གློག་བརྙན་འོས་སྦྱོར། ཐང་སྟོང་གི་འཚོ་གནས།【荒野生存】

ཁག་གསུམ་པ།༼མུ་འགོད།༽

                                         དཀར་མཛེས། བཞོ་ལུང་།

817839962.jpg

       དངོས་བྱུང་གློག་བརྙན༼ཐང་སྟོང་གི་འཚོ་གནས ༽ཞེས་པ་འདི་ནི་1992ལོའི་ཁུ་ལེས་སི་ཡི་དངོས་བྱུང་གཏམ་རྒྱུད་གཞིར་བཞག་ནས་རྩོམ་པ་པོ་གྲགས་ཅན་*“ཁཱི་ལེའེ་ཁོའོར”གྱི་བརྩམས་སྒྲུང་གློག་བརྙན་དུ་བཅོས་པ་ཞིག་རེད།  རིང་ཚང་སྐར་མ་148ཅན་གྱི་གློག་བརྙན་འདི2007ལོར་དངོས་སུ་ཨ་རི་ནས་ཤར་གཏོང་བྱས་པ་དང་།  འདི་ལ་དངོས་མཚོན་གློག་བརྙན་ཞེས་པའི་བྱ་དགའ་ཆེ་གྲས་ཀྱང་གནང་པ་རེད།

145966068.jpg

        སློབ་ཆེན་མཐར་ཕྱིན་པའི་ཁུ་ལེས་སི་ནི་ཁྱིམ་ཚང་འབྱོར་ཕྱུག་ལྡན་པའི་བུ་ཕྲུག་ཅིག་ཡིན་ཀྱང་། ཁོའི་འདོད་པ་ནི་ཕ་མ་གཉིས་ཀྱིས་བཤད་པ་བཞིན་རླངས་འཁོར་ལེགས་པོ་ཞིག་ཉོས་ནས་འཚོ་བ་རྒྱས་སྤྲོས་ཅན་ཞིག་རོལ་རྒྱུ་དེ་མ་ཡིན་པར། རང་གི་གསོག་ཉར་གྱི་དངུལ་ལོར་དག་དགེ་སྒྲུབ་ལས་ཁུངས་ལ་ཞལ་འདེབས་སུ་ཕུལ་རྗེས། རང་གི་ཕུགས་བསམ་ཁྲོད་ཀྱི་རང་དབང་འཚོལ་བསྙེག་གི་ལམ་དུ་ཞུགས།  ཁེར་རྐྱང་གི་འཁྱམ་བསྐྱོད་ཐེངས་ཤིག་བྱ་རྒྱུ་དེ་ནི་ཁོའི་བསམ་འདུན་ཉག་གཅིག་རེད། ཚན་རིག་ལག་རྩལ་གོང་དུ་འཕེལ་ཞིང་མིའི་རིགས་དེང་རབས་ཚན་རྩལ་གྱི་རྗེས་སུ་སྙེག་བཞིན་ཡོད་ཀྱང་མིའི་ནང་སེམས་ཀྱི་བདེ་སྐྱིད་ནི་གདོད་མིའི་མི་དང་བསྡུར་ཐབས་མེད་དེ། གདོད་མིའི་མི་དག་གིས་རང་བྱུང་གི་ཟས་མལ་ལོངས་སུ་སྤྱད་ཅིང་རང་བྱུང་དང་གཞི་གཅིག་ཏུ་འདྲེས་ཡོད།  གློག་བརྙན་ནང་གི་ཁུ་ལེས་ཟི་ཡང་དེ་ལས་མ་འདས་ཏེ།   ཁོ་རྙོག་འཛིང་དང་འདུ་འཛིའི་ཁེངས་པའི་སྤྱི་ཚོགས། རྒྱ་རུ་ཚུད་པའི་སྒྲིག་ལམ་ཅན་གྱི་ཚོགས་སྡེ་ཡོད་ཚད་དང་རིང་དུ་གྱེས་ནས་མཐའ་མེད་པའི་རྒྱ་མཚོ་དང་། རང་བྱུང་གི་རི་ལུང་ཐང་གསུམ།  སྨྲ་བ་མེད་པའི་སྲོག་ཆགས་དག་དང་མཉམ་གནས་བྱས་པ་མ་ཟད། ལྷད་མེད་རང་བྱུང་དང་གཞི་གཅིག་ཏུའང་འདྲིས་པ་རེད།   

