གློག་བརྙན་གསུམ་དང་དེར་བལྟས་པའི་མྱོང་ཚོར།

1634648367452177.jpg

གྱེས་བྲལ་ཐེངས་གཅིག

《一次离别》 

         རྙོག་འཛིང་དང་འགལ་བ་ལས་གྲུབ་པའི་གློག་བརྙན་འདིའི་ཐོག་མའི་དྲི་བ་ནི། རྙོག་འཛིང་དང་འགལ་བའི་འབྱུང་རྩ་གང་ལ་ཐུག་ཡོད་པ་དང་། དེ་ཇི་ལྟར་དྭངས་སོང་ངམ་ཞེས་པ་ནི་གློག་བརྙན་འདིས་བཏོན་པའི་དྲི་བ་གཉིས་པ་ཡིན་པར་སྣང་བས་ན། ཐོག་མར«གྱེས་བྲལ་ཐེངས་གཅིག»ཅེས་པའི་ཁ་བྱང་ལ་བལྟས་ན། སི་མེན(Simin)ཐེངས་གཅིག་ཁྱིམ་ལས་གྱེས་པ་ནི་གནད་དོན་གྱི་འབྱུང་རྩ་རུ་གྱུར་བ་བསྟན་པ་ཡིན་ནམ། ཡང་ན་གྱེས་བྲལ་ཐེངས་གཅིག་གི་བྱུང་རིམ་ཁྲོད་ཀྱི་གནད་དོན་དང་དེ་ཇི་ལྟར་དྭངས་སོང་བ་བསྟན་པ་ཡིན། དང་པོ་སྟེ། སི་མེན་གྱེས་ཙམ་ནི་འབྱུང་རྩ་རུ་ཆགས་ཚེ། རེ་ཚི(Razieh)གཡོག་མོ་སོགས་ཀྱི་རྩོད་པ་དང་དེས་བསྐྱེད་པའི་བཙོན་བཟུང་སོགས་བྱེད་མི་དགོས་པར་འགྱུར། བསྟན་དོན་གང་དེ་གཉིས་པ་ཡིན་པར་སྙམ་སྟེ། སི་མེན་མ་གྱེས་གོང་ནས་ཁྱིམ་ཚང་འདི་ལ་གཉེན་འཐོར་གྱི་རྙོག་དྲ་ཡོད་པའི་ཁར། རེ་ཚི་སླེབས་པ་དང་མོའི་བྱ་བ་དང་འབྲེལ། གཞི་ནས་གྱེས་བྲལ་ཐེངས་གཅིག་གི་ངོ་གདོང་གསལ་བར་བྱས་ཤིང་། དེའི་བྱུང་རིམ་ཁྲོད་ནས་རྙོག་འཛིང་དང་དྲག་སྤྱོད། སློབ་གསོ་དང་དད་པ། སྲོལ་རྒྱུན་གྱི་བརྩི་སྲུང་། བརྩེ་དུང་གི་ཡང་སྙིང་བཅས་རེ་རེ་བཞིན་མངོན་ཞིང་། དེ་དང་སྦྲགས་མིའི་རང་བཞིན་དང་མིའི་རིགས་ཀྱི་འཚོ་བའི་ཆ་ཤས་ཤིག་ཀྱང་ཇི་བཞིན་དུ་བསྟན་པའོ།།

