས་གཏན་ཚིགས་ཀྱིས་དབེན་ཞིང་། སྔ་མར་བཞེངས་སྐྲུན་བྱས་པའི་གཤིས་ཀ་དང་ཕྱི་མའི་བྱ་སྤྱོད་བར་བར་ཁྱད་ཆེ་དྲགས་པས། མི་སྣ་དེ་འཚོ་བ་དངོས་ལས་བྱུང་བ་འདྲ་བའི་གསོན་ཉམས་མེད་པ་དང་། མི་སྣའི་བྱ་སྤྱོད་ལ་ཡིད་ཆེས་ཐབས་བྲལ་ཅིང་། མི་སེམས་འགུགས་ཤུགས་དེ་ལས་ཀྱང་མེད་པར་གྱུར་པ་རེད།                                   

        གཞན་ཡང་ཨ་མྱེས་དང་སྒྲོལ་དཀར་གྱི་ནུ་མོ་ཨ་ནེ་བྱང་ཆུང་སྒྲོལ་མ་གཉིས་ནི་མི་སྣའི་བརྩེ་དུང་གི་དགོས་དབང་མ་ཡིན་པར། ཡོ་བྱད་ཅན་གྱི་མི་སྣ་རུ་གྱུར་ཡོད་པ་སྟེ། ཨ་མྱེས་སྲ་ཐོག་རྡོ་ཐོག་ཏུ་ཡོད་དུས་གློ་བར་དུ་ཚེ་ལས་འདས་པ་ནི་མི་རྟག་པའི་རང་བཞིན་སྟོན་པ་མ་ཡིན་པར། མི་སྣ་དེ་ཡོ་བྱད་ཅིག་ཡིན་པའི་ཆ་ནས་དེའི་བྱེད་ནུས་སམ་རིན་ཐང་དེ་འདོན་པའི་ཆེད་དེ། ཨ་མྱེས་ཀྱི་འཆི་བ་ལས་སྐྱེ་བ་སྔ་ཕྱི་ཡི་ལྟ་བ་མཚོན་ཕྱིར་རེད། དེ་ནི་མི་སྣ་དེ་ཡི་བྱེད་ནུས་གཙོ་བོ་དང་ཇུས་འགོད་ཀྱི་དམིགས་ཡུལ་རེད། ཨ་ནེ་བྱང་ཆུང་སྒྲོལ་མ་ནི་སྒྲོལ་དཀར་གྱི་ནུ་མོ་ཡིན་ཞིང་། ཁོ་མོའི་གཏམ་རྒྱུད་ཀྱི་ཐིག་དེ་ནི་བུད་མེད་ཀྱི་རང་དབང་མཚོན་པ་མ་ཡིན་པར། ཟུར་གཞན་ཞིག་ནས་བུད་མེད་ཀྱི་གནས་སྟངས་སམ་དཀའ་སྡུག་ཤུགས་དྲག་ཏུ་བཏང་ཡོད་པ་སྟེ། བྱང་ཆུང་སྒྲོལ་མ་ཡང་སྐྱེས་པ་ཞིག་གིས་སྡུག་ལ་སྦྱར་རྗེས་རབ་ཏུ་བྱུང་བ་ཡིན་པའི་ཤུགས་སུ། ཁྱིམ་པ་དང་ཁྱིམ་ནས་བུད་པའི་བུད་མེད་ཡོད་ཚད་གཅིག་མཐུན་གྱི་དཀའ་སྡུག་ལ་འཕྲད་མྱོང་བའམ་འཕྲད་བཞིན་ཡོད་པའི་གཅིག་མཐུན་གྱི་སྐྱོ་གར་རང་བཞིན་གྱི་ལས་དབང་མཚོན་གྱི་ཡོད་ལ། སྒྲོལ་དཀར་གྱི་སྟེང་དུ་བྱང་ཆུང་སྒྲོལ་མའི་སྔར་གྱི་གྲིབ་གཟུགས་མཐོང་ལ། བྱང་ཆུང་སྒྲོལ་མ་ནི་སྒྲོལ་དཀར་གྱི་མཐར་ཐུག་གི་འགྲོ་ལམ་དུའང་འགྱུར་སྲིད།   དེ་བས་བྱང་ཆུབ་སྒྲོལ་མའི་མི་སྣ་དེ་ཡིས་སྒྲོལ་དཀར་གྱི་མི་སྣ་དེ་ལ་ཞབས་འདེགས་ཞུ་གི་ཡོད་པ་རེད། 

