གློག་བརྙན«ཧི་མ་ལ་ཡ»བལྟས་པའི་མྱོང་ཚོར་གླེང་བ།

1640267989118995.jpg

སྔོན་གླེང་།

        གློག་བརྙན་ཡག་པོ་ཞིག་བལྟ་བ་ནི་དཔེ་དེབ་ཡག་པོ་ཞིག་ཀློག་པ་དང་མཚུངས་ལ།   སྐབས་རེར་དཔེ་དེབ་ལས་ཀྱང་གློག་བརྙན་གྱིས་མིའི་རིགས་ལ་ཤེས་རབ་དང་བསམ་གཞིག་གི་སྟོང་ཆ་བསྐྲུན་ཆེ་ཞིང་།   གློག་བརྙན་གྱིས་གཟུགས་དབྱིབས་དང་ཁ་དོག   མི་སྣའི་ཁ་བརྡ་དང་རོལ་མོ།  འཁྲབ་སྟོན་པའི་ཉམས་འགྱུར་སོགས་ཐབས་ཕུན་སུམ་ཚོགས་པ་སྤྱད་དེ་མི་རྣམས་ལ་ཤེས་བྱ་སྣ་ཚོགས་སྤྲད་བཞིན་ཡོད་ལ།   ལེགས་ཉེས་དང་སྐྱོན་ཡོན་སོགས་ལ་དབྱེ་ཞིབ་བྱ་སྟེ་གཞོན་རབས་རྣམས་ལ་ལམ་སྟོན་བྱེད་བཞིན་ཡོད་པ་མ་ཟད།   གློག་བརྙན་ལ་ཆེས་ཕུལ་དུ་བྱུང་བའི་རྩལ་ཤུགས་ཤིག་ཡོད་པ་ནི་མི་སེམས་ཐད་ཀར་འགུལ་དུ་འཇུག་ཐུབ་ཅིང་མི་སེམས་ཀྱི་ཟབ་སར་རྙབ་ཐུབ་པ་དེ་རེད།

       གློག་བརྙན་གྱིས་སེམས་ཁྲལ་དང་ངལ་དུབ་ཀྱིས་མནར་བའི་སྐྱེ་བོ་དག་དགོད་དུ་འཇུག་སྟེ་སེམས་པ་ལྷོད་ལ་འབབ་ཏུ་འཇུག་ལ།  གཡེང་བ་དང་སྤྲོ་བས་བལྟས་པའི་མི་ཚོགས་དག་སྐད་ཅིག་གིས་སྐྱོ་བས་གདུང་སྟེ་མིག་ཆུ་འདོན་དུ་འཇུག་སྲིད།   དེ་ནི་གློག་བརྙན་གྱི་ནུས་སྟོབས་རེད།  དེ་ལས་གལ་ཆེ་བ་ནི་གློག་བརྙན་གྱིས་དུས་རབས་རེ་རེའི་བྱུང་བ་དག་ཕྱི་རབས་པ་རྣམས་ཀྱི་སེམས་ངོས་སུ་འཕོ་རུ་འཇུག་ཅིང་།  འབྱུང་འགྱུར་ལ་འཇིགས་པ་གང་ཞིག་ལྷགས་སྲིད་པའི་སྔོན་བརྡ་དང་ཐ་ཚིག་བསྒྲགས་ཏེ།  མི་རྣམས་ལ་དྲན་སྐུལ་བྱེད་བཞིན་ཡོད།   དེས་ན་གློག་བརྙན་ནི་འདས་དོན་གསལ་བའི་མེ་ལོང་དང་མ་འོངས་གསལ་བའི་མངོན་ཤེས་ཅན་ཞིག་རེད་ཅེས་བརྗོད་ཆོག  མདོར་ན།  གློག་བརྙན་གྱིས་དགའ་སྐྱོ་ཆགས་སྡང་གང་ཞིག   གནས་ལུགས་དང་ལྟ་གྲུབ་གང་ཞིག་སྒྱུ་རྩལ་གྱི་ལམ་ནས་མི་རྣམས་ལ་ཤེས་སུ་འཇུག་པ་ཡིན།   སྐབས་འདིར་གླེང་བྱ་གློག་བརྙན«ཧི་མ་ལ་ཡ»ནི་ཧྥ་རན་སེའི་གློག་བརྙན་འཁྲབ་ཁྲིད་པ་ཨེ་རེ་ཁི་ཝ་ལི(Eric Valli 艾瑞克-瓦利)ལགས་ཀྱིས་འཁྲབ་ཁྲིད་བྱས་ཤིང་།  གཙོ་འཁྲབ་པ་དྷེ་ལེན་ལའོ་དེ་ཕུ། (Thilen Lhondup蒂伦·洛迪普གུར་མགོན་སྐྱབས།  ལྷག་པ་ཚེ་མདོ་བཅས་ཀྱིས་འཁྲབ་སྟོན་བྱས་པའི1999ལོའི་བོད་འབྲེལ་གློག་བརྙན་ཞིག་རེད།

1816372632.jpg

དང་པོ།  དངོས་བསྟན་གྱི་བརྗོད་བྱ།

         གློག་བརྙན་འདིའི་དངོས་བསྟན་གྱི་བརྗོད་བྱ་ནི་ཧི་མ་ལ་ཡའི་རི་འདབས་ན་ཆགས་ཤིང་མི་རབས་ནས་མི་རབས་བར་ཚྭ་འབྲུ་བརྗེ་ནས་འཚོ་ཐབས་བྱ་བའི་སྡེ་བ་ཞིག་གི་གཏམ་རྒྱུད་ཅིག་ཡིན་ལ།  མི་ཚེ་གང་བོར་ཚྭ་སྐྱེལ་རུ་ཁྱུའི་འགོ་བར་བསྡད་པའི་རྒན་པོ་འཕྲིན་ལས་ཀྱི་བུ་ལྷག་པ་ཚྭ་དབོར་འདྲེན་གྱི་ལམ་བར་ནས་སྟབས་མ་ལེགས་པས་རྐྱེན་ལམ་ཤོར།   སྐབས་དེར་ཡུལ་སྡེའི་སྟག་ཤར་རྣམས་ཀྱིས་ཕོ་སར་ཀརྨ་ཚྭ་སྐྱེལ་རུ་ཁྱུའི་འགོ་བར་བསྡད་རྒྱུར་མོས་མཐུན་ཡོད་ཀྱང་།   རྒན་པོ་འཕྲིན་ལས་ཀྱི་སེམས་སུ་ཀརྨས་རང་ཉིད་རུ་ཁྱུའི་འགོ་བར་འདུག་ཆེད་ཁོའི་བུ་ལྷག་པར་གནོད་བསྐྱལ་སོང་བསམ་ནས་ཞེ་འཁོན་བྱས།

         ཚྭ་འབྲུ་བརྗེ་བར་འགྲོ་རན་པའི་སྐབས་ཤིག་ཀརྨས་འཕྲིན་ལས་ཚང་ལ་རོགས་བྱེད་རྒྱུར་ཁས་བླངས་ཀྱང་།  འཕྲིན་ལས་ཀྱིས་ཁལ་མ་ཀརྨའི་ལག་ཏུ་འཇོག་རྒྱུ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས།  མཇུག་མཐར་ཀརྨས་ད་དུང་དུས་འགྱངས་བཏང་ན་མི་ལེགས་པ་བཤད་དེ།  གཞོན་ནུའི་རུ་ཁྱུ་ཁྲིད་ནས་བླ་མའི་ལུང་བསྟན་ལ་མ་བསྟུན་པར་སྔོན་དུ་ལམ་ལ་ཆས་པ་དང་།    རྒན་པོ་འཕྲིན་ལས་ཀྱིས་ངོ་ཤེས་ཡོད་ཚད་བཙལ་ནས་ཐབས་ཅི་དྲག་བལྟས་ཏེ།   རང་གི་བུ་དགོན་པ་ནང་ཡོད་པའི་སར་སོང་རྗེས།   མོ་རྩིས་ཀྱི་ལུང་བསྟན་བཞིན་སྔོན་ཆད་ཀྱི་རྒན་པའི་རུ་ཁྱུ་ཁྲིད་ནས་ལམ་དུ་ཆས།  ཁོ་ཚོས་ཉེན་ཁ་དང་དཀའ་ངལ་མང་པོ་ཁྱད་དུ་བསད་མཐར་ཉིན་གསུམ་གྱི་སྔོན་ལ་ཐོན་པའི་གཞོན་པའི་རུ་ཁྱུའི་རྗེས་ཆོད་པ་དང་།    ཁོའི་ཉམས་མྱོང་དང་སྣེ་ཁྲིད་ཀྱིས་སྡེ་བའི་ཚྭ་སྐྱེལ་རུ་ཁྱུ་བདེ་ལེགས་ངང་བུ་ཡུག་དྲག་པོའི་གི་ཉེན་ཁ་ལས་ཐར་ཞིང་།  ཀརྨ་དང་འཕྲིན་ལས་གཉིས་ཀྱི་བར་དུ་ཡང་ཕན་ཚུན་བསམ་ཤེས་དང་གུ་ཡངས་ཐོབ་པའོ།།