         སྤྱིར་བཟོད་པ་ནི་སྐྱེས་བུ་སྒེར་གྱི་ཉམས་ལེན་ཞིག་ཡིན་སྟབས། བྱ་བ་གང་ཞིག་གིས་ཁྱོད་ལ་གནོད། དེ་ཉིད་ཁྲིམས་དང་འགལ་བའང་ཡིན་དུ་ཆུག་ཀྱང་། ཁྱེད་ཀྱི་བཟོད་པས་ནི། བྱ་བ་དེའི་འབྲས་བུ་བཟོད་ནུས་ཚེ། ཕ་རོལ་པོ་ཁྲིམས་གཏུག་དང་ཁྲིམས་ཐག་གང་ཡང་འབྱུང་མི་སྲིད་པར་མ་ཟད། བླ་མེད་ཀྱི་ཀུན་སྤྱོད་ཅིག་གིས་ཁྱེད་དང་ཕ་རོལ་པོའི་ལུས་སེམས་མནར་གཅོད་ཆེན་པོ་ཞིག་ལས་ཐར་བར་བགྱིས་ཤིང་། དེ་ལྟ་མ་ཡིན་ནའང་། ཁྲིམས་ནི་གང་ཟག་སྒེར་རེ་རེ་སྲུང་བའི་ཐབས་ཤིག་ཡིན་ཙང་། དེའི་ལམ་ལུགས་བཞིན་བགྲོད་ཀྱང་ལུགས་གང་ལའང་མི་མཐུན་པ་མིན་མོད། ནཱ་དྷེར(Nader)དང་ཧོ་རྗ་ཐི(Hojjat)གཉིས་ཀྱིས་ལམ་ཕྱི་མ་འདེམས་ཏེ། ཕན་ཚུན་ལ་བཟོད་པ་བྲལ་བའི་ཀུན་སྤྱོད་ཅིག་གིས་བདེན་པ་གསལ་རྗེན་ལ་འབུད་རག་བར་དུ། རང་དང་གཞན་ལ་དཀའ་ངལ་དང་སྡུག་བསྔལ་མང་དུ་སྤྲད་ཅིང་། ཨ་ལན་གཅིག་ལ་ཡང་ལན་གཉིས་སྤྲད་དེ། མཐར་དེད་དེད་པ་ན། གནད་འབབ་ས་ནི་བདེན་པ་ལས་མེད་ཕྱིན། རྩོད་ཀྱིན་རྩོད་ཀྱིན་བདེན་པ་བཤད་ཅིང་། ལག་ལེན་ཁྲོད་བདེན་པ་གཏན་ལ་འབེབ་སྐབས་སུ། “དད་པའི་ཆོས་དཔེ”དཔང་དུ་བྱས་ཏེ། མནའ་བསྐྱལ་བའི་ལུགས་སུ་ཕྱིན་པ་ཡིན།

       ད་དུང་འདི་ལས་མཐོང་འོང་བའི་རེ་ཚི(Razieh)ཞེས་པའི་མོའི་ཀུན་སྤྱོད་ནང་འགལ་ཞིག་ནི། ཆོས་དཔེ་དཔང་དུ་བྱེད་དུས། དེའི་སྡོམ་ལས་འདའ་མི་ནུས་ཤིང་། རྒྱུན་གྱི་སྤྱོད་པ་ལྷུར་ལེན་དུས། དེའི་སྡོམ་བརྩི་སྲུང་མི་བྱེད་པ་སྟེ། འདི་ནི་དད་སྟངས་ངོ་མ་དེ་མ་ཡིན། དང་པོ་ནི་དད་ཡུལ་ལ་དད་གུས་ཀྱི་དབང་གིས་ཡིན་ལ། ཕྱི་མ་ནི། ཆོས་དཔེའི་རྒྱབ་ཀྱི་ལྟ་བ་གང་དེར་སློབ་སྦྱོང་གིས་སྟོང་བས་རེད། དད་པ་ལ་དགོས་པ་ནི། ཡིད་ཆེས་དང་དེས་བསྐྱེད་པའི་ནར་མའི་ཀུན་ཏུ་སྤྱོད་པ་ཡིན་ཞིང་། དེ་གཉིས་ཀྱང་ལྟ་བ་ལ་སློབ་སྦྱོང་བྱས་པ་ལས་བསྐྱེད་དགོས་པ་སྟེ། དངོས་པོའི་རང་བཞིན་གྱིས་གྲུབ་པའི་རིགས་པ་དང་གཏན་ཚིགས་ཀྱི་སྐྱོར་མ་མེད་པའི་ལྟ་བ་དང་དད་པ། ཀུན་སྤྱོད་དག་ནི། རྣམ་རྟོག་དང་རྨོངས་དད། དེ་དང་དེའི་འབྲས་བུ་ལ་གཏོགས། དད་པ་ཕྱིན་ཅི་ལོག་ཅེས་པའང་འདི་ཟེར་བ་ཡིན་ཞིང་། དེའང་དངོས་པོའི་རང་བཞིན་ལྟོས་ཏེ་བཤད་པ་ལས། དད་པ་ཙམ་ལ་མཆོག་དམན་དགར་བ་མ་ཡིན་ཏེ། འདི་ནི་དེང་རབས་དང་འགལ་ལ། སྔ་མའི་ལོ་རྒྱུས་སྐོར་ཅིག་ཀྱང་འདིས་བསྐྱེད་པས་ན། སྨྲ་བ་ལ་ཤེས་བཞིན་བསྟེན་པར་བྱའོ།།

