གློག་བརྙན«རིགས་སད་ལྷ་མོ»ཕབ་སྐྲུན་བདེ་ལེགས་གིས་མཇུག་བསྒྲིལ།

  ནང་བསྟན་གློག་བརྙན«རིགས་སད་ལྷ་མོ»ནི་གྲྭ་བཙུན་འཁྲབ་ཁྲིད་པ་རབ་སྒང་ཆོས་དར་རྒྱ་མཚོས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན་ལ། འདི་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་བརྩམས་ཆོས་བཞི་བ་དེ་ཡིན་འདུག

འཁྲབ་ཁྲིད་པ། རབ་སྒང་ཆོས་དར་རྒྱ་མཚོ།

  གློག་བརྙན་འདིར་ཆེས་སྤྱིར་བཏང་གི་ཁྱིམ་ཚང་ཞིག་གི་འཚོ་བ་བརྒྱུད། འཇིག་རྟེན་འཁོར་བའི་འདོད་ཆགས་ཞེ་སྡང་གཏི་མུག་དང་། སྐྱེ་རྒ་ན་འཆི་ལས་གློག་བརྙན་གྱི་གཏམ་རྒྱུད་ལ་སྲོག་ཤིང་བསྐྲུན་ཏེ། མོ་ལོ་ཉི་ཤུའི་ལང་ཚོ་གསར་དུ་ཁ་གང་བའི་བུ་མོ་ཞིག་གིས་ཁྱིམ་འཁོར་བ་བློས་བཏང་ནས་རབ་བྱུང་སྒྲུབ་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།

  གློག་བརྙན་འདི་ནི་སྤྱི་ལོ༢༠༡༩ལོའི་སྤྱི་ཟླ༨ཚེས༢༡ཉིན་འབའ་ལྷ་སྒང་མི་ཉག་དགོན་ཆེན་ནས་དངོས་སུ་ཕབ་སྐྲུན་གྱི་མཛད་སྒོ་ཕྱེས་ཤིང་། ལྷ་སྒང་གྲོང་བརྡལ་དང་ར་རྔ་ཁ་གྲོང་བརྡལ་སོགས་སུ་ཉིན་བཅོ་ལྔ་ལྷག་གི་རིང་ལ་ཕབ་སྐྲུན་བྱས་ཏེ་བདེ་ལེགས་གིས་མཇུག་བསྒྲིལ། ད་ལྟ་སྒྲིག་སྦྱོར་གྱི་རིམ་པར་སླེབས་ཡོད།

  གློག་བརྙན་འདི་ནི་སི་ཁྲོན་ཕོ་བྲང་དམར་པོ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་བརྙན་ཕབ་དང་སྒྲིག་སྦྱོར་གྱི་འགན་ཁུར་ཡོད་ལ། འདི་ནི་འཁྲབ་ཁྲིད་པ་ཁོང་དང་ཐེངས་གཉིས་པར་མཉམ་འབྲེལ་བྱས་པ་དེ་ཡིན་འདུགལོ་སྔོན་མའི་ནང་དུའང་འཁྲབ་ཁྲིད་པ་ཁོང་གི་དངོས་བཤུས་གློག་བརྙན«ཀ་མ་ལ»ཞེས་པར་ཕོ་བྲང་དམར་པོ་ཚང་གིས་བརྙན་ཕབ་དང་སྒྲིག་སྦྱོར་གྱི་འགན་ཁུར་བ་ཡིན་འདུག

དཔྱད་མཆན་ཡོད།