1608800506669832.png

▌བཞི། བུད་མེད་ཀྱི་དཀའ་གནས།

           གོང་དུ་བཤད་ཟིན་པ་བཞིན་སྒྲོལ་དཀར་གྱི་མི་སྣ་དེ་ཞིབ་འབྲིའི་ཐད་ནས་ཤུགས་ཚད་ཀྱིས་མ་ལོངས་པ་དང་མི་སྣའི་བྱ་སྤྱོད་ཀྱི་ཐད་ནས་ཅུང་ཙམ་ཐལ་དྲགས་པའི་རྐྱེན་གྱིས། དད་པ་དང་དངོས་ཡོད་གཉིས་བར་གདམ་ག་བྱེད་དཀའ་བའི་ཚད་ལ་བཤུ་གཞོག་ཚབས་ཆེན་བཟོས་ཏེ། བཤད་འདོད་པའི་བུད་མེད་ཀྱི་དཀའ་གནས་སྤྱི་ཡོངས་ནས་ཉམས་ཞན་དུ་བཏང་འདུག

        བུད་མེད་ཀྱི་དཀའ་གནས་ཐད་ནས་འཛམ་གླིང་དུ་སྐད་གྲགས་ཆེ་བའི་དབྱི་རག་གི་འཁྲབ་ཁྲིད་པ་དང་ཨ་སག་ཧྭ.ཧྥར་ཧྭ་ཏི་ཡི་གློག་བརྙན་ནི་ཧ་ཅང་གིས་མི་སེམས་སྒུལ་ཐུབ་པ་ཞིག་སྟེ།  ཁོང་གི་གློག་བརྙན«ཁ་བྲལ་ཐེངས་གཅིག»(一次别离)དང་«དབྱི་ལིའི་སྐོར»(关于伊丽)གཉིས་ནི་ཐུན་མོང་མ་ཡིན་པའི་ཆོས་དད་དང་ཅུང་ཛ་དྲག་གི་བུད་མེད་གནས་སྟངས་འོག བུད་མེད་ཀྱིས་དད་པ་དང་དངོས་ཡོད་བར་ནས་ལག་པའི་ཕྱི་ནང་ཤ་ལྟར་གྱི་གདམ་ག་བྱེད་དཀའ་བའི་གཉིས་དཀའི་དཀའ་གནས་བརྗོད་པ་ལ་བརྟེན་འཛམ་གླིང་དུ་སྐད་གྲགས་ཆོད་པ་དང་། མི་རིགས་དང་རིག་གནས་མི་གཅིག་རུང་། ཁོང་གི་བརྩམས་ཆོས་ཀྱིས་མི་རྣམས་ཀྱི་ཡིད་ཀྱི་དང་བ་རབ་ཏུ་འདྲེན་ཞིང་མི་སྣའི་དཀའ་གནས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཐུབ་པའི་རྒྱུ་མཚན་ཡང་། དངོས་ཡོད་ཀྱི་བསླུ་བྲིད་དང་ཆོས་དད་ཀྱི་འཆིང་རྒྱའི་བར་ནས་མི་སྣའི་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་དང་། ནང་སེམས་ཀྱི་འཕག་འཚག་དང་གཡོ་འགུལ་སོགས་མི་གཤིས་ཀྱི་ངོས་མང་པོ་འཁྲིགས་པའི་ཚུལ་ཞིབ་མོར་བྲིས་ཤིང་འུད་ཀྱིས་བརྗོད་པའི་མཐར། དད་པ་ནི་མི་སེམས་ཡར་ལ་ཕྱོགས་པའི་སྙིང་སྟོབས་སུ་གྱུར་པས། མི་རྣམས་ལ་རེ་བ་དང་དྲང་ཕྱོགས་ཀྱི་སྟོབས་ཤུགས་བསྩལ་འོང་། ཡིན་ཡང«དབུགས་ལྒང»ནི་དེ་དང་ལྡོག་ཕྱོགས་སུ་སོང་བས། གློག་བརྙན་གྱིས་མ་གཞི་བསྟན་འདོད་པ་ཞིག་གསལ་པོར་སྟོན་མ་ཐུབ་ལ་བོད་ཀྱི་བུད་མེད་དག་དངོས་སུ་འཕྲད་ཀྱིན་པའི་དཀའ་གནད་ཀྱང་དེ་བས་བརྗོད་མ་ཐུབ་པར། ཏག་ཏག་ཕྱི་རོལ་མི་ཡིས་བོད་ཁམས་ལ་བཅངས་པའི་རྟོག་བཏགས་ཀྱི་འཇིག་རྟེན་དེ་དང་བསྟུན་ཅིང་། ཁོ་ཚོའི་རྟོག་བཏགས་ལྟར་བོད་ཁམས་འགྲེལ་བརྗོད་བྱེད་སྤྱད་ཀྱི་ལག་ཆ་རུ་གྱུར་པ་སྟེ། ལྷ་དབང(神权—བླ་མའི་ལུང་བསྟན་)དང་། ཕ་དབང(父权—ཨ་མྱེས། ) ཕོ་དབང་(男权— དར་རྒྱས་དང་བུ་ཆེ་བ་)བཅས་དེང་རབས་རིག་གནས་ཁྲོད་གདོད་མའི་ནག་ཉེས་ཅན་ཏེ—གཉའ་གནོན་མཁན་གྱི་ཚབ་ཚིག་ཏུ་གྱུར་པའི་སྐྱེས་པ་དག་བེད་སྤྱད་དེ།  བོད་ཀྱི་བུད་མེད་ཀྱི་ཉམ་ངའི་གནས་བབ་བརྗོད་ཡོད་པ་སྟེ། སྒྲོལ་དཀར་གྱི་ལས་དབང་ནི་དེ་འདྲའི་རིག་གནས་ཁོར་ཡུག་གིས་བསྐྲུན་པའི་སྐྱོ་གར་གྱི་འབྲས་བུར་འདོད་ཅིང་། མོ་ནི་ཁོར་ཡུག་དེའི་གླུད་རྫས་སུ་གྱུར་པར་སྙིང་རྗེའི་ངང་ཚུལ་སྟོན་པའི་མཚུངས་སུ། རིག་གནས་དང་ཆོས་དད་ལ་དོགས་འདྲི་དང་། མོ་རང་གནས་སའི་སྤྱི་ཚོགས་དེའི་འདྲ་མཉམ་དང་དྲང་གཞག་མིན་པ་ལ་སྐྱོན་བརྗོད་དང་སུན་འབྱིན་བྱེད་ཀྱི་ཡོད་པས། བལྟས་ཚོད་དུ་དེང་སང་ཚང་མ་གླེང་བར་སྤྲོ་བའི་“ཡོངས་ཁྱབ་ཀྱི་རིན་ཐང་”ཞིག་བསྐྲུན་ཡོད་པའམ་ཡང་ན་ཆབ་སྲིད་ཡང་དག་གི་ལྟ་བ་ཅིག་ཡིན་ཡང་། ཚེ་སྲོག་དང་དལ་རྟེན་མི་ལུས་ལ་བརྩི་འཇོག་བྱེད་པ་ནི་ནང་ཆོས་ཁོ་ནའི་ལྟ་བ་ཙམ་མ་ཡིན་པར། མ་གཞི་ནས་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་མ་ཡིན་ནམ། གློག་བརྙན་དུ་སྒྲོལ་དཀར་གྱི་གནས་སྟངས་བརྒྱུད་ནས་མི་རིགས་ཤིག་གི་རུས་པའི་རྐང་ལ་ཟུག་ཅིང་ཁྲག་གི་རྒྱུན་ལ་འདྲེས་པའི་རིག་གནས་ཀྱི་ནང་སྙིང་དང་འཇིག་རྟེན་ལྟ་བའི་གཞི་རྐང་། ཀུན་སྤྱོད་ཀྱི་རྟེན་གཞི་སྟེ་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ལ་འགྲེལ་ལོག་བྱས་པ་བརྒྱུད་བོད་མིའི་བརྩེ་དུང་ལ་ཕོག་ཐུག་ཅིག་བཟོས་ཡོད་པར་དོགས་པས་ན། བོད་ཀྱི་ལྟད་མོ་བའི་ནང་དུ་“གློག་བརྙན་དབུགས་ལྒང་གིས་སངས་རྒྱས་བཀྲོངས་སོང་”ཟེར་མཁན་ཀྱང་བྱུང་བ་རེད། ཞིབ་ཏུ་བསམ་ན་དེ་ནི་འཁྲབ་ཁྲིད་པས་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་འབྲེལ་ཐད་དུ་རིག་གནས་འདྲེས་མའི་སྐད་ཁོངས(跨文化语境)ལེགས་པར་སྤྱོད་མ་ཐུབ་པའི་ཕམ་ཉེས་ཤིག་ཏུའང་འདོད།