       ཞོར་དུ་བཤད་འདོད་པ་ཞིག་ལ། མིའི་རིགས་ནི་སེམས་འགུལ་ཐེབས་ཐུབ་པའི་འགྲོ་བ་ཞིག་སྟེ། གནས་ལུགས་དང་སེམས་ཚོར་གཉིས་ལས་དང་པོར་སེམས་ཚོར་གྱི་དབང་དུ་འགྲོ དེའི་རྒྱུ་མཚན་ནི། རང་གི་སེམས་ཚོར་བཤད་པ་དང་ཡིན་མིན་གྱི་གནས་ལུགས་བཤད་པ་ལས། ཕ་རོལ་པོ་གང་ཞིག་སེམས་ཚོར་དང་ཐག་ཉེ་བར་སླ་སྟེ། དེ་ནི་ཕ་རོལ་པོའི་མྱོང་བ་ལ་འཕྲོད་སླ་བས་ཡིན་ལ། གནས་ལུགས་ལ་ངོ་འཕྲོད་པ་ནི་དེ་ལས་དཀའ་བར་གྱུར་ཡོད།

        དེ་ཙམ་བྱ་སྟེ། ད་རུང་བདག་གིས་གླེང་མ་ཐུབ་པ་དང་མ་ནུས་པའི་གློག་བརྙན་འདིའི་གནད་དོན་གང་ཞིག་རང་ཅག་གི་འཚོ་བར་ཁྱབ་ཅིང་། མི་སྣ་རེ་རེའི་འཁྲབ་གཟུགས་རང་ཅག་གིས་འཁྲབ་ཀྱིན་མཆིས་ཤིང་། ལྭ་བ་བཞིན་ལུས་སེམས་ཡོངས་ཀྱིས་གྱོན་ཏེ་ཡོད། བཤད་མི་དགོས་པ་ཞིག་ལ། གནད་དོན་འདི་དག་ལས་རང་རེ་མ་ཐར་བར་ལུས་ཡོད་ཅིང་། ཐར་བའང་དཀའ་བའི་ཚོད་ཡིན།

          མཐར་དྲི་བ་གཅིག་ཡོད་པ་ནི། སི་མེན(Simin)དང་ནཱ་དྷེར(Nader)གཉིས་ཅིའི་ཕྱིར་གཉེན་འཐོར་བྱེད་དགོས་པའི་རྒྱུ་མཚན་བྱུང་རིམ་འདིའི་ཁྲོད་ནས་མཐོང་ཐུབ་བམ་ཞེས་པའོ།།