1267513381.jpg

གཉིས་པ།  གློག་བརྙན་ལས་མངོན་པའི་ལྟ་བ་གསར་རྙིང་གི་འགལ་འདུ།

       གློག་བརྙན་འདིའི་བརྗོད་སྙིང་ནི་ལྷ་དང་བླ་མའི་བཀའ་ལུང་ཁོ་ན་ཚད་མ་རུ་འཛིན་པའི་བོད་པའི་གདོད་མའི་གཤིས་ལུགས་སམ་ཡུལ་སྲོལ་གོམས་གཤིས་དད་མོས་སོགས་ཀྱིས་བཅིངས་པའི་མི་རབས་ཤིག་དང་།  དེང་རབས་དངོས་གཙོ་སྨྲ་བའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་པའི་མི་རབས་གཉིས་བར་གྱི་བསམ་བློའི་འགལ་འདུ་དག་བརྗོད་ཡོད་པ་རེད། དཔེར་ན།  ཚྭ་དབོར་ལ་ཆས་རན་པའི་དུས་དེར་རྒན་རབས་ཚོས་བླ་མ་བཙལ་ཏེ།  མོ་རྩིས་བརྒྱབ་པ་དང་གསར་བུ་ཀརྨས་དུས་འགྱངས་བཏང་ན་ཁ་བས་འགྲོ་ལམ་བཀག་འགྲོ་སྙམ་སྟེ།  མོ་རྩིས་སྣང་མེད་བཏང་ནས་གསར་བུ་གཞན་རྣམས་ཁྲིད་ནས་སྔོན་དུ་ཐོན།  གཞན་ཡང་གྲོང་པའི་གཞོན་ནུ་ཚོས་མཉམ་དུ་རུག་ནས་སོག་རུས་ལ་མདའ་རྩེད་བྱས་ཤིང་།  དེ་དཀྱིལ་ནས་འཕེག་ཐུབ་ན་གནོད་འདྲེ་བསྒྲལ་ཐུབ་པའི་རྟེན་འབྲེལ་བརྩིས་ནས་ཁོ་རང་གི་བྱིས་པ་ནད་ལས་གྲོལ་བའི་ཡིད་ཆེས་བྱས།   འོན་ཏེ་ཀརྨས་བྱིས་པ་མྱུར་དུ་སྨན་པར་བསྟེན་དགོས་པ་ལས་འདིས་ཅི་ཡང་མི་ཕན་ཚུལ་བཤད་པ་འདི་དག་གིས་མཚོན་ཐུབ།   ཟུར་གཞན་ཞིག་ནས་གློག་བརྙན་འདིས་གནའ་དུས་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་སྲོལ་རྒྱུན་གྱི་ལྟ་བ་ཞིག་སྟེ།  རྒྱལ་སྲིད་ཁྱིམ་རྒྱུད་ཀྱིས་བཟུང་བའི་ལྟ་གྲུབ་ལ་དགག་རྒྱག་དང་དོགས་འདྲི་བྱས་ཡོད།  དཔེར་ན།  འཕྲིན་ལས་ཀྱིས་ཀརྨ་རུ་དཔོན་དུ་བསྡད་ན་བློ་འབབ་མེད་པར་ཨུ་ཚུགས་ཀྱིས་ཁོ་རང་གིས་ཚྭ་དབོར་འདྲེན་བྱས་པ་དང་རང་གི་ཚ་བོ་ལ་མ་འོངས་པར་རུ་དཔོན་བྱ་དགོས་པའི་སློབ་གསོ་བརྒྱབ་པ་ལྟ་བུ་རེད།