37316-p2567900120.jpg

▌ལྔ། ཞིབ་ཆའི་གནད་དོན་འགའ།

        པདྨ་ཚེ་བརྟན་གྱི་ད་སྔའི་གློག་བརྙན་བརྩམས་ཆོས་ཡོད་ཚད་ནི་བོད་མིའི་འཚོ་བ་བརྗོད་བྱར་བཟུང་ཞིང་བོད་སྐད་ཀྱི་སྟེང་ནས་འཁྲབ་སྟོན་བྱས་པའི་བོད་ཀྱི་རིག་གནས་ལ་གཞི་བཅོལ་བ་དང་འཛམ་གླིང་ལ་ཁ་ཕྱོགས་པའི་གསར་རྩོམ་གྱི་ལམ་བུ་ཞིག་ཡིན་པར་མ་ཟད། བོད་ཀྱི་གློག་བརྙན་དེ་འཛམ་གླིང་གི་གློག་བརྙན་ཁྲོད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་མངོན་སྟངས་ཤིག་ཡིན་ལ། མི་རིགས་རང་གི་རིག་གནས་བློ་སྤོབས་དང་གདེང་ཚོད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན་པས། རིག་གནས་དང་སྒྱུ་རྩལ་གང་ཐད་ནས་བལྟས་ན་རིན་ཐང་བླ་ན་མེད་པ་ལྡན། 

        གློག་བརྙན་དབུགས་ལྒང་ཡང་དེ་ལས་མ་འདས་པར་མི་སྣའི་ཁ་བརྡ་ཡོད་ཚད་བོད་སྐད་རེད། ཡིན་ཡང་བོད་མི་ལྟད་མོ་བ་ཞིག་གི་ངོས་ནས་བཤད་ན་ཐེངས་འདིའི་བོད་སྐད་ནི་གློག་བརྙན་ཁྲོད་ཀྱི་གོད་ཆག་རང་བཞིན་གྱི་གནད་དོན་ཞིག་ཏུ་ཆགས་ཡོད་དེ། གློག་བརྙན་ནང་གི་མི་སྣ་དག་གིས་རང་རང་ས་ནས་ཁ་སྐད་མི་འདྲ་བ་རེ་ལབ་ཀྱིན་འདུག་ལ། དེ་ལས་ཀྱང་འཇིགས་སུ་རུང་བ་ནི་ཁྱིམ་ཚང་གཅིག་གི་ནང་དུ་རོང་སྐད་དང་འབྲོག་སྐད་མི་འདྲ་བ་བཤད་ཀྱི་ཡོད་པ་དེ་རེད། སྐད་ནི་གློག་བརྙན་གྱི་མཐོང་ཐོས་སྒྱུ་རྩལ་གྱི་རྣམ་པ་ཆེས་གཙོ་བོ་ཞིག་ཡིན་པས་ན། དེས་གློག་བརྙན་ཁྲོད་དུ་ཐོན་པའི་ནུས་པ་ནི་ཤིན་ཏུ་གལ་ཆེ་བ་སྟེ། གསོན་ཉམས་ལྡན་པའི་བརྙན་གཟུགས་ཀྱི་འཇིག་རྟེན་བསྐྲུན་པར་རམ་འདེགས་བྱེད་ཀྱི་ཡོད་པར་མ་ཟད། གློག་བརྙན་གྱི་དོན་བརྗོད་རྣམ་པའི་ཆ་ཤས་ཤིག་ཀྱང་ཡིན་ལ།  མི་སྣའི་གཤིས་ཀ་བཞེངས་སྐྲུན་གྱི་ཐབས་ལམ་གཙོ་བོ་ཞིག་རེད། མི་སྣའི་སྐད་ཆ་ལས་ཆ་འཕྲིན་མང་པོ་ཞིག་བརྒྱུད་སྒྲོག་བྱེད་ཀྱི་ཡོད་དེ། མི་སྣའི་ཐོབ་ཐང་དང་གཤིས་ཀ མི་སྣའི་བསམ་བློ་དང་བརྩེ་དུང་། མི་སྣའི་ལས་དབང་སོགས་མཚོན་གྱི་ཡོད་པ་རེད།  དེར་མ་ཟད་མི་སྣའི་སྐད་ཆའི་ཤོད་སྟངས་དང་། སྐད་གདངས། སྐད་ཀྱི་ཆེ་ཆུང་དང་དལ་མགྱོགས་ཚང་མ་ནི་སྐད་ཀྱི་བཟོ་དབྱིབས(声音造型)བཞེངས་སྐྲུན་གྱི་ལག་ཐབས་གཙོ་བོ་རེད། སྐད་ཀྱི་བཟོ་དབྱིབས་ནི་གློག་བརྙན་སྒྱུ་རྩལ་གྱི་མཛེས་རྟོག་མངོན་ཐབས་གཙོ་བོ་ཞིག་སྟེ། གློག་བརྙན་གྱི་བདེན་པའི་རང་བཞིན་མཐོར་འདེགས་བྱེད་པ་རེད། དེ་བས་ཨམ་སྐད་ལ་བྱང་བའི་ལྟད་མོ་བ་ཞིག་གིས་གློག་བརྙན་འདིར་ལྟ་བའི་ཚེ། སྐད་ཀྱི་བཟོ་དབྱིབས་ཀྱི་སྟེང་གི་མཛེས་པ་དང་བདེན་པའི་རང་བཞིན་མྱོང་ཐབས་མེད་ལ། གློག་བརྙན་གྱི་ནང་དུ་ཟུག་ཐབས་མེད་པ་བཟོས་ཡོད་ལ།  ལྷག་པར་དུ་གཙོ་འཁྲབ་པའི་ཨམ་སྐད་ད་མ་དིག་གིས་མི་སྣ་དེ་ཕར་ཞོག་གཏམ་རྒྱུད་ཧྲིལ་པོ་ལ་ཡིད་ཆེས་དཀའ་ཞིང་། སྐད་ཅིག་སྐད་ཅིག་ཏུ་རྫུན་མ་ཡིན་པ་གསལ་འདེབས་བྱེད་བཞིན་པ་དང་མཚུངས། མི་རིགས་གཞན་པ་དང་ཚོང་ར་ཆེན་པོ་ལ་མཚོན་ན་བོད་སྐད་ནི་སྐད་བརྡ་ཞིག་གི་མཚོན་རྟགས་ཙམ་ལས་མ་འདས་པས་དེ་གནད་དོན་ཞིག་ཏུ་གཏན་ནས་མི་འགྱུར་མོད། བོད་ནང་ཁུལ་དུ་དེ་ཡིས་ཅི་ཞིག་མཚོན་པའི་ཐད་ལ་འཁྲབ་ཁྲིད་པས་སྣང་མེད་བྱས་པ་ནི་ཧ་ཅང་ཡིད་སྐྱོ་བའི་གནས་ཤིག་རེད།