1634648439446885.jpg

རྐུན་མའི་ཁྱིམ་རྒྱུད།

《小偷家族》

        རྐུན་མའི་ཁྱིམ་རྒྱུད་ལ་མཚོན་ན། རྐུ་འབའ་ཞིག་བྱས་ཏེ་འཚོ་བ་རོལ་བ་ཞིག་མ་ཡིན་ལ། རྐུའམ་མ་བྱིན་ལེན་ནི་ཀུན་སྤྱོད་དང་རྒྱུ་འབྲས་ཀྱི་སྒྲོམ་གང་ནས་ཀྱང་ལེགས་པར་མཐོང་བ་མ་ཡིན་མོད། སྐབས་ཀྱི་བདེ་བའི་ཕྱིར་དུ་སྐབས་ཀྱི་རྨོངས་བའི་དབང་དུ་འགྲོ་བ་ནི། མིའི་རིགས་ཀྱི་གཤིས་སུ་གྲིབ་བཞིན་དུ་གནས་པ་ཞིག་ཀྱང་ཡིན་ལ། ཚེ་གང་བོར་དེའི་དབང་དུ་འགྲོ་བ་ནི་མི་སྲིད་པའི་གནས་ཚུལ་ཞིག་ཡིན་སྟབས། དུས་ཚོད་ཀྱི་འགྲོས་དང་བསྟུན། རྐུ་ཞེས་པ་ནི་ནོར་འཁྲུལ་ཡིན་པའི་ངོས་འཛིན་འབྱུང་བ་ནི། ཞང་ཐ(祥太)འདིའི་ཐད་ཀྱི་ཚབ་མཚོན་མི་སྣར་གྱུར་ཡོད་ཅིང་། རང་ལ་ཤེས་རྟོགས་བྱུང་བའི་ཁར། ཁོས་རྐུ་བྱེད་པ་ཡུའུ་ལི(由里)ཡིས་གནོད་རབས་དང་ཚོང་བདག་རྒད་པོས་ཀྱང་མོ་ལ་རྐུ་བྱེད་ཏུ་མ་འཇུག་ཅེས་ཐེན་ཀྲི(田治)ལ་ཟེར་བ་ནི། བྱིས་པའི་ངག་ལ་དར་མ་རྣམས་ཀྱིས་རྣ་བ་མི་གཏད་པའི་དོན་དངོས་ལ་ཐབས་བསྟེན་ཚུལ་ལས་གཞན་མིན། དེ་དང་བརྒྱུད་ཐེན་ཀྲི(田治)ལའང་ཤུགས་རྐྱེན་མི་ཐེབས་རང་ཐེབས་ཡིན་ཕྱིན། འདི་ལྟར་རིམ་གྱིས་འཚོ་བ་རོལ་ཚེ། དྲང་ལམ་མ་ཡིན་པ་འདི་ལས་ལྡོག་སྲིད་པ་ནི་སྨོས་མེད་ཅིག་ཡིན།

          ཁྱད་པར་དུ། "བརྐུས"ཏེ་གྲུབ་པའི་ཁྱིམ་ཚང་འདི་ཉིད་ཀྱི་བདེ་སྐྱིད་ནི་ཕ་འཛོམས་མ་འཛོམས་གྱི་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ཚད་དུ་གནས་ཤིང་། བདེ་སྐྱིད་དེའང་སེམས་ཀྱི་ཟབ་ས་ནས་ཚོར་ཞིང་མྱོང་བཏུབ་པའི་ལྷད་མེད་ཀྱི་བརྩེ་བ་དྲོད་མོ་ཡིས་གྲུབ། དེ་ཉིད་དཀའ་ཁག་དང་གནོད་འཚེ་ལ་མ་བལྟས་པར་ཕན་ཚུན་གཅིག་གིས་གཅིག་ལ་གནང་བ་ཡིས་ནི་ཡིད་ཀྱི་རི་བོ་ཇི་ལྟར་བརྟན་ཀྱང་འགུལ་བ་ལན་གཅིག་བྱེད་ངེས།