         གློག་བརྙན་འདི་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་མཇུག་ཏུ་འཁྲབ་པ་ཞིག་རེད།   སྐབས་དེར་འཛམ་གླིང་གང་སར་བསམ་བློ་གསར་རྙིང་བར་ལ་གདོང་ཐུག་ཤོར་བའི་དུས་ཚོད་ཅིག་རེད།  བོད་ལ་མཚོན་ན་ཡང་བསམ་བློ་གསར་རྙིང་བར་ལ་འགལ་ཟླ་རབ་དང་རིམ་པ་བྱུང་བ་ཡིན་ཏེ།  སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་སྤྲུལ་སྐུ་སོགས་ཀྱིས་མཚོན་བརྩམས་སྒྲུང་དང་རྩོམ་ཡིག་བྲིས་ཏེ།   བསམ་བློ་རྙིང་པའམ་སྲོལ་རྒྱུན་གྱི་ལྟ་གྲུབ་ལ་དགག་རྒྱག་བྱས་ཡོད་ལ།  རྩོམ་པ་པོ་རྒན་རབས་སྐོར་ཞིག་གིས་རང་མོས་སྙན་ངག་ལ་རྐང་ཆག་མ་ཞེས་མིང་ངན་སྣ་ཚོགས་བཏགས་ཏེ།   རྩོམ་རིག་གསར་པར་སྨ་ཕབ་པ་ནི་སྤྱི་བཏང་རྩོམ་རིག་གི་ལྟ་གྲུབ་ཙམ་གྱི་འགལ་ཟླ་མ་ཡིན་པར།  བསམ་བློ་གསར་རྙིང་གཉིས་བར་གྱི་འགལ་འདུ་ཞིག་ཡིན་པ་རེད།   བོད་ལ་མཚོན་ན་བསམ་བློ་གསར་རྙིང་གི་འགལ་འདུ་བར་གྱི་འཐབ་རྩོད་འདི་ཡུན་རིང་ཞིག་ལ་མཇུག་སྒྲིལ་དཀའ་བ་ཡིན་ཏེ།  དགེ་ཆོས་དང་ལུང་ཤར་རྡོ་རྗེ་ཚེ་རྒྱལ་སོགས་ནས་དབུ་བཟུང་ད་ལྟའི་བར་དུ་འདིའི་གནད་དོན་མཇུག་སྒྲིལ་མེད་ལ།   བོད་ཀྱི་ས་གནས་འགར་དེང་སང་ལྷག་ཏུ་འདིའི་ཐད་ནས་རྩོད་པ་འབྱུང་བཞིན་ཡོད།   འོན་ཏེ་རྩོད་པ་འདི་རྡོ་དང་དབྱུག་པའི་རྩོད་པ་ཞིག་དང་ས་རྩོད་ཆུ་རྩོད་ལྟ་བུ་སྐྱེ་འཇིགས་པ་ཞིག་མ་ཡིན་པར་ཤེས་རབ་དང་བསམ་བློའི་བར་གྱི་རྩོད་པ་ཞིག་ཡིན་པས་དགེ་མཚན་ཧ་ཅང་ཆེའོ།།  

         འོན་ཏེ་བོད་ཀྱི་བསམ་བློ་གསར་རྙིང་གི་རྩོད་པའི་ཁྲོད་ནས་མཐའ་གཉིས་སུ་ལྷུང་བའི་ཆ་ཧ་ཅང་མང་སྟེ།  གཞོན་རབས་ཚོས་སྲོལ་རྒྱུན་ལ་གདོན་དུ་ལྟ་བ།  རྒན་རབས་ཚོས་དེང་རབས་ཀྱི་ལྟ་གྲུབ་ལ་གདོན་དུ་ལྟ་བ་གཉིས་ཀྱིས་བསྐྱེད་པའི་མཇུག་འབྲས་ཡ་ང་བ།  བག་ཚ་བ་དུ་མ་ཞིག་བྱུང་ཟིན་པ་དང་འབྱུང་བཞིན་ཡོད།   རྩོད་སྙོག་དེའི་ཁྲོད་སྲོལ་རྒྱུན་གྱི་ལྟ་བས་བསྐྱངས་ནས་ནར་སོན་རུང་ཤེས་ཡོན་གྱིས་དབུལ་བའི་རྒན་རབས་དང་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ནས་དར་སོན་རུང་ཉམས་མྱོང་གིས་དབུལ་བའི་གཞོན་རབས་མང་པོ་ཞིག་ཁ་ཕྱོགས་གསལ་པོ་མེད་པར་གནས་བཞིན་ཡོད།  གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་འཕྲིན་ལས་དང་ཀརྨ་ནི་མི་རབས་འདི་གཉིས་ཀྱི་བསྡུས་གཟུགས་རེད།