648563812.jpg

      ཁོའི་ཕ་མ་དང་རང་གི་ཆུང་མར་འཕྲིན་ཡིག་གང་མང་བྲིས་ནས་བསྐུར་ནའང་། རང་ཉིད་འགྲོ་སྡོད་ཀྱི་གནས་མི་གཅིག་གིས་ཀྱང་ཤེས་མི་ཐུབ་པ་བྱས། ཁོ་ལ་དཀའ་ངལ་དང་རྐྱེན་སྣ་ཚོགས་པ་འཕྲད་ཀྱང་།  ནང་སེམས་ཀྱི་བདེ་སྐྱིད་ནི་གཞན་དང་བསྡུར་ཐབས་མེད། འདི་ལས་ཤེས་པ་ནི་ང་ཚོས་རང་གི་དད་མོས་དང་ཕུགས་བསམ་ཀྱི་ཆེད་དུ་ལུས་སེམས་འབུལ་ཐུབ་ན་དཀའ་ངལ་ནི་དཀའ་ངལ་ཞིག་མིན་པ་འདྲ་སྟེ། གནས་ལུགས་འདི་ཁུ་ལེས་སི་ནས་ང་ཚོར་བཤད་པ་མ་ཡིན་ནམ། ལམ་ནས་འཕྲད་ཅིང་ལམ་ནས་བསྐྱུར་དགོས་པའི་གྲོགས་པོ་དེ་དག་ལ་ཡང་འཕྲིན་ཡིག་རེ་ཟུང་བྲིས་པ་ལས་ཁོ་རང་གཏན་དུ་འཚོ་བ་གཅིག་ལ་གོམས་མཁན་ཞིག་མིན་པ་འདྲ།   མཇུག་མཐར་ཁོ་རང་ཨ་རིའི་བྱང་རྒྱུད་ཀྱི་ཨ་ལ་སྲི་ཁའི་ནགས་ཚལ་དུ་ཁེར་འཁྱམ་བྱས་པ་རེད།   ཁུ་ལེས་སི་ཡིས་བདེ་སྐྱིད་ལ་བཟུང་བའི་ལྟ་ཚུལ་ནི་མི་དང་མིའི་བར་གྱི་འབྲེལ་འདྲིས་ཁོ་ནའི་སྟེང་དུ་ཡོད་པར་མི་འདོད་དེ། རང་བྱུང་གི་བྱ་དངོས་ཡོད་ཚད་ཀྱིས་ཁོ་ལ་བདེ་སྐྱིད་ཀྱི་མྱོང་བ་དངོས་ཤིག་སྤྲོད་ཀྱི་ཡོད་པས་སོ།། མཐའ་ན་ཁོས་གྲོགས་པོ་ཉུང་ཤས་ཡོད་པ་ལ་སྐད་ཆ་འདི་ལྟར་བཤད་ཡོད་དེ་“ང་ལ་དངུལ་ལོར་མི་དགོས། དངུལ་ལོར་གྱིས་མི་ལ་སྐྲག་སྣང་སྟེར”ཞེས་པ་དང་ཡང་ན“གལ་ཏེ་ཁྱོད་ལ་ཅི་ཞིག་དགོས་ན་སྤོབས་པ་ཆེན་པོས་བརྩོན་ལེན་དང་དམ་འཛིན་བྱེད་དགོས།”ཞེས་བཤད་ཡོད།