       མཐར་ཞང་ཐེ(祥太)ཡི་བསམ་གཟས་དང་བསམ་གཟས་མ་ཡིན་པ་ལྟ་བུའི་འགུལ་སྤྱོད་ལས་ཁྱིམ་ཚང་འདི་ཉིད་ཀྱི་བྱུང་བ་ཐམས་ཅད་ལྷང་ལ་བུད་པ་ནི་མཐོང་མི་འདོད་པ་ཞིག་ཡིན་མོད། གཅིག་བྱས་ན་ཁྱིམ་ཚང་འདི་ཉིད་ལེགས་པར་འོང་བ་སྟེ། འབྱུང་འགྱུར་གྱི་གནོད་པ་དག་སེལ་བའི་གོ་སྐབས་ཤིག་ཀྱང་ཡིན་སྲིད།

       གློག་བརྙན་གྱི་མཇུག་བསྡུ་བའི་ཚེ། ཡུའུ་ལི(由里)མོ་རང་ཁེར་རྩེད་བྱེད་པ་དེས་ནི། དངོས་གནས་སེམས་ཀྱི་གཏིང་ལ་སྐྱོ་གདུང་གི་མིག་ཆུ་ཞིག་འཁྱིལ་བར་བྱེད་ཨང་།

         ད་དུང་ཞིན་དེ[信代(安藤樱)]མོའི་འཁྲལ་རྩལ་ནི་དངོས་གནས་རྨད་དུ་བྱུང་ངོ་།།

1634648522163865.jpg

ཧྭའེ་ཏེའེ་དང་ཨ་མྱེ།

《海蒂和爷爷》

༡.

        ཧྭའེ་ཏེའེ(Heidi)ཞེས་འབོད་པའི་བུ་མོ་ཆུང་ཆུང་ནི། ཆུང་དུས་ནས་ཕ་མ་ཟུང་ཚེ་ལས་འདས་པའི་རྐྱེན་བྱས་ཏེ་དྭ་ཕྲུག་ཏུ་གྱུར། རིམ་གྱིས་ཨ་ནེ་ཡིས་དོར་ཏེ་ཨ་མྱེའི་གམ་དུ་བཙན་གྱིས་བཞག་ཅིང་། མི་འདོད་ངང་དང་བླངས་བགྱིད་དགོས་པར་གྱུར་བའི་ཨ་མྱེ་ལ་མཚོན་ན། ཧྭའེ་ཏེའེ་ནི་ཁོའི་མི་ཚེའི་མཐའ་མཇུག་གི་བདེ་སྐྱིད་ཀྱི་དཔྱིད་ལ་འཁྲུངས་བའི་དཔག་བསམ་ལྗོན་ཤིང་ཡིན་པ་མི་རྟོགས་ལ། ཐོག་མར་མེད་པར་འདོད་ཅིང་། བར་དུ་འབྲེལ་འདྲིས་ཉུང་ཙམ་གྱིས་བློས་མི་ཐོངས་བའི་གནས་སུ་འགྱུར་བའང་ཁོའི་བསམ་ཡུལ་མིན།

      ཧྭའེ་ཏེའེ་ཡི་ངང་རྒྱུད་ནི་ཡུལ་གྲུ་དེའི་རི་ཆུ་ནགས་གསུམ་བཞིན་དབྱར་དགུན་ལ་ཁྱད་མེད་པར་མཛེས་པ་ཡིས་ཡོངས་སུ་རྫོགས་ཤིང་། དེ་ཉིད་ཀྱི་མཛེས་པ་སུ་ཞིག་གི་མིག་གི་ལོངས་སྤྱོད་དུ་གྱུར་བ་ནས། སྐྱེ་བོ་སུ་ཞིག་གིས་མཐོང་ཡང་ཡིད་ཀྱི་བརྟན་པ་དབང་མེད་དུ་མི་འཕྲོག་ཅེས་བཤད་དགོས་ན། ཨ་ནེ་དང་འབྱོར་ལྡན་བུད་མེད་དེ་ལྟ་བུ་ལོང་བ་རེ་ཟུང་གི་ངོར་མ་གཏོགས། བཤད་མི་ཐུབ་པའོ།།