1521850262.jpg

གསུམ་པ།  མཐར་ཐུག་གི་བརྗོད་དོན་གང་ཡིན་པ།

   གློག་བརྙན་འདིའི་ཉིང་དགོས་སམ་མཐར་ཐུག་གི་བརྗོད་དོན་ནི་འཁྲབ་ཁྲིད་པས་དེང་རབས་ཀྱི་ལྟ་བ་སྤྱད་དེ་སྲོལ་རྒྱུན་གྱི་ལྟ་གྲུབ་ལ་དོགས་འདྲི་བྱས་ཡོད་རུང་།   རྙིང་པ་ཡོད་ཚད་ནོར་འཁྲུལ་ཁོ་ན་རུ་ལྟ་བའི་བསམ་བློ་ལས་རིང་དུ་གྱེས་ཏེ།   དེ་ལས་ལྡོག་སྟེ་སྲོལ་རྒྱུན་གྱི་ལྟ་གྲུབ་ལ་སློབ་སྦྱོང་བྱ་དགོས་ས་དང་རྒན་རབས་ཀྱི་ཉམས་མྱོང་ནི་ཆེས་ཕུལ་དུ་བྱུང་བའི་སློབ་སྦྱོང་བྱ་ཡུལ་ཞིག་ཡིན་པ་མ་ཟད།   གཞོན་པ་ཚོས་ནམ་ཡང་བསམ་བློ་རྙིང་པ་དང་འདུ་ཤེས་རྙིང་པ་ལ་མཐོང་ཆུང་དང་སྣང་མེད་གཏོང་མི་རུང་པའི་གནས་ལུགས་བསྟན་བཞིན་ཡོད།   དཔེར་ན།  རྒན་པོ་འཕྲིན་ལས་ཀྱིས་རྩིས་ཡིག་གི་དུས་ཚེས་ལྟར་ལམ་ལ་ཆས་ཤིང་།  རང་གི་ཉམས་མྱོང་དང་སྙིང་རུས་ལ་བརྟེན་ནས་ཞག་གསུམ་གྱི་སྔོན་ལམ་དུ་ཆས་པའི་ཀརྨའི་རྗེས་ཟིན་པ་དང་།  གནམ་གཤིས་ཀྱི་འགྱུར་འགྲོས་ལ་བལྟས་ཏེ་ཁ་བ་འབབ་པའི་གནས་ལུགས་རྟོགས་ཏེ།  སྔོན་དུ་ཆས་པས་གངས་རྡིབ་ཀྱི་དཀའ་ངལ་ལས་བརྒལ་ཐུབ་པ་བྱུང་།   དུས་དེར་གཟོད་ཀརྨས་རྒན་པོ་འཕྲིན་ལས་ཀྱི་སྙིང་སྟོབས་དང་ཉམས་མྱོང་ལ་ཧ་ལས་ཤིང་དེ་དག་ལ་ངོས་ལེན་བྱས་པ་ལྟ་བུ་རེད།    ཕྱོགས་གཞན་ཞིག་ནས་རྒན་རབས་ཚོས་ཀྱང་བག་ཆགས་ངན་པར་བསྒྱུར་བཅོས་དང་རང་སྐྱོན་ངོས་ལེན་བྱ་ཐུབ་དགོས་པ་ནི་གལ་ཆེ་བའི་གནས་དོན་ཞིག་ཡིན་པ་བསྟན་ཡོད་དེ།  འཕྲིན་ལས་འཆི་ཁར་རུ་འདྲེན་འགོ་དཔོན་ལ་ཀརྨ་བསྐོས་ཤིང་།  དེ་ལྟར་བྱས་ན་གྲོང་སྡེ་དང་ཁོ་རང་གི་ཁྱིམ་ཚང་ལ་ཕན་ཐོགས་ཡོད་པ་ཤེས་པ་ལྟ་བུ་རེད།  དེས་ན་གློག་བརྙན་འདིས་ལྟ་བ་གསར་རྙིང་གང་གི་ཕྱོགས་སུ་མ་ལྷུང་པར་འདི་གཉིས་ཟུང་དུ་སྦྲིལ་དགོས་པ་བསྟན་པ་ཡིན་ཏེ།  སྲོལ་རྒྱུན་གྱི་ལེགས་ཚོགས་དང་དེང་རབས་ཀྱི་དགེ་མཚན་རྣམས་བསྡུ་ལེན་བྱས་ན་གཟོད་ཡང་དག་པའི་ལམ་ལུགས་དེ་ཆགས་ཐུབ་པ་བསྟན་པ་ཡིན། དེར་བརྟེན་ཁོ་བོས་བསམ་ན་གློག་བརྙན་འདིས་དེང་གི་བོད་པའི་སྤྱི་ཚོགས་ལ་སློབ་སྟོན་གལ་ཆེན་ཞིག་བྱས་ཡོད་པ་རེད་སྙམ་མོ།།

རྩོམ་པ་པོ།  གཙུག་གཤེན་རྒྱལ་མཚན།

612295227.jpg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།