      གཞན་ཡང་གློག་བརྙན་ཁྲོད་དུ་ལོ་རབས་དང་མི་མཐུན་པའི་ཞིབ་ཆ་མང་ཙམ་འདུག་ལ། འདས་པོ་ལ་ཁ་བརྡ་བྱེད་པ་དང་། ཁྱིམ་ཚང་དུ་མི་ཤི་རྗེས་ལོ་ཁ་མ་འཁོར་བར་དུ་ཟོག་ལུག་བཙོང་བ་དང་སྲོག་གཅོད་པ། ཨ་མྱེས་འདས་ནས་ཞེ་དགུ་ཡང་མ་ཚང་བར་དུ་སྒྲོལ་དཀར་གྱིས་མངལ་འདོར་རྩིས་བྱེད་པ་སོགས་བོད་ཀྱི་དམངས་སྲོལ་དང་མི་མཐུན་ཞིང་བློ་ཡུལ་ལ་མི་ཤོང་བའི་གནས་ཚུལ་མང་དུ་བྱུང་ཡོད་པ་ནི་འཁྲབ་ཁྲིད་པ་ཁོ་རང་བོད་ཀྱི་རིག་གནས་ལས་སྐྱེད་པའི་ཤེས་ཡོན་པ་ཞིག་ཡིན་པའི་ཆ་ནས་ཆེས་མི་འོས་པ་དང་ཆེས་དམའ་རིམ་གྱི་ནོར་འཁྲུལ་ཡིན་པས། ཁོའི་གསར་རྩོམ་ཐད་ཀྱི་གཟབ་ནན་གྱི་རང་བཞིན་དང་ཞིབ་ཆའི་ཐད་ལ་ང་ཚོ་དོགས་པ་མི་ཟ་རང་ཟ་རུ་གྱུར་ཡོད།


རྩོམ་པ་པོའི་བརྩམས་ཆོས་གཞན།   

║ དགོད་སྒྲ་ཡོད་མི་ཆོག་པའི་འཇིག་རྟེན།   

         [པྲ་དྲ] http://www.filmtbt.com/remark/other/2015-11-18/466.html 

║ གློག་བརྙན《ལྷོ་སྒོ》ལ་དབྱེ་ཞིབ་རགས་ཙམ་བྱེད་པ།

         [མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ] https://www.tibetcm.com/contemporary/literary-essays/2017-06-22/8369.html

║ སེམས་ཁམས་དབྱེ་ཞིབ་རིག་པའི་མཐོང་ལམ་སྤྱད་ནས་གློག་བརྙན་ «ལག་དམར»ལ་དཔྱད་པ།

          [པྲ་དྲ] http://www.filmtbt.com/remark/other/2020-07-13/1070.html


གསལ་བཤད།   ©️ རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།