      ཧྭའེ་ཏེའེ་ནི་རང་གཞན་གྱི་ནང་སེམས་ཀྱི་མཐིལ་དང་གཏིང་ལ་འཛུལ་སྟེ། དྲོད་ཁོལ་གྱིས་རྫོགས་པའི་བདེ་སྐྱིད་ལྷད་མེད་ཅིག་སྩོལ་བ་ལ་ལྷ་ཡིས་བསྐོས་པ་དང་ཀུན་ནས་མཚུངས། གློག་བརྙན་ལྟར་ན། ཧྭའེ་ཏེའེ་ཡི་ངང་རྒྱུད་ལ་ཕ་མ་ཟུང་གི་སློབ་གསོའི་སྐྱ་རེངས་མ་ཤར་ལ། སྤྲིན་ལྟ་བུའི་ཨ་ནེ་ཡིས་མ་གཡོགས་པར་ཉི་མའི་དཀྱིལ་འཁོར་ལྟ་བུའི་མོའི་ངང་རྒྱུད་ལ་ཉི་ཟེར་གྱིས་ཡོངས་སུ་བརྒྱན་པའི་མཛེས་སྡུག་ནི། ཨ་མྱེ་དང་ཁཱ་ལཱ་རཱ(kalara)དང་མོའི་ཨ་ནེ་སོགས་ཀྱི་སེམས་ཀྱི་ནམ་མཁའ་ནས་འོད་སྟོང་འབར་བཞིན་འཆར། འདི་ལྟ་བུའི་ངང་རྒྱུད་ནི། ལྷན་སྐྱེས་ཀྱིས་ཡོད་ན་མ་གཏོགས། སློབ་སྦྱོང་དང་སློབ་གསོ་ཙམ་གྱིས་གསོ་དགོས་ཚེ། ཉིན་མོའི་སྐར་མ་ཨེ་ཡིན་སྙམ་ལ། འདིའང་ཉམས་མྱོང་སྐྲ་རྩེ་ཙམ་ཡང་མེད་པའི་སྐད་ཆ་ཡིན་སྲིད། ཧྭའེ་ཏེའེ་ཡིས་གསལ་བྱེད་ཀྱི་ཡི་གེ་ཙམ་ཡང་འདོན་མི་ཤེས་པ་བདེན་དུ་ཆུག་ཀྱང་། སློབ་སྦྱོང་དང་སློབ་གསོ་ནི་ཤེས་བྱ་སྐམ་པོ་ཙམ་གྱི་ཕྱིར་མ་ཡིན་པའི་ཁར། ཤེས་བྱ་དེ་དག་ལས་ངང་རྒྱུད་དང་བསམ་པ་བཟང་པོ། མདོར་ན་ལྟ་སྤྱོད་གང་ཞིག་གི་ཁེར་ཚུགས་སོགས་ལ་བསླབ་པའི་ཕྱིར་ཡིན་ཙང་། དེའི་ཆ་ནས་ཧྭའེ་ཏེའེ་ནི་སློབ་མ་དེ་ཚོ་ལས་ཁྱད་དུ་འཕགས་ཡོད་སྲིད། ལྷག་ཏུ“ཚང་མ་ང་ལ་དགོད་པར་བྱེད་དེ། དེའང་ངས་གཏམ་རྒྱུད་བྲི་འདོད་པས་ཡིན།”ཞེས་པའི་ཚིག་དུམ་འདི་ཉིད་ཀྱིས། མོ་རང་ནི་ཕུགས་བསམ་ཅན་ཞིག་ཏུ་གྱུར་བའི་སྟེང་། མོས་གཏམ་རྒྱུད་བྲི་འདོད་པ་དེའང་། ཡག་སྣང་དང་མཛེས་སྣང་འབའ་ཞིག་གི་བསླུ་བྲིད་དུ་ཚུད་པ་བཞིན་མ་ཡིན་པར། མོའི་ཆེས་བཟང་བའི་གྲོགས་དང་གྲོགས་མོ། ཨ་མྱེ་དང་ཡུལ་མི་དེ་དག་བར་གྱི་མཛའ་བརྩེ་དང་དྲན་གདུང་། ཡང་ན་མི་དང་མིའི་བར་ཐག་དང་འཇིག་རྟེན་དང་འཇིག་རྟེན་གྱི་གསང་བ་གང་ཞིག་ལ་མོ་རང་ཉིད་ཀྱི་མཚར་བློ་ཡིས་ཡོངས་སུ་བརྟས་ཏེ། ཡོད་ཚད་གཏམ་རྒྱུད་ཀྱི་ཕྱི་ནང་ལ་དབྱེ་བ་མེད་པར་བྲི་ཆོག་སའི་ཤོག་དཀར་ཐང་ཆེན་པོ་ལ་དགོད་པར་འདོད་པ་ཡིན་པའང་གློག་བརྙན་གྱི་མཇུག་ནས་གསལ་བ་མ་ཡིན་ནམ།