1199696856.jpg

      “ང་རང་ལྗོངས་རྒྱུར་དགའ།  ཡིན་ཡང་དམིགས་ཡུལ་གྱི་སར་ཐོན་པར་མི་དགའ”ཞེས་ཨེན་དབྱིན་སི་ཐན་གྱིས་གདམས་མྱོང་བ་ལྟར།    ཁི་ལེས་སི་ཡིས་རྔོན་པའི་རླངས་འཁོར་ནས་ཟླ་ཁ་ཤས་ལ་འཚོ་བ་བསྐྱལ་མཐར་ཁོས་ཉེན་མཆོང་གི་འདུ་ཤེས་དང་ཧོལ་རྒྱུག་གི་བྱ་སྤྱོད་ཀྱིས་མཐར་ཟས་དུག་གིས་རང་ཉིད་འཆི་ལམ་དུ་བརྫངས།   འོན་ཀྱང་ཁོའི་ཉི་མ་རེ་རེའི་འཚོ་བ་དང་མཐོང་ཐོས་ཐོ་རུ་བཀོད་པ་དང་།  གྲོགས་པོ་རེ་ཟུང་ཡོད་པ་ལ་འཕྲིན་ཡིག་བཏང་བ་དག་ནི་ད་དུང་ཡང་གནས་ཡོད་དེ།   པར་འདི་ནི་ཁོ་འདས་ནས་གཟའ་འཁོར་གཉིས་ཀྱི་རྗེས་ནས་གསར་དུ་རྙེད་ཅིང་། ཁོའི་པར་ཆས་ནས་བཏོན་པའི་པར་རིས་མཐའ་མ་དེ་རེད།   ད་དུང་ཁོས་ཤིང་བྱང་ཞིག་གི་སྟེང་འདི་ལྟར་བཀོད་ཡོད་དེ་“ངས་སྤྲོ་སྣང་ལྡན་པའི་ངང་ཚེ་གང་བསྐྱལ་བ་དང་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བདེ་མོ། དཀོན་མཆོག་གིས་མི་ཚང་མར་མགོན་སྐྱབས་གནང་བར་སྨོན།”ཞེས་བྲིས་ཡོད། འདི་ཡིས་ཁོ་རང་གི་ཆེས་མཐའ་མའི་བསམ་འདུན་ཨ་ལ་སྲི་ཁའི་ནགས་ཚལ་ནས་ཕྱིར་ལོག་རྒྱུའི་རེ་བ་དེ་འགྲུབ་མེད་ཀྱང་།    ཁོའི་ནང་སེམས་ཀྱི་བདེ་སྐྱིད་དང་།   ཕུགས་བསམ་འཚོལ་བསྙེགས་ཀྱི་འདུན་པ་ནི་སྔར་བཞིན་ཉམས་པ་མེད་པར་མི་ཚེ་སྤྲོ་སྣང་གིས་བསྐྱལ་ཡོད་པར་ཁ་མཚོན་གཅོད་ཐུབ།

972538911.jpg

མཇུག་ཏུ་ཁུ་ལེས་སི་ཡིས་རོ་ནོ་དྷི་ལ་བསྐུར་བའི་འཕྲིན་ཡིག་མཐའ་མ་དེ་བཀོད་ཡོད། འཕྲིན་ཡིག་འདི་བསྒྱུར་མཁན་ནི་གྲོགས་རི་སྤྱང་ཡིན། 

     འཕྲིན་ཡིག་བཀླག་གནས།  http://m.weibo.cn/status/4990961965072703?
     གློག་བརྙན་བལྟ་སའི་སྦྲེལ་ཐག  https://mp.weixin.qq.com/s/UHADqo1o89fBXnKEizno-g


མཆན།
*༡ 科莱考尔(Jon Krakauer)  ཨ་རིའི་རྩོམ་པ་པོ། རྒྱལ་ཁབ་རིབ་པའི་དུས་དེབ་སོགས་ཀྱི་བྱ་དགའ་རག་མྱོང་མཁན་ཞིག   
*༢ 我喜欢旅行,但不喜欢到达目的地。____爱因斯坦

དཔྱད་མཆན་ཡོད།