༢.

      ཨ་ནེ་དང་འབྱོར་ལྡན་བུད་མེད་དེ་གཉིས་ནི། གློག་བརྙན་འདིའི་ཁྲོད་ཆེས་སེམས་ལ་མི་འབབ་པའི་འཁྲབ་སྟོན་པར་ཆགས་ཡོད་ཅིང་། ལྷག་ཏུ་འབྱོར་ལྡན་བུད་མེད་དེ་ཉིད་ཀྱིས་བདེ་སྐྱིད་ཀྱི་རྨང་ནི་ཕྱིའི་དངོས་པོ་བགྱིས་པའི་སྐད་ཅིག་དེ་ནས་བཟུང་། ཕྱི་ཚུལ་གྱི་ཚད་བཀག་མང་པོ་ཞིག་བཟོས་ནས་བདེ་སྐྱིད་ཀྱང་ཚད་བཀག་དེ་ལས་འདའ་བར་མ་བྱས་ལ། རང་ལྟ་ཅི་གཞན་ཡང་རང་ཉིད་ཀྱི་འདོད་པ་ལྟར་འཚོ་དགོས་པའི་གནས་བབ་ཀྱི་འོག་ན། ནམ་ཡང་བདེ་སྐྱིད་ལྟ་ཅི། དེའི་འབྱུང་གནས་ཀྱི་གཙོ་གྲས་རང་དབང་ཡང་བྲལ་བ་མ་ཡིན་ནམ། བརྒྱ་ལ་འབྱོར་ལྡན་བུད་མེད་ཀྱིས་ཁ་ནང་སེམས་ལ་ཕྱོགས་ཏེ། མཛེས་སྡུག་དང་བདེ་སྐྱིད་མཐོང་གིན་ཡོད་པའམ་དེ་ལ་བརྩོན་བཞིན་པའི་དབང་དུ་བཏང་ན། འབྱོར་ལྡན་བུད་མེད་ཀྱིས་ཧྭའེ་ཏེའེ་ཡི་ཡོན་ཏན་སྣ་གཅིག་མི་མཐོང་ཟེར་དགོས་ན། ཆོས་ཉིད་དང་མཐུན་པ་མིན། ཡིན་ནའང་སྐྱོ་གར་དེ་ཧྭའེ་ཏེའེ་དང་མོ་གཉིས་གྱེས་ཁ་མར་ཡང་སྔར་བཞིན་མ་ཡལ་བར་མཆིས། རེད་དེ། འབྱོར་ལྡན་བུད་མེད་དེའི་ལྟ་སྤྱོད་ནི། ད་ལྟའི་རང་གཞན་གྱི་ལྟ་སྤྱོད་ཨེ་ཡིན་ནམ། ཏན་ཏན་དེ་ནི་མང་ཤོས་ཀྱི་གཤིས་སུ་གྲུབ་ཡོད་ཅིང་། དོན་གྱིས་འོ་སྐོལ་གྱི་བདེ་སྐྱིད་འཚོལ་ཐབས་ཀྱང་འབྱོར་ལྡན་བུད་མེད་དེ་ལས་འདའ་ཐུབ་མེད་ལ། ཕྱིའི་དངོས་པོའི་རྫིག་ཉམས་དང་མཛེས་ཉམས་སོགས་ཀྱིས་བདེ་བདེ་དང་སྐྱིད་སྐྱིད་ཀྱི་ཉམས་ཕུད་པ་ནས་བདེ་སྐྱིད་ཀྱི་ལྟ་བའང་ཞོར་དུ་ཕུད་པ་ལས་གཞན་མེད་མོད། ཡིན་ནའང་དངོས་ཡོད་དུ། མིའི་འགྲོ་བ་རྣམས་ཀྱི་དོན་དུ་གཉེར་བྱ་གཙོ་བོ་ནི་ལོངས་སྤྱོད་ཡིན་པ་སྙོན་དུ་མེད། དེའང་རང་གི་མོས་འདུན་དང་གང་མཐུན་པ། རང་ལ་གང་མཁོ། རང་ལ་གང་མཛའ། རང་ལ་ཅི་བདེ་དང་ཅི་སྐྱིད་འཚོལ་བའི་ཁེར་ཚུགས་ཤིག་ཀྱང་འོ་སྐོལ་གྱིས་འཛིན་ཐུབ་ཡོད་དམ་ཞེ་ན། མེད་ཅེས་ཟེར་མ་དགོས་ན། ཡོད་ཅེས་སྒྲུབ་དགོས་ནའང་དཀའ་བའི་ཚོད། དེ་ལྟར་གྲུབ་ཨེ་ཡོད་སྙམ་པ་ཞིག་ཀྱང་ཧའེ་ཏེའེ་ཡི་ཨ་མྱེས་ལ་ཡོད་དེ། ཧྭའེ་ཏེའེ་ཨ་ནེ་ཡིས་འབྱོར་ལྡན་ཚང་ལ་བཙོང་དུ་འགྲོ་བའི་བར་སྐབས་དེར། ཨ་མྱེས་རྗེས་སུ་རྒྱུགས་ཏེ་རྗེས་མ་ཆོད་ནས་ཁ་ཕྱིར་འཁོར་བ་ན། སྡེ་མི་དག་གི་ཟུར་ཟ་དང་འཕྱ་དམོད་ལ་ཁྲོ་བ་སྐྱེ་བའི་ཉམས་ཙམ་ཡང་མེད་པར་སེམས་པ་ཧྭའེ་ཏེའེ་ལ་ཤོར་ཙ་ན། ཏག་ཏག་བུ་མོ་ཆུང་ཆུང་ནི། ཨ་མྱེས་ཀྱི་བསམ་བྱ་ཁོ་ན་ཡིན་པ་ལས། དེ་ལྟའི་གཞན་གྱི་ཅི་འདོད་དང་ཅི་ཟེར་ནི། ཁྱི་ངན་ཟུག་པའི་སྣང་ཚུལ་ལས་གཞན་མེད་པར་སྣང་ངོ་།།

 ___ཞེས་བི་མ་ལས་རང་ལ་གང་ཡག་གི་གློག་བརྙན་རེ་འོས་སྦྱོར་བྱེད་ཞོར་དུ་མྱོང་ཚོར་རེ་ཡི་གེར་བཏབ་པའོ།།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།